ཧྲུའུ་ལན་གྲོང་ཁྱེར།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2020-03-04 16:00ལ་འགྲུབ།

ཧྲུའུ་ལན་གྲོང་ཁྱེར།

ཧྲུའུ་ལན་གྲོང་ཁྱེར།
ཧྲུའུ་ལན་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་གྱི་དབུས་བྱང་རྒྱུད་དུ་གནས་ཤིང་། ས་ཁམས་གནས་ཚད་འཕྲེད་ཐིག་བྱང་མའི43°51′-44°38′དང་། གཞུང་ཐིག་ཤར་མའི126°24′-127°45′ཡིན། ཅི་ལིན་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་ཞིང་། ཅི་ལིན་གྲོང་ཁྱེར་ལ་མངགས་བཅོལ་བྱས་ཏེ་དོ་དམ་བྱེད་ཀྱི་ཡོད། ལྷོ་ནི་ཅི་ལིན་གྲོང་ཁྱེར་ལུང་ཐན་ཆུས་དང་ཅའོ་ཧུ་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ཞིང་། ནུབ་ཏུ་སུང་ཧྭ་ཅང་གཙང་པོ་དང་ཅིའུ་ཐའེ་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་ཡོད། བྱང་ཤར་དུ་ཧེ་ལུང་ཅང་ཞིང་ཆེན་ཝུའུ་ཁྲང་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི105དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི77ཡོད། སྤྱིའི་རྒྱ་ཁྱོན་ཀྱིས་སྟོང་སྨི་གྲུ་བཞི་མ4557.05ཟིན་ཡོད། སྤྱིའི་མི་འབོར་ཁྲི65.6(སྤྱི་ལོ2012ལོར)ཡོད་པ་དང་དེའི་ཁོངས་སུ་ཁྲོམ་གཞུང5དང་། གྲོང་རྡལ10 ཤང5 ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད། སྤྱི་ལོ2012ལོར་ཧྲུའུ་ལན་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར185.5མངོན་འགྱུར་བྱུང་ཡོད། ཁག་དང་པོའི་རྒྱལ་ཁབ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་ཁུལ། སྤྱི་ལོ2018ལོའི་ཟླ9པར། ཐེངས་བཅུ་དྲུག་པའི་ཀྲུང་གོའི་རྒྱལ་སྤྱིའི་འབྲུ་སྣུམ་ཐོན་རྫས་དང་སྒྲིག་ཆས་ལག་རྩལ་འགྲེམས་སྟོན་ཚོང་འདུས་ཐོག་ཧྲུའུ་ལན་ལ་ཀྲུང་གོའི་འབྲས་ཀྱི་ཕ་ཡུལ་གྱི་མཚན་སྙན་གནང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
舒兰市
དབྱིན་ཡིག་གི་མིང་།
Shulan
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
སྦྲག་སྲིད་ཨང་རྟགས།
132600
རླངས་འཁོར་ཚབ་ཨང་།
吉B
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4557.05ཡོད།
མི་གྲངས།
ཁྲི62.8(སྤྱི་ལོ2016ལོར)ཡོད།
ནམ་ཟླ།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
220283
མེ་འཁོར་འབབ་ཚུགས།
ཧྲུའུ་ལན་འབབ་ཚུགས།
མངའ་ཁོངས།
ཁྲོམ་གཞུང5དང་གྲོང་རྡལ10 ཡུལ་ཚོ10ཡོད།
ཡུལ་སྐད།
བྱང་ཤར་སྐད།
གནས་ཡུལ།
ཅི་ལིན་ཞིང་ཆེན་གྱི་བྱང་རྒྱུད།
1 ལོ་རྒྱུས་འཕེལ་རིམ།

རྡོ་ཆས་གསར་པའི་དུས་རབས་ནི་ནུབ་རིའི་རིག་གནས་ཁུལ་དུ་གཏོགས།

ཞ་དང་། ཧྲང་། ཀྲུའུ། ཆིན་རྒྱལ་རབས་ཀྱི་སྐབས་སུ་སུའུ་ཐེན་རིགས་ཀྱི་སྡོད་གནས་ཡིན།

ལྷོ་བྱང་རྒྱལ་རབས་དང་སུའེ་རྒྱལ་རབས་ཀྱི་སྐབངས་སུ་ཝུའུ་ཅུ་སུའུ་ཡི་དུས་མཇུག་གི་མངའ་ཁོངས་ས་ཁུལ་ཡིན།

