《སྤྱིར་བཏང་གི་འཇིག་རྟེན》སྔ་མའི་པར་གཞི་དེ གདོང་བསོད་ནམས  ནས 2020-03-02 14:59ལ་འགྲུབ།

《སྤྱིར་བཏང་གི་འཇིག་རྟེན》

《སྤྱིར་བཏང་གི་འཇིག་རྟེན》
《སྤྱིར་བཏང་གི་འཇིག་རྟེན》ཞེས་པ་ནི་ཀྲུང་གོའི་རྩོམ་པ་པོ་ལུའུ་ཡའོ་ཡིས་བརྩམས་པའི་ཡིག་འབྲུ་ཁྲི་བརྒྱའི་ཡན་གྱི་བརྩམས་སྒྲུང་རིང་མོ་ཞིག་ཡིན་ལ། འདི་ནི་དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འཚོ་བ་ཁྱོན་ཡོངས་ནས་མཚོན་པའི་ཐུན་མོང་མ་ཡིན་པའི་སྒྲུང་གཏམ་ཞིག་ཀྱང་ཡིན་ཏེ། བརྩམས་ཆོས་འདིར་བསྡོམས་པས་པོད་གསུམ་གྱིས་གྲུབ་ཅིང་སྤྱི་ལོ1986ལོའི་ཟླ12པར་པར་སྐྲུན་ཐེངས་དང་པོ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平凡的世界
རྩོམ་པ་པོ།
ལུའུ་ཡའོ།
པར་སྐྲུན་གྱི་དུས་ཚོད།
སྤྱི་ལོ1986ལོར།
རྩོམ་སྟངས།
སྒྲུང་རིང་།
ཡིག་གྲངས།
1040000
1 ​གསར་རྩོམ་གྱི་རྒྱབ་ལྗོངས། 

《སྤྱིར་བཏང་གི་འཇིག་རྟེན》ཞེས་པ་ནི་སྤྱི་ལོ1975ནས་རྩོམ་འགོ་ཚུགས་ཤིང་། དུས་རབས20པའི་ལོ་རབས80དུས་དཀྱིལ་དང་དུས་མཇུག་གི་རིག་གནས་རྒྱབ་ལྗོངས་ནི་རྩོམ་རིག་གི་བསམ་བློའི་རླབས་རྒྱུན་གསར་བ་སྣ་ཚོགས་རླུང་འཚུབ་སྤྲིན་འཁྲིགས་ལྟར་འཕྱུར་ལ། དེང་རབས་གྲུབ་མཐའ་དང་རྟོག་པ་རང་ཡན་པའི་སྒྲུང་གཏམ་སོགས་ཀྱི་རྩོམ་རིག་གི་འདུ་ཤེས་དར་ཁྱབ་ཆེ་བའི་དུས་སྐབས་ཤིག་ཡིན་ཕྱིར། རྩོམ་རིག་གསར་རྩོམ་གྱི་རྣམ་པ་དང་ཐབས་རྩལ་ཐད་འགྱུར་ལྡོག་གསར་བ་ཡོང་ཅི་ཐབས་བྱེད་པའི་ཚུལ་ཡང་བགྲང་གིས་མི་ལང་། དེ་ལས་ལྡོག་སྟེ་སྲོལ་རྒྱུན་གྱི་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་སྣང་མེད་དུ་བསྐྱུར་མཁན་ཡང་མང་དུ་མཆིས་ཏེ། ཐ་ན་དཔྱད་བརྗོད་པ་ཞིག་གིས་ཀྱང་ལུའུ་ཡའོ་ཡི་བརྩམས་སྒྲུང《མི་ཚེ》ཞེས་པའི་གསར་རྩོམ་བྱེད་ཐབས་ཧ་ཅང་རྗེས་ལུས་ཡིན་པར་འདོད་མོད། འོན་ཀྱང་ལུའུ་ཡའོ་ཡིས་སྔར་བཞིན་བརྩམས་སྒྲུང་དེའི་གསར་རྩོམ་རྒྱུན་བསྐྱངས་ནས་མཐའ་མར་ལེགས་གྲུབ་བྱུང་།

ལོ་ངོ་གསུམ་རིང་གི་སྟ་གོན་དང་། ལོ་ངོ་གསུམ་རིང་གི་གསར་རྩོམ་བརྒྱུད་རིམ་ཁྲོད། ཁོང་གིས་རྩོམ་རིག་གི་མཐོང་རྒྱ་དང་དཔྱད་གཞིའི་ཡིག་རིགས་ཁོང་དུ་ཆུད་ཆེད། དཔེ་དེབ་རིགས་སྣ་མང་པོར་ལྟ་ཀློག་གནང་ཞིང་དེའི་ནང་བརྩམས་སྒྲུང་རིང་མོ་བརྒྱ་ལྷག་བཀླགས་ཚར་བ་དང་། སྔ་རྗེས་སུ་ལོ་བཅུ་ལྷག་འགོར་བའི་ཚགས་པར་དང་འབྲེལ་ཡོད་ཀྱི་དཔེ་དེབ་གཞན་དག་བཀླགས་ཏེ།ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་འཚོ་བ་སྐྱེལ་བ་དང་ཆབས་ཅིག ཁོང་གིས་ད་དུང་སྤྱི་ཚོགས་ཀྱི་རིམ་གྲས་ཁག་ཏུ་འགྲིམས་ནས་འཚོ་བ་སྣ་ཚོགས་ཉམས་སུ་མྱངས་པ་རེད། བརྩམས་སྒྲུང་འདིའི་པོད་དང་པོའི་མ་ཟིན་ནི་དབེན་གནས་སུ་ཆགས་པའི་སོལ་གཏེར་སྨན་ཁང་ཞིག་ནས་འགོ་བརྩམས་པ་ཡིན་ལ། ཁོང་གི་འབོལ་རྩོམ《ཞོགས་པ་ཉིན་གུང་ནས་འགོ་ཚུགས》ཞེས་པའི་རྩོམ་ཡིག་ལས་ཁོང་གིས་རྩོམ་རིག་བྱ་གཞག་ལ་བཅངས་པའི་ཡིད་ཆེས་དང་བློས་གཏོང་གི་རིན་དོད་མངོན་ཐུབ་སྟེ། “གསར་རྩོམ་གྱི་རྣམ་པའི་ནང་ཡོངས་སུ་ཞུགས་ཚེ། ཚོར་བ་ལས་ལུས་པོ་ཧ་ལམ་མི་འདུག་པ་འདྲ་ཞེས་པ་དང་། ཚེ་སྲོག་ནི་བསམ་པའི་རྣམ་པ་རྣལ་མ་ཞིག་ཡིན་པ་དང་། རྒྱུན་ལྡན་གྱི་འཚོ་བ་འཕྲུལ་ཆས་ཀྱི་ངོ་བོ་ཞིག་ཏུ་གྱུར་ཡོད”ཅེས་པ་སོགས་ལས་གསལ་བོར་ཤེས་ཐུབ། པོད་གཉིས་པ་ནི་ས་སེར་མཐོ་སྒང་གི་དབུས་ཁུལ་གྱི་རྫོང་གྲོང་ཆུང་ཆུང་ཞིག་ཏུ་བྲིས་པ་ཞིག་རེད། དེའང་འཚོ་བར་ཆོས་ཉིད་མེད་པའི་དབང་གིས་མཐར་ཁོང་གི་ལུས་ཕུང་གིས་མ་ལྕོགས་པར་ནད་ཀྱིས་མནར་བ་དང་། ཕྱིས་སུ་སྨན་རྫས་བརྒྱ་ལྷག་འཐུང་ནས་ལུས་པོ་ཅུང་ཙམ་སླར་སོས་པ་དེར་བརྟེན་ཏེ། ལོ་ངོ་དུ་མའི་གསར་རྩོམ་གྱི་ཆོད་སེམས་དང་འབད་འབུངས་བརྒྱུད། ཁོང་གིས་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་མུ་མཐུད་དུ་རྩོམ་འབྲིའི་ལས་ལ་ཞུགས། པོད་གསུམ་པའི་མ་ཟིན་དེ་ནི་ཡུས་ལིན་མགྲོན་ཁང་དུ་བྲིས་པ་ཡིན། སྤྱི་ལོ1988ལོའི་ཟླ5པའི་ཚེས25ཉིན། ལུའུ་ཡའོ་ཡིས《སྤྱིར་བཏང་གི་འཇིག་རྟེན》ཞེས་པའི་བརྩམས་སྒྲུང་རིང་མོ་དེའི་གསར་རྩོམ་གྱི་བྱ་བ་དངོས་སུ་ལེགས་གྲུབ་བྱུང་། 

