ཝ་ཧྥང་ཏེན་གྲོང་ཁྱེར་ལ་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་གྱིན་ཡོད་ཅིང་། ལིའོ་ཏུང་ཕྱེད་གླིང་གི་དབུས་དང་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། བྱང་འཕྲེད་ཐིག39°20′-40°07′དང་ཤར་གྱི་གཞུང་ཐིག121°13′-122°16′ཡི་གནས་སུ་ཆགས་ཡོད། ཤར་ཕྱོགས་སུ་ཕུའུ་ལན་ཏེན་ས་ཁུལ་དང་འབྲེལ་ཡོད་པ་དང་། ནུབ་ངོས་པོ་ཧའེ་རྒྱ་མཚོ་དང་། ལྷོ་ངོས་སུ་ཅིན་ཀྲོའུ་ས་ཁུལ་དང་འབྲེལ་ནས་ཡོད། བྱང་ངོས་དབྱིན་ཁོའུ་ཀའེ་ཀྲོའུ་གྲོང་ཁྱེར་གྱི་འདབས་དང་འབྲེལ་ཡོད། གྲོང་ཁྱེར་དེའི་མངའ་ཁོངས་སུ་ཁྲོམ་གཞུང9དང་། གྲོང་རྡལ13ཤང8རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ1(ཏཱ་ལེན་ཁྲང་ཞན་གླིང་ཕྲན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ)བཅས་ཡོད། བྱང་ནས་ཧྲེན་དབྱང་དང་བར་ཐག་སྤྱི་ལེ292དང་། ལྷོ་ནས་ཏཱ་ལེན་དང་བར་ཐག་སྤྱི་ལེ104ཡོད་ལ། ཧྲེན་དབྱང་དང་ཏཱ་ལེན་སྦྲེལ་ཡོད་པའི་དཔལ་འབྱོར་ཁུལ་གལ་ཆེན་ཞིག་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3553དང་། མི་འབོར་ཁྲི103ཡོད། སྤྱི་ལོ2010ལོར་ཝ་ཧྥང་ཏེན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་སྒོར་དུང་ཕྱུར650མངོན་འགྱུར་བྱུང་ཡོད།
ཝ་ཧྥང་ཏེན་གྲོང་ཁྱེར་ལ་ལོ་རྒྱུས་རྒྱུན་རིང་ཞིང་ལོ་ངོ་བཞི་སྟོང་ལྔ་སྟོང་ལྷག་གི་སྔོན་གྱི་རྡོ་ཆས་གསར་མའི་དུས་སྐབས་ནས་བཟུང་གནས་འདིར་མིའི་རིགས་འཚོ་གནས་བྱས་ཡོད་པ་དང་། ཀྲན་གོའི་སྐབས་སུ་གནས་འདི་ནས་འཛུགས་བསྐྲུན་བྱས་ཡོད་པའི་ལོ་རྒྱུས་ཡོད།
ཀྲན་གོའི་དུས་སྐབས་སུ་ས་ཁུལ་འདི་ཡན་རྒྱལ་ཁབ་ཀྱི་ཕེན་ཀྲོའུ་ལིའོ་ཏུང་ཅུན་གྱི་མངའ་ཁོངས་ཡིན།
ཆིན་རྒྱལ་རབས་ཀྱི་དུས་སུ་ལིའོ་ཏུང་ཅུན་གྱི་མངའ་ཁོངས་ཡིན།
ཧན་ནུབ་མའི་དུས་སུ་ཝུན་རྫོང་དུ་བསྒྱུར། ཡིའུ་ཀྲོའུ་ལིའོ་ཏུང་ཅུན་གྱི་ཁོངས་སུ་གཏོགས།
ཧན་ཤར་མའི་དུས་སུ་ཝུན་རྫོང་ལ་བསྒྱུར་ཞིང་། ཝེ་རྒྱལ་ཁབ་ཀྱི་ཕེན་ཀྲོའུ་ལིའོ་ཏུང་ཅུན་གྱི་ཁོངས་སུ་གཏོགས།
ཅིན་རྒྱལ་རབས་གཉིས་དང་། ཡན་སྔ་མ། ཆིན་ཕྱི་མ། ཡན་ཕྱི་མ་བཅས་ཀྱི་དུས་སུ་ཕིན་ཀྲོའུ་ལིའོ་ཏུང་ཅུན་གྱི་ཁོངས་སུ་གཏོགས།