ཆིན་རྒྱལ་རབས་ཀྱི་སྐབས་སུ་ཁྲུང་ཏེ་ཁྲི་ལོ་དང་པོ་ནས་ཧྲུན་ཀྲི་བར་གྱི་ལོ་བཅུའི(སྤྱི་ལོ1636ལོ་ནས་སྤྱི་ལོ1654ལོའི་བར)རིང་ཧྲིན་ཅིན་གྱི་ཁོངས་གཏོགས་ས་ཆ་ཡིན།  ཧྲུན་ཀྲི་ཁྲི་ལོ་བཅུ་གཅིག་པ་ནས་ཁང་ཞི་ཁྲི་ལོ་བཅོ་ལྔ་པའི་བར(སྤྱི་ལོ1655ལོ་ནས་སྤྱི་ལོ1677ལོའི་བར)ནི་དམག་དཔོན་ཆེན་མོ་ཉིང་ཀུའུ་ཐ་ཡི་མངའ་འོག་ཏུ་གཏོགས།

ཁང་ཞི་སྲིད་ལོ་བཅོ་ལྔ་ནས་ཉི་ཤུའི་བར(སྤྱི་ལོ1677ལོ་ནས་སྤྱི་ལོ1681ལོའི་བར)ནི་ཅི་ལིན་ཞིང་ཆེན་གྱི་དམག་དཔོན་ཆེན་མོའི་མངའ་འོག་ཏུ་གཏོགས།

ཁང་ཞི་ཁྲི་ལོ་ཉི་ཤུ་ནས་ཀོང་ཞུས་ཁྲི་ལོ་སུམ་ཅུ་སོ་གསུམ་པའི་བར(སྤྱི་ལོ1681ལོ་ནས་སྤྱི་ལོ1907ལོའི་བར)ནི་སྔ་རྗེས་སུ་ཀུའུ་ཝུའུ་ལའི་སྤྱི་ཁྱབ་ཡ་མོན་དང་། ཡུང་ཅི་ཀྲོའུ། ཅི་ལིན་ཐིན་བཅས་ཀྱི་མངའ་ཁོངས་ས་ཁུལ་ཡིན།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)ལམ་ལུགས་མེད་པར་བཟོས་ནས་ཅི་ལིན་ཞིང་ཆེན་ཀྱི་ཐད་གཏོགས་ས་ཁུལ་དུ་བསྒྱུར།

མིན་གོའི་སྲིད་ལོ་ཉེར་གཉིས་པར(སྤྱི་ལོ1933ལོར)རྫོང་གི་ལམ་ལུགས་སུ་བསྒྱུར་བཅོས་བྱས་པ་དང་། ཧྲུའུ་ལན་རྫོང་སྲིད་གཞུང་གི་མིང་དེ་རྫོང་ཀུང་ཧྲུའུ་ཞེས་པར་བསྒྱུར། མིན་གོའི་སྲིད་ལོ་སུམ་ཅུ་སོ་ལྔ་པའི(སྤྱི་ལོ1946ལོའི)ཟླ7པར་ཅི་པེ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ7ཚེས15ཉིན། ཅི་པེ་ཀྲོན་མེད་པར་བྱས་ཏེ་ཅི་ལིན་ཞིང་ཆེན་གྱི་ཐད་གཏོགས་ཁོངས་སུ་གཏོགས་པར་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ1958ལོའི་ཟླ9བའི་ཚེས27ཉིན་ཅི་ལིན་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1966ལོའི་ཟླ2པར་ཡུང་ཅི་ཀྲོན་ཧྲུའུ་ཡི་མངའ་འོག་ཏུ་གཏོགས།

སྤྱི་ལོ1992ལོའི་ཟླ10པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྲུའུ་ལན་རྫོང་གིས་ཧྲུའུ་ལན་རྫོང(རྫོང་རིམ་པ)ཕྱིར་འཐེན་བྱས་ནས་ཧྲུའུ་ལན་གྲོང་ཁྱེར་བཙུགས་ནས་ཞིང་ཆེན་གྱི་ཐད་སྐྱོང་བྱས།