2 བརྩམས་ཆོས་ཀྱི་ནང་དོན་ངོ་སྤྲོད་རགས་བསྡུས།

《སྤྱིར་བཏང་གི་འཇིག་རྟེན》ཞེས་པ་ནི་ཀྲུང་གོའི་རྩོམ་པ་པོ་ལུའུ་ཡའོ་ཡིས་བརྩམས་པའི་ཡིག་འབྲུ་ཁྲི་བརྒྱའི་ཡན་གྱི་བརྩམས་སྒྲུང་རིང་མོ་ཞིག་ཡིན་ལ། འདི་ནི་དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འཚོ་བ་ཁྱོན་ཡོངས་ནས་མཚོན་པའི་ཐུན་མོང་མ་ཡིན་པའི་སྒྲུང་གཏམ་ཞིག་ཀྱང་ཡིན་ཏེ།  བརྩམས་ཆོས་འདིར་བསྡོམས་པས་པོད་གསུམ་གྱིས་གྲུབ་ཅིང་སྤྱི་ལོ1986ལོའི་ཟླ12པར་པར་སྐྲུན་ཐེངས་དང་པོ་བྱས།      

དེབ་དེའི་ནང་ཀྲུང་གོའི་ལོ་རབས70བའི་དུས་དཀྱིལ་ནས་ལོ་རབས80བའི་དུས་དཀྱིལ་གྱི་ལོ་བཅུའི་བར་གྱི་སྤྱི་ཚོགས་འཚོ་བ་རྒྱབ་ལྗོངས་བྱས་ཤིང་། རྙོག་འཛིང་ཆེ་བའི་འགལ་ཐུག་ལ་བརྟེན་ནས་སུན་ཧྲའོ་ཨན་དང་སུན་ཧྲའོ་ཕིང་གཅེན་གཅུང་གཉིས་ལྟེ་བར་བྱས་ཏེ། སྐབས་དེའི་སྤྱི་ཚོགས་ཀྱི་རིམ་གྲས་ཁག་གི་སྤྱིར་བཏང་གི་མི་སྣ་མང་པོའི་སྣང་བརྙན་གསལ་བར་བཀོད་ཡོད་ལ། ངལ་རྩོལ་དང་བརྩེ་དུང་། བར་ཆད་དང་བརྩོན་ལེན། སྡུག་བསྔལ་དང་སྤྲོ་སྐྱིད། རྒྱུན་ལྡན་གྱི་འཚོ་བ་དང་སྤྱི་ཚོགས་ཀྱི་འགལ་བ་ཆེན་པོ་བཅས་སྣ་མང་པོ་ལྷན་གཅིག་ཏུ་བསྲེས་ནས། དུས་རབས་ཆེན་པོའི་ལོ་རྒྱུས་འཕེལ་རིམ་ཁྲོད་བརྒྱུད་མྱོང་བའི་མི་ཕལ་བའི་དཀའ་ཚེགས་དང་ཀྱག་ཀྱོག་གི་ལམ་བུ་གསལ་པོར་བསྟན་ཡོད། སྤྱི་ལོ1991ལོའི་ཟླ3པར། 《སྤྱིར་བཏང་གི་འཇིག་རྟེན》ཞེས་པར་ཀྲུང་གོའི་སྐབས་གསུམ་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པ་དང་། སྤྱི་ལོ2019ལོའི་ཟླ9པའི་ཚེས23ཉིན་བརྩམས་སྒྲུང་དེ“ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་སྒྲུང་རིང་བདུན་ཅུའི་གཞུང་ཉར”གྱི་གྲས་སུ་ཚུད་པ་རེད།

2_1 པོད་དང་པོ། 

སྤྱི་ལོ1975ལོའི་ལོ་འགོར་ཞིང་བ་སུན་ཧྲའོ་ཕིང་ཡོན་ཤིས་རྫོང་གི་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་སྐབས། ཁོའི་སྐྱེས་ཁུངས་མི་བཟང་ཞིང་ཁྱིམ་ཚང་དབུལ་བོ་ཡིན་པས་རང་དམན་གྱི་འདུ་ཤེས་ཤིན་ཏུ་ཆེ་བ་དང་། ཕྱིས་སུ་གནས་བབ་གཅིག་མཚུངས་ཡིན་པའི་ཞིང་བདག་གི་ཁྱིམ་ཚང་དུ་སྐྱེས་པའི་ཧའོ་ཧུང་མའེ་ལ་བརྩེ་བ་ཟབ་མོ་ཆགས་ཤིང་། འཛིན་གྲྭ་གཅིག་ཡིན་པའི་སློབ་གྲོགས་ཧོའུ་ཡུས་དབྱིང་གིས་མི་མང་པོའི་མདུན་དུ་ཁོ་གཉིས་དབར་གྱི་མཛའ་གྲོགས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་རྐྱེན། ཧའོ་ཧུང་མའེ་དང་སུན་ཧྲའོ་ཨན་གཉིས་ཀྱི་འབྲེལ་བ་རིམ་བཞིན་ཇེ་སྡུག་ཏུ་སོང་བ་དང། ཕྱིས་སུ་ཧའོ་ཧུང་མའེ་ཡིས་ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་བཟང་བའི་ཀུའུ་སུང་མིན་དང་དགའ་རོགས་བསྒྲིགས། ཧྲའོ་ཕིང་མཐོ་འབྲིང་ནས་མཐར་ཕྱིན་མ་ཐག  དབུལ་ཞིང་ཕོངས་པའི་ཕ་ཡུལ་དུ་དགེ་རྒན་གྱི་ཕྱག་ལས་གཉེར་བཞིན་ཡོད་ནའང་། ཁོ་ཡིད་ཐང་མ་ཆད་པར་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཐེན་ཧྥུ་ཅུན་གྱི་བུ་མོ་ཐེན་ཞའོ་ཞ་དང་མཉམ་དུ་གྲོགས་པོའི་མཛའ་བརྩེ་ཟབ་མོ་ཆགས་ཏེ། ཁོ་མོའི་རོགས་རམ་འོག་ཕྱི་རོལ་གྱི་འཇིག་རྟེན་གྱི་གནས་ཚུལ་ལ་དོ་ཁུར་བྱེད་འགོ་བརྩམས། ཧྲའོ་ཕིང་གི་གཅེན་པོ་ཧྲའོ་ཨན་གྱིས་རྒྱུན་པར་ཁྱིམ་དུ་ལས་ཀ་ལས་བཞིན་ཡོད་པ་དང་། སྡེ་བའི་ཧྲུའུ་ཅི་ཐེན་ཧྥུ་ཐང་གི་བུ་མོ་སྟེ། རྫོང་གྲོང་གི་དགེ་རྒན་ཐེན་རུན་ཡེ་གཉིས་ནི་ཆུང་དུས་ཀྱི་རྩེད་གྲོགས་ཡིན་ཞིང། ཧྲའོ་ཨན་དང་རུན་ཡེ་གཉིས་སྔ་མོ་ནས་ཕན་ཚུན་ལ་ཡིད་སྨོན་འཆོར་པའི་སེམས་པ་ཡོད་ནའང་ཐེན་ཧྥུ་ཐང་གིས་བཀག་འགོག་ཐེབས་པས་རྒྱུན་སྐྱོང་མ་ཐུབ། འདི་ལྟར་བཟོད་དཀའ་བའི་བརྩེ་དུང་གི་ན་ཟུག་དང་སྡུག་བསྔལ་བརྒྱུད། ཧྲའོ་ཨན་ཧྲན་ཞིར་སོང་ནས་ལས་ལ་བརྩོན་པའི་ཞིའུ་ལན་དང་གཉེན་སྒྲིག་བྱས་པ་དང་། རུན་ཡེ་ཡིས་ཀྱང་མིག་མཐའ་མཆི་མ་འཁོར་ཞོར་ཨ་ཕས་ངོ་སྤྲོད་གནང་བའི་ལི་ཞང་ཆན་དང་གཉེན་སྒྲིག་བྱས། སྐབས་དེར་གྲོང་གསེབ་ཀྱི་འཚོ་བ་རྙོག་འཛིང་ཆེ་ལ་ཐན་སྐྱོན་ཡང་བྱུང་བས། ཐེན་ཧྥུ་ཐང་གིས་རང་ཉིད་ཀྱི་གཟི་ཉམས་ཇེ་དྲག་ཏུ་གཏོང་བའི་ཆེད་དུ། ཆུ་རགས་བརྐོ་བ་དང་གཙང་བོའི་སྟོད་རྒྱུད་ཀྱི་ཆུ་འཕྲོག་པར་རྩ་འཛུགས་བྱས་ཏེ་མི་སྲོག་ཤོར་དུ་བཅུག གཞན་ད་དུང“ཞིང་ལས་རིག་པའི་གྲོང་སྡེ་ཆེ་མོའི”ཆེད་དུ། ཁོང་གིས་བྱས་རྗེས་ཆེན་མོ་འཇོག་པར་རྔམ་ནས་རི་བོ་བཀད་དེ་ཞིང་ཁ་ལས་པ་དང་། གཞིས་ཁྱིམ་སྤོ་རུ་བཅུག་པ་སོགས་བྱས་ནས་གནམ་སྔོན་མོ་ཁོང་ཁྲོ་ལངས་ཤིང་མི་ཚོགས་ཀྱིས་འཁང་ར་སྡུལ་ཡུས་བྱས་པ་རེད།