ཅིན་ཡོན་ཞིན་གྱི་ལོ་གསུམ་པར་མངའ་ཁོངས་སུ་དུ་ལི་ཡན་མཁར་བཙུགས།(ད་སྐབས་ཀྱི་དི་ལི་སི་གྲོང་རྡལ་ལུང་ཐན་རི་བོ་ཡིན།)ལིའོ་ཏུང་ཁྲེང་གི་ཁོངས་སུ་གཏོགས།
ཐང་ཙུང་ཀྲང་ཁྲི་ལོ་དང་པོ་སྤྱི་ལོ668ལོར་ཨན་ཏུང་སྤྱི་ཁྱབ་ལྟ་སྐྱོང་ཁང་གི་ཁོངས་སུ་གཏོགས།
ལིའོ་རྒྱལ་རབས་ཀྱི་ཐོག་མའི་དུས་སུ་མིན་རྫོང་དུ་སྤོས་པ་དང་། ཧོང་ལུང་གཞུང་གི་ཁོངས་གཏོགས་བྱས། རྗེས་སུ་ཀྲོའུ་གསར་དུ་བཙུགས་ནས་ཧྥུའུ་ཀྲོའུ་རུ་བསྒྱུར།
ལིའོ་ཞིན་ཙུང་ཅིན་ཧྥུའུ་ཁྲི་ལོ་དང་པོར་ཧྥུའུ་ཀྲོའུ་ཧོའེ་ཏེ་དམག་གི་མཐའ་སྲུང་སྤྱི་དཔོན་བཙུགས་པ་དང་དེའི་ཁོངས་སུ་ཡུང་ཉིང(རྗེས་སུ་ཡོང་ཁང་ལ་བསྒྱུར)དང་ཏེ་ཧྲེན(དེང་གི་ཅིན་ཀྲོའུ)རྫོང2ཡོད་ལ། ཏུང་ཅིན་ཁྲོམ་གྱི་ལིའོ་དབྱང་གཞུང་གི་ཁོངས་སུ་གཏོགས།
ཅིན་གྱིས་ལིའོ་ལུགས་ལ་རྒོལ་དུས་མིང་ཁྲང་ལོ་བཞི་བ་སྤྱི་ལོ1013ལོར་ཧྥའུ་ཀྲོའུ་ཧོའེ་ཏེ་དམག་གི་མཐའ་སྲུང་སྤྱི་དཔོན་ལྟ་ཞིབ་དཔོན་དུ་ཕབ་ཅིང་། ཡུང་ཁང་དང་ཧྭ་ཁྲེང(དེང་གི་ཅིན་ཀྲོའུ)རྫོང་གཉིས་དང་ཀུའེ་ཧྲེན་གྲོང་རྡལ(དེང་གི་ཀའེ་ཀྲོའུ་གྲོང་ཁྱེར་གྱི་ཀུའེ་ཀྲོའུ)དང་། ཏུང་ཅིན་ལམ་གྱི་ལིའོ་དབྱང་གཞུང་གི་ཁོངས་གཏོགས་བྱས།
ཡོན་ཀྱི་དུས་མགོར་ཧྥུའུ་ཀྲོའུ་མེད་པར་བཏང་ནས་ཀེ་ཀྲོའུ་ཡི་མངའ་ཁོངས་སུ་བྱས།
ཡོན་ཧྲི་ཙུའུ་ནས་ཡོན་ལོ་ཉེར་གཅིག་པ་སྤྱི་ལོ1284ལོར་ཅིན་ཧྥུའུ་ཀྲོའུ་ཡི་ཁྲི་སྒར་བཙུགས་ནས་ཅིན་ཀྲོའུ་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཤིང་། ལིའོ་དབྱང་ཞིང་ཆེན་གྱི་ལིའོ་དབྱང་ལམ་གྱི་ཁོངས་གཏོགས་བྱས།
མེན་ཧོང་བོ་ལོ་ལྔ་བ་སྤྱི་ལོ1372ལོར་སྔར་བཞིན་ཧྥའུ་ཀྲོའུ་ཞེས་བཞག་ཡོད།
ཧོང་བོ་ལོ་བཅུ་བཞི་བ་སྤྱི་ལོ1381ལོའི་ཟླ9པར་ཧྥུའུ་ཀྲོའུ་ཝེ་བཙུགས་པ་དང་། གཡོན་དང་། གཡས། དབུས། སྔོན་བཅས་བཞི་ཡི་སྟོང་དཔོན་བྱས་པ་དང་། ཝེ་དང་ཀྲོའུ་མཉམ་དུ་གནས་ཆོག་པར་བྱས།
ཧོང་བོ་ཁྲི་ལོ་ཉེར་བརྒྱད་པ་སྤྱི་ལོ1395ལོའི་ཟླ4བར་ཀྲོའུ་མེད་པར་བཏང་ནས་ཝེ་གཅིག་པུར་བྱས། ལིའོ་ཤར་མའི་སྤྱིའི་བཀོད་འདོམས་གླིང་གི་ཁོངས་གཏོགས་བྱས།