སྤྱི་ལོ1992ལོའི་ཟླ11པའི་ཚེས2ཉིན། ཅི་ལིན་ཞིང་ཆེན་སྲིད་གཞུང་གིས་ཧྲུའུ་ལན་གྲོང་ཁྱེར་དུ་བཙུགས་རྗེས། གནས་སྐབས་སུ་ཅི་ལིན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་དགོས་པའི་བརྡ་སྦྱོར་བཏང་།

སྤྱི་ལོ1996ལོར་ཧྲུའུ་ལན་གྲོང་ཁྱེར་ལ་ཁོངས་གཏོགས་ཀྱི་ཁྲོམ་གཞུང5དང་། གྲོང་རྡལ8  ཤང13བཅས་ཡོད་པ་སྟེ། པེ་ཁྲེང་ཁྲོམ་གཞུང་དང་། ནན་ཁྲེང་ཁྲོམ་གཞུང་། ཧོན་ཁྲེང་ཁྲོམ་གཞུང་། ཅི་ཧྲུའུ་ཁྲོམ་གཞུང་། པའེ་ཆི་གྲོང་རྡལ། ཁྲའོ་དབྱང་གྲོང་རྡལ། ཧྲང་དབྱིང་གྲོང་རྡལ། ཧྲུའེ་ཆུས་ལིའུ་གྲོང་རྡལ། ཕིང་ཨན་གྲོང་རྡལ། ཤིས་ཧོ་གྲོང་རྡལ། ཅིན་མ་ཤང་། ཧྥེང་ཧོང་ཤང་། ཆི་ལི་ཤང་། ཆིང་སུང་ཤང་། ལེང་ཅ་ཤང་། ཐེན་ཏེ་ཤང་། ཆིང་ཧྥུང་ཤང་། ཁའེ་ཡོན་ཤང་། ཤིན་ཨན་ཤང་། ཡུས་ཧྲུའུ་ཅའོ་ཤང་། ཨེར་ཏའོ་ཤང་བཅས་ཡིན།

སྤྱི་ལོ1998ལོའི་ཟླ10པར། ནན་ཁྲེང་ཁྲོམ་གཞུང་ནས་ཐེ་ཉིང་དང་། ཐེ་མིན། ཐེ་ཞོན། ཐེ་ཧྲུའུ་སོགས་སྡོད་དམངས་ཨུ་ཡོན་ལྷན་ཁང་གིས་མཉམ་དུ་ཐེ་ཏུང་ཁྲོམ་གཞུང་བཙུགས།

སྤྱི་ལོ2001ལོར། ཡུས་ཧྲུའུ་ཀོའུ་ཤང་མེད་པར་བཟོས་ནས་དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་ཞིན་ཨན་ཞང་གི་མངའ་འོག་ཏུ་བཅུག་པ་དང་། ཞིན་ཨན་ཞང་སྲིད་གཞུང་གི་སྡོད་གནས་བསྒྱུར་བཅོས་བྱས་མེད། ཧྥང་ཧོང་ཤང་མེད་པར་བཟོས་ནས་དེའི་ཁོངས་སུ་གཏོགས་པའི་སྲིད་འཛིན་ས་ཁོངས་ཆི་ལི་ཤང་གི་མངའ་འོག་ཏུ་བཅུག་ཅིང་། ལི་ཆི་ཤང་སྲིད་གཞུང་གི་སྡོད་གནས་བསྒྱུར་བཅོས་བྱས་མེད།