2_2 པོད་གཉིས་པ།

སྤྱི་ལོ1979ལོའི་དཔྱིད་ཀར། སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། རང་རྒྱལ་གྱི་གནས་ཚུལ་ད་དུང་ཉམས་པ་ཀུན་གསོ་མ་བྱུང་ངང་དུ་གནས་ཤིང་འགལ་བའང་མང་པོ་བྱུང། ཐེན་ཧྥུ་ཐང་གིས་མཚན་གཏད་དེ་ཀྲི་པུའུ་ཚོགས་འདུ་འཚོགས་ནས་འགན་འཁྲིའི་ལམ་ལུགས་བཀག་འགོག་བྱེད་བསམ་མོད། ཡིན་ནའང་སུན་ཧྲའོ་ཨན་གྱིས་ཐོན་སྐྱེད་རུ་ཁག་གི་འགོ་ཁྲིད་དེ་སྔོན་ལ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པ་དང་། མི་འགྱངས་པར་གྲོང་ཚོ་ཡོངས་སུ་ཁྱབ་སྤེལ་བྱས། སྤྱང་ཀྲུང་འཛོམས་པའི་ཧྲའོ་ཨན་སླར་ཡང་གྲོང་ཁྱེར་དུ་སོང་སྟེ་སོ་ཕག་དྲུད་ཅིང་ཡོང་འབབ་ཡོད་ཚད་ཀྱིས་སོ་ཕག་སྲེག་ཁང(མང་ཆེ་བ་དངུལ་བུན་དུ་བཏང་བ)བཙུགས་ནས་ཀུང་ཧྲེའི“རྩེར་སོན་དུད་ཚང”དུ་གྱུར། ཧྲའོ་ཕིང་གི་ལང་ཚོའི་ཕུགས་འདུན་དང་བརྩོན་སེམས་ཀྱིས་ཁོང་ཕྱི་རུ་བསྐྱོད་པ་སྟེ། “འཇིག་རྟེན་དུ་འགྲིམ་པའི”སྐུལ་ལྕག་ཐེབས་ཤིང་། ཁོང་ཡུལ་གྱར་གྱི་བཟོ་བ་ཞིག་ནས་ཨར་སྐྲུན་བཟོ་བ་ངོ་མ་ཞིག་ཏུ་གྱུར་བ་དང་མཐར་རྡོ་སོལ་གཏེར་ཁུལ་གྱི་བཟོ་བ་བྱེད་པའི་གོ་སྐབས་བཟང་པོ་ཐོབ། ཁོང་གི་གྲོགས་མོ་ཞའོ་ཞ་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཞིང་ཆེན་ཚགས་པར་ཁང་དུ་གསར་འགོད་པ་བྱས་པ་དང་། ལོ་གཉིས་སོང་རྗེས་ཁོང་གཉིས་སླར་འཛོམས་བྱུང་སྟེ་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུའི་དུས་བཅད་བྱས། རོན་ཡེ་ཡིས་རང་ཉིད་མི་དགའ་བའི་ཁྱོ་ག་དང་རིང་དུ་བྲལ་ནས་གུང་གཞོན་ཚོགས་པར་ལས་ཀ་བྱེད་དུ་སོང་བ་དང་། ཁོ་མོར་བརྩེ་དུང་ཟབ་མོ་བཅངས་པའི་ཁྱོ་གས་ཆང་འཐུང་རྗེས་རླངས་འཁོར་དོན་རྐྱེན་བྱུང་ནས་དབང་བོ་སྐྱོན་ཅན་དུ་གྱུར་ལ། དོན་དེ་ཚོར་མ་ཐག རུན་ཡེའི་སེམས་ལ་ནོངས་འགྱོད་ཀྱིས་ཁེངས་ཏེ་ཕྱིར་ཁོང་གི་ཁྱོ་ག་ལི་ཞང་ཆན་གྱི་གམ་དུ་ལོག་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ། མོའི་གཅུང་པོ་རུན་ཧྲེང་ཡང་ནར་སོན་པ་དང་། ཁོང་གིས་ཡུལ་གཞན་དུ་འཚོ་བ་རོལ་བཞིན་པའི་ཧའོ་ཧུང་མེ་དང་འཕྲད་མཐར་ཁོང་གཉིས་བཟའ་ཟླར་གྱུར། ཡིན་ནའང་སྔོན་ཆད་སྡེ་བ་ཡོངས་ཀྱི་ལས་དབང་ལ་ཁ་ལོ་སྒྱུར་མཁན་ཐེན་ཧྥུའུ་ཐང་གིས་དུས་སྐབས་གསར་པའི་འཕོ་འགྱུར་དང་རྒྱབ་འགལ་བྱས་པར་མ་ཟད། རང་ཉིད་ཀྱི་བུ་དང་བུ་མོའི་གཉེན་སྒྲིག་གི་བྱ་བར་ཡང་ཐེ་ཇུས་གང་མང་བྱས་པ་རེད། 