ཆིན་གྱི་ཧྲོན་དྲི་ཁྲེ་ལོ་བཅོ་བརྒྱད་པ་སྤྱི་ལོ1661ལོར་ཧྥུའུ་ཀྲོའུ་སྐོར་སྐྱོད་ཞིབ་བཤེར་གླིང་བཙུགས་ཤིང་། ལིའོ་དབྱང་སྒར་གྱི་ཧའེ་ཁྲེང་རྫོང་གི་ཁོངས་གཏོགས་བྱས།
ཁང་ཞི་ཁྲི་ལོ་གུསམ་པ་སྤྱི་ལོ1664ལོར་ཀའེ་ཕིན་རྫོང་གི་ཁོངས་གཏོགས་བྱས།
ཡོང་གྲིན་ཁྲི་ལོ་ལྔ་པ་སྤྱི་ལོ1727ལོར་ཀའེ་ཕིང་རྫོང་སོ་སོར་བགོས་ནས་ཧྥུའུ་ཀྲོའུ་རྟགས་དཔྱད་ཁང་བཙུགས་ཤིང་དེའི་ཁོངས་སུ་ཅིནཀྲོའུ་དང་ཧྥུའུ་ཀྲོའུ་ས་ཁུལ་གཉིས་འདུས་ཡོད།
ཡོང་གྲིན་ཁྲི་ལོ་བཅུ་གཉིས་པ་སྤྱི་ལོ1734ལོར་ཀྲོའུ་དུ་བསྒྱུར་ནས་ཧྥིན་ཐེན་གཞུང་གྱི་ཁོངས་གཏོགས་བྱས།
སྤྱི་ལོ1913ལོར་ཧྥུའུ་ཀྲོའུ་དེ་ཧྥུའུ་རྫོང་དུ་བསྒྱུར།
སྤྱི་ལོ1925ལོའི་ཟླ12པར་རྫོང་ཀུང་ཧྲུའུ་ཡིས་ཧྥུའུ་ཀྲོའུ་མཁར་ཝ་ཧྥང་ཏེན་དུ་སྤོས།
ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཧྥུའུ་རྫོང་ཐོག་མར་ལིའོ་ཏུང་ཞིང་ཆེན་གྱི་ཁོངས་སུ་གཏོགས།
སྤྱི་ལོ1954ལོའི་ཟླ8ཚེས1ཉིན་ལིའོ་ཞི་དང་ལིའོ་ཏུང་ཞིང་ཆེན་གཉིས་ཟླ་བསྒྲིལ་བཏང་ནས་ལིའོ་ཉིང་ཞིང་ཆེན་དུ་བསྒྱུར་ནས་དེའི་ཁོངས་གཏོགས་བྱས།
སྤྱི་ལོ1956ལོའི་ཟླ2པའི་ཚེས8ཉིན་ལིའོ་ཉིང་ཞིང་ཆེན་ལིའོ་དབྱང་ཆེད་ཁུལ་དུ་གཏོགས་པར་བྱས།
སྤྱི་ལོ1959ལོའི་ཟླ1ཚེས4ཉིན་ལིའོ་ཉིང་ཞིང་ཆེན་གྱི་ལོའི་ཏཱ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པར་བྱས།
སྤྱི་ལོ1966ལོའི་ཟླ3པའི་ཚེས16ཉིན་ལིའོ་ཉིང་ཞིང་ཆེན་གྱི་ལིའོ་ནན་ཆེད་ཁུལ་དུ་གཏོགས་པར་བྱས།
སྤྱི་ལོ1968ལོའི་ཟླ12པའི་ཚེས26ཉིན། ལིའོ་ནན་ཆེད་ཁུལ་མེད་པར་བཟོས་ནས་ལིའོ་ཏཱ་གྲོང་ཁྱེར(སྤྱི་ལོ1981ལོའི་ཟླ2པར་ཏཱ་ལེན་གྲོང་ཁྱེར་ཞེས་པར་བསྒྱུར ) གྱི་ཁོངས་སུ་གཏོགས་པར་བྱས།
སྤྱི་ལོ1985ལོའི་ཟླ1ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧྥུའུ་རྫོང་མེད་པར་བྱས་ཏེ་ཝ་ཧྥང་ཏེན་གྲོང་ཁྱེར(རྫོང་རིམ་པ)བཙུགས།
སྤྱི་ལོ1985ལོའི་ཟླ4ཚེས1ཉིན་ཝ་ཧྥང་ཏེན་གྲོང་ཁྱེར་དངོས་སུ་བཙུགས་པ་དང་ལིའོ་ཉིང་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་ཏཱ་ལེན་གྲོང་ཁྱེར་གྱིས་དེའི་ཚབ་བྱས་ནས་དོ་དམ་བྱས།