སྤྱི་ལོ2003ལོའི་ལོ་མཇུག་ཏུ། ཧྲུའུ་ལན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང4དང་། གྲོང་རྡལ10  ཤང9བཅས་ཡོད་པ་སྟེ། པེ་ཁྲེང་ཁྲོམ་གཞུང་དང་། ནན་ཁྲེང་ཁྲོམ་གཞུང་། གྲོང་སྐོར་ཁྲོམ་གཞུང་། ཅི་ཧྲུའུ་ཁྲོམ་གཞུང་། པེ་ཆི་གྲོང་རྡལ། ཁྲའོ་དབྱང་གྲོང་རྡལ། ཁའེ་ཡོན་གྲོང་རྡལ། ཧྲང་དབྱིང་གྲོང་རྡལ། ཧྲུའེ་ཆུས་ལིའུ་གྲོང་རྡལ། དུས་བདེའི་གྲོང་རྡལ། ཧྥ་ཐེ་གྲོང་རྡལ། ཤིས་ཧོ་གྲོང་རྡལ། གྲོང་རྡལ་ཆུང་གྲས། ཅིན་མ་གྲོང་རྡལ། ཆི་ལི་ཤང་། ཆིང་སུང་ཤང་། ལན་ལེན་ཤང་། ལེང་ཅ་ཧྲན་ཤང་། ཐེན་ཏེ་ཤང་། ཆིང་ཕུང་ཤང་། ཤིན་ཨན་ཤང་། ཧྲུའུ་ཅི་ཤང་། ཨར་ཏའོ་ཧོ་ཙེ་ཤང་། བཟོ་ལས་ཁུལ1བཅས་ཡིན། ཁྱོན་བསྡོམས་སྲིད་འཛིན་གྲོང་ཚོ321བཅས་ཡོད།

སྤྱི་ལོ2018ལོར། ཧྲུའུ་ལན་གྲོང་ཁྱེར་ཁོངས་གཏོགས་སུ་ཁྲོམ་གཞུང5ཡོད་པ་སྟེ། པེ་ཁྲེང་ཁྲོམ་གཞུང་དང་། ནན་ཁྲེང་ཁྲོམ་གཞུང་། གྲོང་སྐོར་ཁྲོམ་གཞུང་། པིན་ཧོ་ཁྲོམ་གཞུང་། ཅི་ཧྲུའུ་ཁྲོམ་གཞུང་བཅས་རེད། གྲོང་རྡལ10སྟེ། པའེ་ཆི་གྲོང་རྡལ་དང་། ཁྲའོ་དབྱང་གྲོང་རྡལ། ཧྲང་དབྱིང་གྲོང་རྡལ། ཕིང་ཨན་གྲོང་རྡལ། ཧྲུའེ་ཆུས་ལིའུ་གྲོང་རྡལ། ཧྥ་ཐེ་གྲོང་རྡལ། ཤིས་ཧོ་གྲོང་རྡལ། གྲོང་རྡལ་ཆུང་གྲས། ཁའེ་ཡོན་གྲོང་རྡལ། ཅིན་མ་གྲོང་རྡལ་བཅས་ཡིན་པ་རེད། ཞང་5ལ་ལེན་ཧྭ་ཞང་དང་། ལེང་ཅ་ཧྲན་ཞང་། ཞིན་ཨན་ཞང་། ཆི་ལི་ཞང་། ཐེན་ཏེ་ཞང་བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 ས་དབྱིབས།

ཧྲུའུ་ལན་གྲོང་ཁྱེར་ནི་ཞིང་ཆེན་གཉིས་དང་གྲོང་ཁྱེར་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ལྷོ་ཕྱོགས་སུ་ཡུལ་ལྗོངས་ལྟ་ན་སྡུག་པའི་ཅི་ལིན་གྲོང་ཁྱེར་དང་འབྲེལ་ཞིང་། བྱང་ཕྱོགས་ཧེ་ལུང་ཅང་ཞིང་ཆེན་གྱི་ལྟེ་གནས་ཧར་པིན་གྲོང་ཁྱེར་དང་འབྲེལ། ནུབ་ཕྱོགས་སུ་སུང་ཧྭ་ཅང་གཙང་པོ་དང་ཅི་ལིན་ཞིང་ཆེན་གྱི་ལྟེ་གནས་ཁྲང་ཁྲུན་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་ཡོད། མཐའ་འཁོར་དུ་ཅི་ལིན་ཞིང་ཆེན་གྱི་ཅའོ་ཧུ་གྲོང་ཁྱེར་དང་ཅིའུ་ཐའེ་གྲོང་ཁྱེར། ཡུས་ཧྲུའུ་གྲོང་ཁྱེར། ཧེ་ལུང་ཅང་ཞིང་ཆེན་གྱི་ཝུའུ་ཁྲང་གྲོང་ཁྱེར་བཅས་ཀྱི་ས་མཚམས་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལསྟོང་སྨི་གྲུ་མ4557.05ཡོད་པ་རེད།