3 པོད་གསུམ་པ།

སྤྱི་ལོ1982ལོར་སུན་ཧྲོ་ཕིང་གིས་རྡོ་སོལ་གཏེར་ཁུལ་དུ་ནུས་ཤུགས་ཡོད་རྒུས་ལས་ཀ་ལས་ཏེ། ཅི་ཡང་མི་ཤེས་པའི་སློབ་ཕྲུག་ཅིག་ནས་ཕུལ་བྱུང་གི་བཟོ་བ་ཞིག་ཏུ་གྱུར། ཡིན་ནའང་སུན་ཧྲའོ་ཕིང་དང་ཐེན་ཞའོ་ཞ་གཉིས་དབར་བརྩེ་དུང་ཟབ་མོ་ཆགས་སྐབས། ཐེན་ཞའོ་ཞ་ཡིས་ཆུ་འགོག་བཅར་འདྲིའི་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་སྐྱོབ་ཆེད་དུ་གཟི་བརྗིད་ངང་རང་སྲོག་བློས་བཏང་བ་དང། རྗེས་སུ་ཐེན་ཧྥུ་ཐང་གིས་སུན་ཧྲའོ་ཨན་ལ་གློག་འཕྲིན་བཏང་ནས་གནས་ཚུལ་བཤད་མ་ཐག ཁོང་གི་སེམས་ལ་སྡུག་བསྔལ་གྱིས་ཁེངས། ཧྲའོ་ཨན་གྱི་སོ་ཕག་སྲེག་ཁང་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཁོང་གིས་དངུལ་བུན་གཡར་ནས་འཕྲུལ་ཆས་གྱི་སོ་ཕག་བཟོ་གྲྭ་རྒྱས་བསྐྲུན་བྱས་ནའང་། ལག་རྩལ་དགེ་རྒན་གྱིས་ལག་རྩལ་གཏན་ནས་མི་ཤེས་པས། སོ་ཕག་བཟོ་གྲྭར་གྱོང་གུན་ཆེན་པོ་ཐེབས་པ་རེད། རྗེས་སུ་གྲོགས་པོ་དང་རྫོང་དཔོན་གྱི་རོགས་རམ་འོག་སླར་ཡང་འབད་འབུངས་བྱས་ཏེ། འབད་བརྩོན་ཐེངས་འགའ་བྱས་མཐར་ས་གནས་དེ་གའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་ཞིག་ཏུ་གྱུར། བསམ་ཡུལ་ལས་འདས་པ་ཞིག་ལ་ཧྲའོ་ཨན་གྱི་བཟའ་ཟླ་ཞིའུ་ལན་གྱིས་ཁོང་གི་ཁྱིམ་གྱིས་མ་དངུལ་སྒོར་ཁྲི་གཅིག་དང་སྟོང་ལྔ་བཏང་ནས་རྒྱས་བསྐྲུན་མཛད་པའི་སློབ་ཆུང་གི་དགའ་སྟོན་ཚོགས་འདུའི་ཐོག་ཁྲག་སྐྱུག་ནས་གློ་བའི་སྐྲན་ནད་ཕོག་ཡོད་པ་ཤེས། རུན་ཡེའི་འཚོ་བ་བདེ་སྐྱིད་ལྡན་ཞིང་བུ་ཚོན་པོ་ཞིག་སྐྱེས་པ་དང་། རུན་ཧྲེང་དང་ཧའོ་ཧུང་མའེ་གཉིས་ཀྱི་གཉེན་སྒྲིག་གི་བྱ་བར་ཡང་ཕ་མས་དང་ལེན་བྱས་པ་མ་ཟད། སྙིང་རྗེ་བའི་བུ་མོ་ཞིག་ཀྱང་བཙས་ཡོད། ཕོ་ལོ27ལོན་པའི་ཧྲའོ་ཕིང་གིས་དོན་རྐྱེན་ཞིག་གི་ཁྲོད་རང་གི་དགེ་ཕྲུག་གི་སྲོག་སྐྱོབ་ཆེད་རྨས་སྐྱོན་ལྕི་མོ་ཕོག་པ་དང་། བྱད་གཟུགས་ཡག་པོར་རྨ་ཁ་ཆེན་མོ་བཟོས་ཡོད་ནའང་། ཆུང་དུས་ཀྱི་རྩེད་གྲོགས་ཅང་པོའི་སྲིང་མོས་ཧྲའོ་ཕིང་ལ་དགའ་ཚུལ་བཤད་པ་རེད། ཡིན་ནའང་ཧྲའོ་ཕིང་གིས་ཁོ་མོའི་མདུན་ལམ་ལ་འདང་བརྒྱབ་སྟེ་དང་ལེན་མ་བྱས། ཁོང་ཚོ་སུ་ཡིན་ཡང་འཚོ་བའི་ཆག་སྒོའི་མདུན་དུ་བློ་མ་ཕམ་པར་སྔར་བཞིན་ཕུགས་འདུན་གྱི་ལམ་ཁར་སྙེག་བཞིན་ཡོད་པ་དང་། ཧྲའོ་ཕིང་སྨན་ཁང་ནས་ཕྱིར་བུད་མ་ཐག་དོན་དངོས་ལ་གདོང་གཏད་དེ། ཡིད་ཆེས་ཀྱིས་ཁེངས་པའི་ངང་གཏེར་རིར་ལོག་སྟེ་ཁོང་གི་འཚོ་བ་དང་འགྲན་སློང་གསར་བ་བསུས། 

4 དཔེ་མཚོན་མི་སྣ་ངོ་སྤྲོད།

སུན་ཧྲའོ་ཕིང་།

ཁོ་ནི་ཤེས་ཡོན་ལྡན་ལ་དབུལ་ཞིང་ཕོངས་པའི་ཞིང་སྡེའི་གཞོན་ནུ་ཞིག་ཡིན་པར་མ་ཟད། དམ་པ་དོན་གཉེར་དང་བསམ་པའི་སྙིང་སྟོབས་ཀྱི་འབོད་སྐུལ་ལ་གསན་ཕོད་པའི་གཞོན་སྐྱེས་པ་ཞིག་ཀྱང་ཡིན། དེའང་ཁྲེ་རྒད་ཀྱི་ཀོ་རེ་ཟ་བ་དང་ཚལ་ཁུ་ལྷག་འཕྲོ་འཐུང་བའི་མཐོ་རིམ་སློབ་འབྲིང་གི་འཚོ་བ་སྐྱེལ་བཞིན་ཡོད་པའམ་ཡང་ན། ཞིང་ལས་གཉེར་བའི་ཞིང་པའི་འཚོ་བ་རོལ་བཞིན་ཡོད་པ་དང་ཐ་ན་ཞིང་ལས་བསྐྱུར་ནས་སྒོ་ཕྱིར་སོང་རྗེས་ཀྱི་གླ་བའི་སྐབས་ཀྱི་སུན་ཧྲའོ་ཕིང་གང་ཡིན་ནའང་། ཁོའི་ལུས་ཐོག་ཏུ་ནམ་ཡང་གསོན་ཤུགས་རྒྱས་ཤིང་སྙིང་སྟོབས་ཀྱིས་ཁེངས་ཡོད། དངོས་པོས་དབེན་པ་དང་སྙིང་སྟོབས་ཀྱིས་ཕྱུག་པས་སུན་ཧྲོ་ཕིང་གི་འཚོ་བར་ཐོག་མཐའ་བར་གསུམ་དུ་བྲོ་བ་སྣ་ཚོགས་བསྩལ། ཡིན་ནའང་འཚོ་བའི་ཚོད་བགམ་བསམ་གྱིས་མི་ཆད་པར་ཇེ་མང་དུ་ཕྱིན་པ་དང་ཤེས་བྱའི་མཐོང་རྒྱའང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེས་སུན་ཧྲའོ་ཕིང་ལ་པོ་ཨེར་ལྟ་བུའི་བྱ་བའི་སྤྲོ་སེམས་དང་སྐྱེས་བུ་དམ་པ་ལྟ་བུའི་ཀུན་སྤྱོད་བློ་སྦྱོང་ཡང་གནང་ཡོད། ཁོང་གིས་བརྙས་བཅོས་དང་མཐོང་ཆུང་ལ་བཟོད་སྒོམ་བྱེད་པ་དང་། འདྲ་མཉམ་མིན་པའི་གནས་ཚུལ་ལ་འཕྲད་དུས་རོགས་རམ་དང་རྒྱབ་སྐྱོར་བྱེད་པ། གནད་འགག་གི་དུས་སུ་སྔོན་ཆད་ཀྱི་ཞེ་འཁོན་ལ་མི་ལྟ་བ་སོགས་མཐོང་ཚེ། རང་སྟེང་གི་དངོས་པོ་དབུལ་ཕོངས་ཀྱིས་ཁོང་གི་ཀུན་སྤྱོད་བློ་སྦྱོང་ལ་གཏན་ནས་བཀག་རྒྱ་མ་ཐེབས་པ་དང་། དེ་ལས་ལྡོག་སྟེ་ཁོང་གི་མི་གཤིས་ཀྱི་བཟང་བོ་ཀུན་འཛོམས་དེ་མཚོན་ཡོད། ཁོའི་བརྩེ་དུང་གི་འདེམ་གསེས་ཀྱིས་ཀྱང་ཁོའི་རང་གཤིས་ཀྱི་ཁྱད་ཆོས་མངོན་ཡོད་དེ། མཐོ་རིམ་ལས་བྱེད་པའི་བུ་མོ་དང་སློབ་ཆེན་སློབ་མ་ཐེན་ཞའོ་ཞའི་མདུན་དུ། ཁོང་ལས་གཡོལ་མེད་ལ་རང་དམན་གྱི་སྣང་བ་ཡང་མ་བྱུང་བར། མཐར་ཁོང་གིས་ཅིན་ཞིའུ་ཡི་བརྩེ་དུང་དང་ལེན་མ་བྱས་པར་ཧུའེ་དབྱིང་གི་ཉེ་འགྲམ་དུ་ལོག་པ་དེའང་ཁོང་གི་སྐྱེས་བུ་དམ་པའི་སྙིང་སྟོབས་མཚོན་པ་ཡིན་ཞིང་། འགན་འཁྲིའི་འདུ་ཤེས་དང་འགན་འཁྲི་འཁུར་སེམས་ཆེན་པོ་དེས་ཁོང་གི་གདམ་ག་ལ་སྐུལ་མ་ཐེབས་པ་རེད། 