སྤྱི་ལོ2010ལོའི་ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏཱ་ལེན་ཁྲང་ཞིན་གླིང་ཕྲན་གྲུ་ཁའི་བཟོ་ལས་ཁུལ་དེ་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བྱས་པ་དང་། མིང་ལ་ཏཱ་ལེན་ཁྲང་ཞིན་གླིང་ཕྲན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བཏགས། ད་ལྟ་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཝ་ཧྥང་ཏེན་གྲོང་ཁྱེར་གྱིས་ཚབ་བྱས་ནས་ཁྲང་ཞིན་ཏའོ་སྲང་ལམ་དང་ཅོ་ལོའུ་ཏའོ་སྲང་ལམ་ལ་ཚབ་གཉེར་བྱས།
སྤྱི་ལོ2010ལོའི་ཟླ4ཚེས9ཉིན་ཏཱ་ལེན་གྲོང་ཁྱེར་གྱིས་གྲོང་ཁུལ་གསར་པའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་བྱེད་འགོ་བཙུགས་ནས་ཝ་ཧྥང་ཏེན་གྲོང་ཁྱེར་གྱི་ཕའོ་ཐའེ་གྲོང་རྡལ་དང་ཧྥུའུ་ཀྲོའུ་ཝན་གྲོང་རྡལ(རྗེས་སུ་ཚང་མ་ཁྲོམ་གཞུང་དུ་རིམ་སྤོར་བ)གཉིས་ཕུའུ་ཝན་ཁུལ་གསར་གྱི་དོ་དམ་བྱེད་ཁོངས་སུ་བསྒྱུར།
སྤྱི་ལོ2013ལོའི་ཟླ1པོར་ལིའོ་ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《ལེའོ་ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཏཱ་ལེན་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་མཆན་འགོད》(ལིའོ་ཉིང་སྲིད་གཞུང་གི་སྤེལ[2012]ཡིག་ཨང169པ)གྱི་བླང་བྱ་གཞིར་བཟུང་ནས་ཕུའུ་ལན་ཏེན་གྱི་ཡོན་ཐའེ་གྲོང་རྡལ་དང་ཝ་ཝོ་གྲོང་རྡལ་དེ་དངོས་སུ་ཝ་ཧྥང་ཏེན་གྲོང་ཁྱེར་གྱི་དོ་དམ་ས་ཁུལ་དུ་གཏན་ཁེལ་བྱས།
སྤྱི་ལོ2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏཱ་ལེན་ཅིན་ཕུའུ་ཁུལ་གསར་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་དང་། ཧོ་ཅིན་ཀྲོའུ་ཁུལ་གསར་དང་ཕུའུ་ཝན་ཁུལ་གསར་གཉིས་ཟླ་བསྒྲིལ་བཏང་བ་མ་ཟད། ཕུའུ་ཝན་ཁུལ་གསར་མེད་པར་བཟོས་ནས། ཕའོ་ཐའེ་ཁྲོམ་གཞུང་དང་ཕུའུ་ཀྲོའུ་ཝན་ཁྲོམ་གཞུང་དེ་ཅིན་ཕུའུ་ཁུལ་གསར་གྱི་ཁོངས་སུ་བཅུག་པ་དང་སྲིད་འཛིན་ས་ཁོངས་ཅིན་ཀྲོའུ་ཆུས་ཀྱི་ཁོངས་གཏོགས་བྱས།