ཧྲུའུ་ལན་གྲོང་ཁྱེར་ནི་ཁྲང་པའེ་རི་ཁུལ་ནས་སུང་ལིའོ་བདེ་ཐང་གི་བར་བརྒལ་ས་ཁུལ་དུ་གནས་པ་དང་། ས་དབྱིབས་རྙོག་འཛིང་ཆེ་ཞིང་སྤྱིར་བཏང་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི170~220ཡོད།

3_2 ནམ་ཟླ།

ཧྲུའུ་ལན་གྲོང་ཁྱེར་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། ལོ་རེར་ཆ་སྙོམས་དྲོད་ཚད4.3℃ཟིན་པ་དང་། ལོ་རེའི་ཆ་སྙོམས་ཆར་བ་འབབ་ཚད་ཧའོ་སྨི683ཡིན། ལོ་རེར་སད་མེད་དུས་ཉིན140ཟིན། ལོ་རེར་སད་རྒྱག་པའི་དུས་ཚོད་ཉིན225ཟིན་པ། རླུང་གཙོ་བོ་ལྷོ་ཕྱོགས་སུ་རླུང་ལྡང་ཚད19%ཟིན་པ་བཅས་ཡིན།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཧྲུའུ་ལན་གྲོང་ཁྱེར་གྱི་ཁྱིམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི65.6ཟིན་ཡོད་ཅིང་། དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི19.4ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་གྲངས་ལས29.6%བཟུང་བ་དང་། ཞིང་ལས་བའི་མི་འབོར་ཁྲི46.2ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ཀྱི70.4%ཟིན་པ། སྐྱེས་པའི་མི་འབོར་ཁྲི33.4ཟིན་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི50.9%བཟུང་ཡོད། སྐྱེས་མའི་མི་འབོར་ཁྲི32.2ཟིན་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད་ཀྱི49.1%བཟུང་བ། སྤྱི་ལོ2012ལོར་གསར་སྐྱེས་མི་འབོར5767ཡོད་པ་དང་། སྐྱེས་ཚད8.75%ཟིན་ཡོད། སྤྱི་ལོ2012ལོར་ཤི་བའི་མི་འབོར9039དང་ཤི་ཚད13.71%ཟིན་པ། མི་འབོར་རང་ཤུགས་སུ་འཕར་ཚད4.96%ཡིན། སྲིད་ཇུས་ཀྱི་ཕྲུ་གུ་སྐྱེ་ཚད95.1%ཟིན་པ་དང་། ཕྲུ་གུ་སྐྱོན་ཅན་དུ་གྱུར་ཚད་སྟོང་ཆའི2ཟིན་པ། ཕྲུ་གུ་སྐྱེ་བའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད107.8ཟིན་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི62.8ཟིན་ཡོད་ལ། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི17.5ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད་ལས27.9%བཟུང་བ། སྐྱེས་པའི་མི་འབོར་ཁྲི32.1ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི་བསྡུར་ཚད51.1%བཟུང་བ། སྐྱེས་མའི་མི་འབོར་ཁྲི30.8ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི49.0%བཟུང་བ། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར3952ཡོད་པ་དང་སྐྱེས་ཚད6.29%ཟིན་པ། ལོ་ཧྲིལ་པོར་མི5283ཤི་བ་དང་། ཤི་ཚད8.41%ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི0.3ཡིན། སྲིད་ཇུས་ཀྱི་ཕྲུ་གུ་སྐྱེས་ཚད98.8%ཟིན་པ་དང་གསར་སྐྱེས་མི་འབོར་གྱི་ཕོ་མོའི་བསྡུར་ཚད107.7:100ཟིན་ནས་ཕྲུ་གུ་སྐྱེས་ཚད་འོས་འཚམ་ཡིན་རྒྱུ་རྒྱུན་བསྐྱོངས་ཐུབ་ཡོད།

4_2 མི་རིགས།

ཧྲུའུ་ལན་གྲོང་ཁྱེར་གྱི་མི་རིགས་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། གྲངས་ཉུང་མི་རིགས་གཙོ་བོ་ནི་ཁྲའོ་ཞན་རིགས་དང་། མན་ཇུ་རིགས། ཧུའེ་རིགས་བཅས་ཡིན།