སུན་ཧྲའོ་ཨན།

གཅེན་པོ་སུན་ཧྲའོ་ཨན་ནི་འབད་འཐབ་སྙིང་སྟོབས་ཀྱི་དཔེ་མཚོན་གཞན་ཞིག་ཡིན་པ་དང་སུན་ཧྲའོ་ཕིང་གིས་འཚོལ་སྙེག་བྱེད་བཞིན་པའི་འཚོ་བ་དང་གཏན་ནས་མི་འདྲ། ཁོའི་བརྟན་བརླིང་དང་འཇོན་ཐང་ཡོད་ཚད་ཕྱི་རུ་མི་མངོན་ཞིང་། བུ་ཆེ་བའི་ཁྱིམ་ཚང་གི་འགན་འཁྲི་དང་འཇིག་རྟེན་གྱི་འཚོ་བའི་འགན་འཁྲི་ཡིས་སུན་ཧྲའོ་ཨན་ས་ཞིང་དང་ཁྱིམ་རྒྱུད་ཀྱི་འཆིང་རྒྱ་ལས་ཐར་དཀའ་བ་དང་། མཐར་ཞིང་སྡེ་སྒྱུར་བཅོས་ཀྱི་སྔོན་ཤེས་པར་གྱུར་མོད། ཡིན་ཡང་ཁོང་གི་བརྩེ་དུང་དང་གཉེན་སྒྲིག་ཚང་མར་དཀའ་ཁག་མང་པོ་བྱུང་སྟེ། སུན་ཧྲའོ་ཨན་གྱིས་རྒྱལ་ཁའི་གྲུབ་འབྲས་ཅུང་ཙམ་མྱོང་བའི་སྐབས་ཆུང་མ་ཞིའུ་ལན་འཇིག་རྟེན་འདི་དང་ཁ་འབྲལ་བའི་རྐྱེན་ངན་ལ་གདོང་མི་གཏོད་ཀ་མེད་བྱུང་བ་དེ་ནི། སུན་ཧྲའོ་ཕིང་གིས་བརྩེ་དུང་ལོངས་སུ་སྤྱོད་སྐབས་ཐན་ཞའོ་ཞ་གློ་བུར་དུ་ཤི་བ་དང་ལེན་མི་བྱེད་ཀ་མེད་བྱུང་བ་དང་འདྲ་བར་ལག་པ་བརྐྱངས་པ་ཙམ་གྱིས་ཐོབ་ནུས་པའི་བདེ་སྐྱིད་ལྡན་པའི་འཚོ་བ་དེའང་མེད་པར་གྱུར།

ཐེན་རུན་ཡེ།

ཐེན་རུན་ཡེ་ནི་ཞིང་པ་ཞིག་གི་བུ་མོ་ཡིན་ཞིང་། གཞན་དང་མི་འདྲ་བ་ཞིག་ནི་ཁོ་མོས་གྲོང་ཁྱེར་དུ་འཚོ་བ་རོལ་བ་དང། དེ་གའི་ཤེས་དཔལ་དང་བསམ་བློའི་ཆུ་ཚད་ཅུང་མཐོ་བས། རུན་ཡེའི་ལུས་སྟེང་དུ་འཇིག་རྟེན་པའི་ཕྱོགས་ཞེན་དང་བྲལ་བའི་རང་གཤིས་དང་རང་ཉིད་ཀྱི་བརྩེ་དུང་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་ལྡན་པ་རེད། ཆུང་དུས་ནས་མཉམ་དུ་འཚོ་བ་རོལ་བའི་སུན་ཧྲའོ་ཨན་ནི་རུན་ཡེས་ཧ་ཅང་དགའ་བའི་མི་དེ་ཡིན་མོད། འོན་ཀྱང་ཁོ་མོས་ཕན་ཚུན་དབར་ཁེ་དབང་མཉམ་པ་ལས་བརྩེ་འདང་ཡོད་དགོས་པར་འདོད་པས། ཁོ་མོས་སུན་ཧྲའོ་ཨན་གྱི་ཁྱིམ་ཚང་གི་དབུལ་ཕོངས་ཀྱི་གནས་ཚུལ་ལ་གཏན་ནས་དོ་ཁུར་བྱས་མ་མྱོང་བར་མ་ཟད། ཁོང་གི་ཞིང་བའི་ཐོབ་ཐང་ལའང་མཐོང་ཆུང་བྱས་མ་མྱོང་བའི་སྟབས་ཀྱིས། མོས་རང་འགུལ་གྱིས་སུན་ཧྲའོ་ཨན་ལ་གསལ་བཤད་བྱས་ཏེ། རང་ཉིད་ཚེ་གང་བོར་ཁོ་དང་འགྲོགས་པར་འཐད་པ་ཡིན་ཞེས་བཤད་མོད། འོན་ཀྱང་སུན་ཧྲའོ་ཨན་ནི་ཧ་ཅང་རྗེས་དཔག་གི་མི་ཞིག་ཡིན་པ་དང་། ཁོས་ཕན་ཚུན་བར་བརྒལ་ཐབས་མེད་པའི་འགལ་རྐྱེན་དང་ཁྱད་པར་ཆེན་པོ་ཡོད་པ་ཤེས་པས། ཧྲའོ་ཨན་གྱིས་ཞིའུ་ལེན་བདམས་པ་རེད།

ཐེན་ཞའོ་ཞ།

ཐེན་ཞའོ་ཞ་ནི་ལྷད་མེད་གཞུང་དྲང་གི་རང་གཤིས་ལྡན་ལ། སྙིང་རྗེ་དང་སྤོབས་པ་ཆེ་བའི་བུ་མོ་ཡ་རབས་ཤིག་ཡིན། མོ་རང་སུན་ཧྲའོ་ཕིང་དང་འཕྲད་རྗེས། རིམ་བཞིན་འདོད་བློ་མཐུན་པའི་གྲོགས་པོ་བཟང་བོ་ཞིག་ཏུ་གྱུར། ཐེན་ཞའོ་ཞ་ཡི་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ལེགས་པས་ཆུང་དུས་ནས་གྲོང་ཁྱེར་དུ་འཚར་ལོངས་བྱུང་བ་དང་། ཧྲན་ཞིའི་ཞིང་སྡེའི་དཀའ་སྡུག་གི་འཚོ་བ་རོལ་མ་མྱོང་ནའང་། ཁོ་མོར་གྲོང་ཁྱེར་གྱི་སྲས་མོ་གཞན་དག་ལྟ་བུའི་གཅེས་ལང་གི་རྣམ་འགྱུར་སྤུ་ཙམ་ཡང་མེད་པར། དེ་ལས་ལྡོག་སྟེ་ཡ་རབས་ཚུལ་དང་ལྡན་ཞིང་བློ་བརྟན་འགྱུར་མེད་ཀྱི་གཤིས་ཀ་ལྡན། ཐེན་ཞའོ་ཞ་ལ་ཆུང་དུས་ནས་ཨ་ཕ་ཐན་ཧྥུའུ་ཅུན་གྱི་ཤུགས་རྐྱེན་ཐེབས་ནས་ཡང་དག་པའི་རིན་ཐང་ལྟ་བ་ཞིག་ཆགས་པ་དང་། རིག་གནས་བློ་སྦྱོང་དང་ཀུན་སྤྱོད་ཀྱི་གོ་རྟོགས་མཐོ་ཙམ་ཡོད། ཁོང་གིས་རང་ཉིད་མེས་རྒྱལ་གྱི་རི་ཀླུང་བཟང་པོར་ལྟ་སྐོར་དང་མི་རྣམས་ཀྱི་དཔའ་བོའི་གཟི་ཉམས་ཉམས་སུ་མྱོང་ཐུབ་པའི་རེ་བ་ཆེན་པོ་ཡོད་ཅིང། ཁོང་གིས་སུན་ཧྲའོ་ཕིང་གི་སྙིང་སྟོབས་ལ་ཡིད་སྨོན་འཆོར་བ་དང་ནམ་རྒྱུན་སུན་ཧྲའོ་ཕིང་ལ་རང་ཉིད་ཀྱི་ཕུགས་མདུན་བཤད།

ཧོ་ཞིའུ་ལེན།

ཧོ་ཞིའུ་ལན་ནི་སུན་ཧྲའོ་ཨན་གྱིས་ཧྲན་ཞིས་ནས་བླངས་པའི་མནའ་མ་ཡིན་ལ། ཁོ་མོར་རིག་གནས་ཏིལ་འབྲུ་ཙམ་ཡང་མེད་པ་དང་། གཤིས་ཀ་ཅུང་རྩུབ་ཅིང་སྤོབས་པ་ལྡན་པ། ཞི་འཇམ་ཤེས་རྟོག་ལྡན་པའི་རུན་ཡེ་དང་མངོན་གསལ་དོད་པོས་ཞིབ་བསྡུར་གནང་ཡོད། ཁོ་མོ་སོན་ཧྲོ་ཨན་གྱི་ཆུང་མ་བྱས་པ་ནས་བཟུང་སོན་ཧྲོ་ཨན་གྱི་མཆོག་གྱུར་གྱི་ལས་རོགས་ཏུ་གྱུར་ལ། ཧོ་ཞིའུ་ལན་གྱི་ལུས་སྟོབས་ཆེ་ཞིང་སྡུག་རུས་བསྐྱེད་པས། ཁྱིམ་གྱི་ཕྱི་ནང་གང་དུའང་ངལ་རྩོལ་ནུས་པའི་ལག་མཁས་པ་ཞིག་ཡིན། ཧོ་ཞིའུ་ལན་སུན་ཚང་ལ་སླེབས་པ་དེས་སུན་གི་འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། སུན་ཧྲའོ་ཨན་གྱི་བྱ་གཞག་ཀྱང་རིམ་གྱིས་ཡང་དག་པའི་ལམ་བུར་བསྐྱོད་བཞིན་ཡོད། ཧོ་ཞིའུ་ལེན་ལ་ཕམ་ཁའི་མདུན་དུ་མགོ་བོ་མི་སྒུར་བའི་སྙིང་སྟོབས་ཡོད་ཅིང་། ཁོ་མོའི་སེམས་སུ་ནམ་ཡང་འཚོ་བ་སྐྱིད་པོ་ཞིག་རོལ་འདོད་ཚེ་བྱ་བ་ཡོད་ཚད་ངེས་པར་དུ་ནན་ནན་ཏིག་ཏིག་གིས་སྒྲུབ་དགོས་པར་འདོད་ལ། ཡིད་ཆེས་དེ་རིགས་ངང་ངམ་ཤུགས་ཀྱིས་སུན་ཧྲའོ་ཨན་ལ་བརྒྱུད་སྤྲོད་བྱས་ནས། ཁོའི་སྟོབས་དང་ལྡན་པའི་བསམ་པའི་རྒྱགས་ཕྱེ་དང་དངོས་པོའི་རྒྱབ་སྐྱོར་བྱས་ཏེ། ཁོར་བློ་བདེ་བའི་ངང་ཕྱི་རུ་སོང་ནས་ལས་དོན་ལ་བྲེལ་ཞིང་། རང་ཉིད་ཀྱིས་རང་ཁྱིམ་གོ་རིམ་དང་ལྡན་པར་བྱས་ཏེ། ཁྱིམ་གྱི་གསོམ་ཤུགས་ཉམས་པའི་རྣམ་པ་དེ་རིམ་བཞིན་བསྒྱུར་བ་རེད།

5 བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ།

《སྤྱིར་བཏང་གི་འཇིག་རྟེན》ནི་དྲོ་སྐྱིད་ལྡན་པའི་དངོས་ཡོད་རིང་ལུགས་ཀྱི་བྱེད་ཐབས་སྤྱད་དེ་སྤྱིར་བཏང་གི་ངལ་རྩོལ་པར་བསྟོད་གླུ་ལེན་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན། དེའང《མི་ཚེ》དང་བསྡུར་ན《སྤྱིར་བཏང་གི་འཇིག་རྟེན》ལ་མི་གཤིས་ཀྱི་མཐོ་ཚད་ཆེན་མོ་ལྡན་པ་དང་། དུས་སྐབས་གསར་བའི་དཀའ་སྡུག་གི་འཚོ་བ་རྒྱབ་ལྗོངས་བྱས་པའི་བརྩམས་ཆོས་རྩོམ་མཁན་མང་དུ་མཆིས་ནའང་། སྡུག་བསྔལ་དེ་མདུན་སྐྱོད་ཀྱི་བསམ་པའི་སྒུལ་ཤུགས་ཤིག་ཏུ་བསྒྱུར་མཁན་ལུའུ་ཡའོ་ལྟ་བུ་ལས་མེད། བརྩམས་སྒྲུང་འདིའི་ནང་མི་སྣ་དཀྱུས་མའི་འཚོ་གནས་དཀའ་བའི་གནས་ཚུལ་ཞིབ་འབྲི་བྱས་པ་དང་ཆབས་ཅིག ཁོང་ཚོས་དཀའ་ངལ་ཁྱད་བསད་ཀྱི་བསམ་པ་བཟང་པོ་དང་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་སྙིང་སྟོབས་ཀྱང་གསལ་བར་བྲིས་ཡོད། བརྩམས་ཆོས་ནང་གི་མི་སྣ་གཙོ་བོ་སུན་ཧྲའོ་ཨན་དང་སུན་ཧྲའོ་ཕིང་ནི་དབུལ་པོའི་མཚམས་སུ་གནས་པའི་གཞོན་ནུ་ཞིག་ཡིན་མོད། འོན་ཀྱང་ཁོང་ཚོས་ཞུམ་མེད་ཀྱི་སྙིང་རུས་ལ་བརྟེན་ནས་ལས་དབང་ལ་འགོག་རྒོལ་བྱས་ཏེ། རང་ཉིད་ཀྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད། དེའི་ནང་སུན་ཧྲའོ་ཨན་ནི་ཕ་ཡུལ་ལ་གཞི་ཚུགས་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བའི་འབད་འཐབ་པ་ཞིག་ཡིན་པ་དང་། སུན་ཧྲའོ་ཕིང་ནི་དེང་རབས་ཤེས་དཔལ་གྱི་ཤེས་བྱ་ལྡན་པ་དང་གྲོང་ཁྱེར་ནང་མཉམ་འདྲེས་བྱེད་འདོད་ཀྱི་འཚོལ་སྙེག་པ་ཞིག་ཡིན། ཁོང་ཚོའི་གཏམ་རྒྱུད་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཀྱི་སྤྱིར་བཏང་གི་མིས་མི་ཚེའི་ཆེད་དུ་འབད་བརྩོན་བྱེད་པའི་སྣེ་གཉིས་ཀྱི་ཉམས་མྱོང་གསལ་བོར་མངོན་ཡོད།