5 དཔལ་འབྱོར།

སྤྱི་ལོ2012ལོར་ཧྲུའུ་ལན་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར185.5མངོན་འགྱུར་བྱུང་བ་དེ་སྤྱི་ལོ2011ལོ་ལས16.3%འཕར་བ། (འཕར་ཚད་ནི་འགྱུར་མེད་རིན་གོང་ལྟར་ད་ལྟའི་རིན་གོང་གི14.8%འཕར) དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར52.2ཟིན་ནས2011ལོ་ལས2.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར57.4ཟིན་པ་དེ་སྤྱི་ལོ2011ལོ་ལས36.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར75.9ཟིན་པ་དེ་སྤྱི་ལོ2011ལོ་ལས12.1%འཕར་ཡོད། ཧྲུའུ་ལན་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར28150ཟིན་པ་དེ་སྤྱི་ལོ2011ལོ་ལས15.4%འཕར་ཡོད། ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མའི་གྲུབ་ཆའི་བསྡུར་ཚད་དེ་སྤྱི་ལོ2011ལོའི30.1:28.8:41.1ནས28.1:30.9:41.0བར་འཕེལ་རྒྱས་བྱུང་ཡོད།

སྤྱི་ལོ2016ལོའི་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར203.7ཟིན་པ་དེ་ལོ་སྔོན་མ་ལས7.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར51.5ཟིན་ཞིང་ལོ་སྔོན་མ་ལས6.2%མར་ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར65.9ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར86.3ཟིན་ཞིང་ལོ་སྔོན་མ་ལས7.9%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར32168ཟིན་པ་དེ་ལོ་སྔོན་མ་ལས3.0%འཕར་ཡོད། ཐེངས་པའི་ཐོན་ལས་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་ཐོན་ལས་གྲུབ་ཆའི་བསྡུར་ཚད་ཀྱི་འབྲེལ་བ་དེ་ལོ་སྔོན་མའི28.1:30.9:41.0ནས25.3:32.4:42.3གྱི་བར་འཕེལ་རྒྱས་ཕྱིན་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ཧྲུའུ་ལན་གྲོང་ཁྱེར་གྱིས་འབྲུ་རིགས་ཁ་གསབ་མ་དངུལ་སྒོར་ཁྲི4687བཏང་བ་དང་། ཞིང་སྤྱོད་དངོས་རྫས་ཕྱོགས་བསྡུས་ཁ་གསབ་མ་དངུལ་སྒོར་ཁྲི14470བཏང་། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་གསར་པའི་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི1966བཏང་། ཁྱིམ་སྤྱོད་གློག་ཆས་ཁ་གསབ་མ་དངུལ་སྒོར་ཁྲི561བཏང་བ། རླངས་འཁོར་ཁ་གསབ་དངུལ་སྒོར་ཁྲི127བཏང་བ་ཡིན།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ཧྲུའུ་ལན་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས113ཡོད་པ་དེ་སྤྱི་ལོ2011ལོ་ལས་དུད་ཚང15མང་དུ་ཕྱིན་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར145.6ཟིན་པ་དང་སྤྱི་ལོ2011ལོའི་དུས་མཚུངས་ལས28%འཕར་བ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར39.5ལེགས་གྲུབ་བྱུང་ཞིང་། སྤྱི་ལོ2011ལོའི་དུས་མཚུངས་ལས47.3%འཕར་ཡོད། སྤྱི་ལོ2012ལོའི་ལོ་ཧྲིལ་པོར་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར143.9ཟིན་པ་དེ་སྤྱི་ལོ2011ལོའི་དུས་མཚུངས་ལས26.8%འཕར་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཧྲུའུ་ལན་གྲོང་ཁྱེར་དུ་ལོ་ཧྲིལ་པོར་ཨར་ལས་རྣམ་གྲངས222ཡོད་པའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས191ཡོད་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར140.3བཏང་བ་དེ་སྤྱི་ལོ2011ལོ་ལས23.7%འཕར་ཡོད། རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་ལྟར་དབྱེ་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར11.5བཏང་བ་དེ་སྤྱི་ལོ2011ལོ་ལས90.5%འཕར་བ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར72བཏང་བ་དེ་སྤྱི་ལོ2011ལོ་ལས25%འཕར་བ་དང་། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར56.8བཏང་བ་དེ་སྤྱི་ལོ2011ལོ་ལས13.4%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།