《སྤྱིར་བཏང་གི་འཇིག་རྟེན》ཞེས་པའི་ནང་ད་དུང་དྲོ་སྐྱིད་ལྡན་པའི་བརྩེ་སེམས་ཤིག་ཀྱང་བརྒྱུད་བསྒྲགས་བྱས་ཡོད་དེ། གཅིག་ནི་རྩོམ་པ་པོས་བརྩམས་ཆོས་ཁྲོད་ཀྱི་མི་སྣར་བྱམས་སེམས་བཅངས་ནས་མི་སེར་དཀྱུས་མའི་འཚོ་བ་རོལ་སྟངས་ལ་བརྩི་འཇོག་དང་ཁས་ལེན་ཆེན་པོ་བྱས་ཡོད། བརྩམས་ཆོས་ཀྱི་མི་སྣ་གཙོ་བོ་དག་ཕར་ཞོག ཐ་ན་བརྩམས་ཆོས་ཁྲོད་ཀྱི་སྒྱིད་ལུག་གི་མི་སྣ་ཁ་ཤས་ཏེ། དཔེར་ན་ཡུལ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་ཐེན་ཧྥུ་ཐང་དང་། སྐྱིད་འདོད་ལས་གཡོལ་གྱི་ཝང་མན་དབྱིན། རླུང་བསྟུན་གྲུ་གཏོང་མཁས་པའི་སུན་ཡུས་ཐིང་། ཐ་ན་ཡུས་ཐེན་ཨེར་གྱི་ལུས་སྟེང་དུའང་ཐད་ཀར་རམ་གཞན་བརྒྱུད་ཀྱིས་མི་གཤིས་ཀྱི་གཟི་མདངས་ལྷུག་པར་མངོན་ཡོད། གཉིས་ནི་བརྩམས་ཆོས་ཀྱི་གང་ས་གང་དུ་དྲོ་སྐྱིད་ལྡན་པའི་གཉེན་ཉེའི་བར་གྱི་བརྩེ་འདང་དང་གྲོགས་པོའི་བར་གྱི་བརྩེ་སེམས་མཚོན་ཡོད་པས། མི་སེམས་ལ་དྲོད་ཁོལ་སྦྱིན་པའི་བརྩམས་སྒྲུང་ཞིག་ཀྱང་ཡིན། གསུམ་ནི་བརྩམས་ཆོས་ཁྲོད་ཀྱི་བརྩེ་དུང་གི་འབྲེལ་བ་བྲིས་པ་ཧ་ཅང་གསོན་ཉམས་ལྡན་ཞིང་། མཛེས་སྡུག་ལྡན་པའི་ནང་དོན་དང་བསམ་པའི་འཆར་སྒོ་ཤིན་ཏུ་ཡངས་པ་ཞིག་བསྩལ་ཡོད།

བརྩམས་སྒྲུང་དེས་བརྒྱུད་བསྒྲགས་བྱས་པའི་བསམ་པའི་ནང་དོན་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི“བརྩོན་པ་ལྷུར་ལེན་དང་སྤྱོད་བཟང་དངོས་ཐེག”གི་བསམ་པའི་སྲོལ་རྒྱུན་རང་རྟོགས་ངང་རྒྱུན་འཛིན་བྱས་པ་དེ་ཡིན་ལ། འདི་ལྟ་བུའི་བརྩམས་སྒྲུང་ནི་རིམ་པ་དམའ་ཤོས་ཀྱི་འབད་འཐབ་བྱེད་མཁན་ལ་མཚོན་ན། “ལམ་སྟོན་གྱི་སྒྲོན་མེའི་ནུས་པ”ལྡན་པ་གདོན་མི་ཟ། དེ་ཕྱིར་ང་ཚོས་ལུའུ་ཡའོ་ཡི《སྤྱིར་བཏང་གི་འཇིག་རྟེན》ཞེས་པས་སྤྱི་ཚོགས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་འདི་འདྲ་ཐེབས་པའི་རྒྱུ་མཚན་ཅི་ཡིན་པ་གོ་བ་ལེན་སླ་མོ་ཡིན། 

6 སྒྱུ་རྩལ་གྱི་ཁྱད་ཆོས།
6_1 མི་སྣའི་སྣང་བརྙན། 

《སྤྱིར་བཏང་གི་འཇིག་རྟེན》ཞེས་པའི་ནང་སྲོལ་རྒྱུན་གྱི་རིན་ཐང་ལྟ་ཚུལ་དང་དངོས་ཡོད་རིང་ལུགས་ཀྱི་གསར་གཏོད་བྱེད་ཐབས་གཙོ་བོར་བྱེད་པར་མ་ཟད། གཏམ་རྒྱུད་ཀྱི་རྒྱུན་མཐུད་རང་བཞིན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། མི་སྣའི་སྣང་བརྙན་ཆ་ཚང་གསར་བཞེངས་བྱ་རྒྱུར་དོ་སྣང་ཆེན་བྱེད་པའི་དུས་མཚུངས་སུ། གཏམ་རྒྱུད་ཁྲོད་ཀྱི་འཆར་ཡན་རིང་ལུགས་ཀྱི་རྒྱུ་རྐྱེན་ཡང་མི་གློད་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་གོ་བདེ་ཞིང་རྟོགས་སླ་བའི་བརྩམས་སྒྲུང་ཞིག་ཡིན། ལུའུ་ཡའོ་ཡིས་པ་ཨེར་ཀྲ་ཁེའི་རྣམ་པ་ལྡན་པའི“དུས་རབས་ཀྱི་ཧྲུའུ་ཅིའི་དཔོན་པོའི”ངོས་ཐད་ནས་ཞིབ་འབྲི་བྱས་ཡོད་དེ། དེའང་ཐེན་ཧྥུ་ཧྲེང་གིས་ཚབ་མཚོན་བྱས་པའི་འགོ་ཁྲིད་རིམ་པའི་ཞིབ་འབྲིའི་སྟེང་། དོན་དངོས་དང་མཐུན་ཞིང་གནད་ལ་འཁེལ་བ། བདེན་པ་དང་ཞིབ་ཕྲའི་གནས་ཚུལ་ཐོག་ནས་སྐབས་དེའི་དུས་རབས་ཀྱི་འཕར་རྩ་དང་མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་བའི་དཀའ་ཚད་གསལ་བར་བྱས་ཡོད། ལུའུ་ཡའོ་ཡིས“རྩོམ་པ་པོའི་འཇོན་ཐང་ཆེ་ཤོས་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་མི་སེམས་འགུལ་བའི་ནང་དོན་ཆེན་པོ་རྣམ་པར་འབྱེད་པ་དེ་ཡིན“ཞེས་བཤད་པ་བཞིན་ནོ། དེའི་ཕྱིར་ཧ་ལས་ཧང་སངས་དགོས་པའི་གཏམ་རྒྱུད་ཙམ་གྱིས་མི་འདང་བར། ད་དུང་འཚོ་བར་ཤེས་རྟོགས་དང་མཐིལ་རྟོགས་ཟབ་མོ་བྱེད་དགོས་པ་དང་། དེ་ནས་དངོས་ཡོད་རིང་ལུགས་ཀྱི་འབྲི་རྩལ་ལ་བརྟེན་ནས་མྱོང་ཚོར་དེ་རིགས་གཏམ་རྒྱུད་ཁྲོད་དུ་བསྡུ་དགོས། དེ་ལྟར་སྒྲུབ་ཚེ་ད་གཟོད་བརྩམས་སྒྲུང་ལ་བརྗིད་ཉམས་ལྡན་པའི་སྒྲོམ་གཞི་དང་དབྱངས་ཀྱི་ཞིབ་ཆ་ངེས་ཅན་ཞིག་ལྡན་སྲིད།

དུས་མཚུངས་སུ་ལུའུ་ཡའོ་ཡིས་མི་སྣའི་གཤིས་ཀ་དཔེ་མཚོན་ཅན་དུ་འགྱུར་བར་ཧ་ཅང་མཐོང་ཆེན་བྱེད་དེ། སུན་ཧྲའོ་ཕིན་སོགས་མི་སྣ་གཙོ་བོ་དག་ལྟ་ཞོག ཐ་ན་མི་སྣ་ཕལ་བ་རྣམས་ཀྱང་ཧ་ཅང་དཔེ་མཚོན་རང་བཞིན་ལྡན་པ་རེད། དཔེར་ན། སྡེ་བའི“གསར་བརྗེ་པ”སུན་ཡུས་ཐིང་ནི་དམིགས་བསལ་གྱི་ལོ་རབས་ཁྲོད་བྱུང་བའི་དམིགས་བསལ་གྱི་ཐོན་རྫས་ཤིག་ཡིན་པ་དང་། ད་དུང་ཀྲི་ཧྲུའུ་ཐེན་ཧྥུ་ཐང་གི་མཁས་རློམ་དང་གཟབ་ནན་ནི་ཞིང་སྡེའི་ལས་བྱེད་པའི་དཔེ་མཚོན་ཞིག་རེད། ད་རུང་ཁུལ་ཨུའི་ཧྲུའུ་ཅི་མེའུ་ཁད་དང་དྲུང་ཡིག་ཀྲང་ཧྲིན་མིན་སོགས་མང་པོ་མཆིས་ལ། མི་སྣ་དེ་དག་གིས་ཁོང་ཚོའི་ཐོབ་ཐང་གི་མཚོན་རྟགས་འཁྱེར་ནས་ཁོང་ཚོའི་ལས་རིགས་ཀྱི་ཁྱད་ཆོས་དང་ལས་རིགས་ཀྱི་ཁྱད་ཆོས་ལས་གྲུབ་པའི་བྱ་སྤྱོད་ཀྱི་ཁྱད་ཆོས་མི་རྣམས་ལ་མཐོང་དུ་བཅུག་ནས། མི་སྣ་ཁག་གི་གཤིས་ཀ་དང་རིག་གནས་ཀྱི་སེམས་ཁམས་འཚོལ་ཞིབ་དང་དུས་རབས་ཀྱི་ཉམས་འགྱུར་བརྒྱུད་བསྒྲགས་བྱེད་བཞིན་ཡོད། 

6_2 སྐད་ཆའི་མཚོན་སྟངས།

བརྩམས་སྒྲུང་གི་སྐད་ཆར་བབ་ཆགས་ཚུལ་མཐུན་གྱི་རང་བཞིན་ལྡན་ཞིང་། རྩོམ་པ་པོའི་རྣམ་པར་དག་པའི་བརྩེ་དུང་གིས་ཁེངས་ཡོད། ཚིག་སྦྱོར་བདེ་བའི་གཏམ་རྒྱུད་ནང་རྟག་ཏུ་འཚོ་བའི་དོན་སྙིང་དང་རིན་ཐང་དང་འབྲེལ་བའི་ནང་དོན་ཐོན་ངེས་ཏེ། དཔེར་ན། “མི་ཚེ་ནི་མཚམས་ཆད་མེད་པའི་འབད་བརྩོན་གྱི་ལམ་བུ་ཞིག་ཡིན་པས། དམིགས་ཡུལ་བདམས་ཏེ་འབད་འཐབ་བྱེད་པའི་ཁྲོད་རང་ཉིད་ཀྱི་འབད་བརྩོན་དེ་སྣང་མེད་དུ་མ་བསྐྱུར་ཚེ། འཚོ་བ་དེར་གཞི་ནས་ཕུན་སུམ་ཚོགས་པའི་དོན་སྙིང་མཆིས་ལ་སྙིང་སྟོབས་ཀྱང་ཆེས་ཆེར་བསྐྱེད་ནུས” འདི་ལྟ་བུའི་ལེགས་བཤད་གྲགས་ཅན་ཚང་མ་སྨྱུ་གུའི་རྩེ་ནས་ཤད་མར་བྲིས་ཤིང་ཆུ་ཡུར་ལྷུན་གྱིས་གྲུབ་པ་དང་འདྲ་བར། ཀློག་པ་པོ་མང་པོས་བློ་ལ་བརྟན་པོར་ངེས་ནས་ཁོང་ཚོའི་འཚོ་བའི་ཕྱོགས་སྟོན་དུ་གྱུར་ཡོད། དེ་དང་ཆབས་ཅིག་ཧྲན་པེའི་དམངས་གླུ་ཞིན་ཐེན་ཡིའུ་ཡི་གནའ་བོའི་བབ་ཆགས་ཀྱི་བསམ་ཚུལ་དང་ཁ་གསལ་ཟོལ་མེད་ཀྱི་མཚོན་ཐབས། དེ་བཞིན་ཁོང་ཚོའི་ཕུན་སུམ་ཚོགས་པའི་འཚོ་བའི་སྐད་ཆ་བཅས་ཚང་མ་བརྩམས་སྒྲུང་གི་སྐད་ཆར་གྱུར་ནས། ཡིག་ཐོག་གི་སྐད་ཆ་ཞིབ་ཕྲ་ཚོར་ཐུབ་པའི་སྣང་བརྙན་བསྐྲུན་ཡོད་ལ་ས་གནས་ཀྱི་ཁྱད་ཆོས་ཀྱང་བསྣན་ཡོད།

7 བརྩམས་ཆོས་ཀྱི་གདེང་འཇོག

《སྤྱིར་བཏང་གི་འཇིག་རྟེན》ལ་སྐབས་གསུམ་པའི་མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་པ་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས《སྤྱིར་བཏང་གི་འཇིག་རྟེན》བསྟུད་མར་རྒྱང་བསྒྲགས་བྱས། སྤྱི་ལོ2018ལོའི་ཟླ9བའི་ཚེས27ཉིན་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི《བརྩམས་སྒྲུང་དུས་དེབ》ཀྱི་དུས་དེབ་ཁང་དང་། ཀྲུང་གོའི་བརྩམས་སྒྲུང་སློབ་ཚོགས། མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་དྲ་བ་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། ཆིང་ཏའོ་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འགན་སྒྲུབ་མཛད་པའི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ཤུགས་རྐྱེན་ཆེ་ཤོས་ཀྱི་བརྩམས་སྒྲུང་དཔྱད་འདེམས་བགྲོ་གླེང་ཆིང་ཏའོ་རུ་ཚོགས་པ་དང་། 《སྤྱིར་བཏང་གི་འཇིག་རྟེན》ཞེས་པར་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་ཤུགས་རྐྱེན་ཆེ་ཤོས་ཀྱི་བརྩམས་སྒྲུང་ནང་བདམས་པ་རེད། 

8 རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ལུའུ་ཡའོ(1949ལོ་ནས1992ལོའི་བར)ཡི་མིང་དངོས་ལ་ཝང་ཝེ་གོ་ཟེར་ཞིང་། ཀྲུང་གོའི་དེང་རབས་ཀྱི་གྲོང་གསེབ་རྩོམ་པ་པོ་ཞིག་ཡིན། སྤྱི་ལོ1949ལོའི་ཟླ12པའི་ཚེས23ཉིན་ཧྲན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་ཆིན་ཅན་རྫོང་ཧྲི་ཅི་དབྱི་ཞང་ཝང་ཅ་པའོ་གྲོང་ཚོའི་དབུལ་ཕོངས་ཀྱི་ཞིང་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ7ལ་སོན་སྐབས་ཁྱིམ་གྱི་དཀའ་ངལ་གྱི་དབང་གིས་ཡན་ཁྲོན་རྫོང་གི་གྲོང་གསེབ་ཀྱི་ཨ་ཁུ་ལ་བུ་སྐལ་དུ་བྱིན། སྤྱི་ལོ1969ལོར་ཕ་ཡུལ་དུ་ལོག་ནས་ཞིང་ལས་གཉེར་ཞིང་། སྤྱི་ལོ1973ལོར་ཡན་ཨན་སློབ་ཆེན་གྱི་རྒྱའི་སྐད་ཡིག་སྡེ་ཁག་ཏུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་དེའི་རིང་རྩོམ་རིག་གསར་རྩོམ་བྱེད་འགོ་ཚུགས། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས《ཧྲན་ཞིའི་རིག་རྩལ》(ད་ལྟ《ཡན་ཧོ》)ཞེས་པའི་རྩོམ་སྒྲིག་པའི་འགན་བཞེས། སྤྱི་ལོ1980ལོར《སྙིང་འགུལ་བླ་འདར་གྱི་རྣམ་པ་ཞིག》ཅེས་པ་སྤེལ་ནས་སྐབས་དང་པོའི་རྒྱལ་ཡོངས་ཀྱི་བརྩམས་སྒྲུང་འབྲིང་གྲས་ཀྱི་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་། སྤྱི་ལོ1982ལོར་སྒྲུང་འབྲིང《མི་ཚེ》ཞེས་པ་སྤེལ།

སྤྱི་ལོ1992ལོའི་ཟླ11པའི་ཚེས17ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ20སྟེང་། ལུའུ་ཡའོ་ཁོང་ལ་མཆིན་ནད་ཕོག་སྟེ་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པས། དགུང་ལོ་ཞེ་གཉིས་སྟེང་ཧྲན་ཞི་ཞི་ཨན་དུ་སྐུ་གཤེགས།

དཔྱད་གཞིའི་ཡིག་ཆ།