ཝ་ཧྥང་ཏེན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང11ཡོད་པ་སྟེ། ཝུན་ལན་ཁྲོམ་གཞུང་དང་། གོང་ཅི་ཁྲོམ་གཞུང་། ཐིའེ་ཏུང་ཁྲོམ་གཞུང་། ལིང་ཏུང་ཁྲོམ་གཞུང་། ཀྲུའུ་ཧྭ་ཁྲོམ་གཞུང་། ཀང་ཏེན་ཁྲོམ་གཞུང་། ཞིན་ཧྭ་ཁྲོམ་གཞུང་། ཐེ་ཡང་ཁྲོམ་གཞུང་། ཅིའུ་ལུང་ཁྲོམ་གཞུང་། ཁྲང་ཞིན་ཏའོ་ཁྲོམ་གཞུང་། ཅོ་ལེའོ་ཏའོ་ཁྲོམ་གཞུང་བཅས་ཡིན།
གྲོང་རྡལ13ཡོད་པ་ཧྥུའུ་ཀྲོའུ་ཁྲེང་གྲོང་རྡལ་དང་། སུང་ཧྲུའུ་གྲོང་རྡལ། ཏེ་ལི་དགོན་གྲོང་རྡལ། ཝན་ཅཱ་ལིང་གྲོང་རྡལ། ཞུས་ཐུན་གྲོང་རྡལ། ཡུང་ཉིང་གྲོང་རྡལ། ཞེ་ཐུན་གྲོང་རྡལ། ཧུའུ་ཐུན་གྲོང་རྡལ། ཧུང་ཡན་ཧོ་གྲོང་རྡལ། ལི་ཀོན་གྲོང་རྡལ། ཞན་ཕུའུ་ཝན་གྲོང་རྡལ། ཝ་ཝོ་གྲོང་རྡལ། ཡོན་ཐའེ་གྲོང་རྡལ་བཅས་ཡོད།
ཤང8ཡོད་པ་ཐུའུ་ཁྲེང་ཤང་། ཡན་ཏེན་ཤང་། ཞི་དབྱང་ཤང་། ཕའོ་ཡཱ་ཤང་། ཐོ་ཧྲན་ཤང་། ཀྲའོ་ཐུན་ཤང་། དབྱང་ཅཱ་མན་ཇུ་རིགས་ཤང་། སན་ཐའེ་མན་ཇུ་རིགས་ཤང་བཅས་ཡིན།
ཝ་ཧྥང་ཏེན་གྲོང་ཁྱེར་ནི་ལིའོ་ཏུང་ཕྱེད་གླིང་གི་དཀྱིལ་གྱི་ནུབ་ངོས་སུ་ཆགས་ཡོད་པ་དང་།འཕྲེད་ཐིག་བྱང་མ39°20′-40°07′ཡི་བར་དང་། ཤར་ཕྱོགས་ཀྱི་གཞུང་ཐིག121°13′-122°16′ཡི་བར་དུ་ཆགས་ཡོད། ཤར་ནི་ཕུའུ་ལན་ཏན་ཆུས་དང་ཐག་ཉེ་ཞིང་། ནུབ་པོ་ཧའེ་རྒྱ་མཚོ་དང་། ལྷོ་ནི་ཅིན་ཀྲོའུ་ཆུས། བྱང་ནི་ཀའེ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3793.53ཟིན་ཡོད། སྐམ་མཚོའི་མཚམས་ཐིག་གི་རིང་ཚད་ལ་སྤྱི་ལེ461.2ཟིན་པ་དེས་ཏཱ་ལེན་གྲོང་ཁྱེར་གྱི་སྐམ་མཚོའི་མཚམས་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ1906ཡོད་པའི་ནང24.2%བཟུང་ཡོད། དེའི་ནང་སྐམ་སའི་མཚོ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ423.2ཟིན་ཡོད། ས་ཁོངས་ནང་གི་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་བས་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་དང་། ཧྭ་ཏཱ་ལྕགས་ལམ་དང་། ཧྭ་ཏཱ་མྱུར་བགྲོད་ལྕགས་ལམ། ཧྭ་ཏཱ་མྱུར་བགྲོད་གཞུང་ལམ། ཧྲེན་ཏཱ་མྱུར་བགྲོད་གཞུང་ལམ(ད་ལྟའི་ཧྲེན་ཧའེ་མྱུར་བགྲོད་གཞུང་ལམ་ལིའོ་ཉིང་དུམ་བུ)ལྷོ་བྱང་དུ་ཤར་བགྲོད་ཐུབ། གྲོང་ཁྱེར་གྱི་གཞུང་ལམ་བརྒྱད་ཤར་ནུབ་རྒྱུད་དུ་འཕྲེད་དུ་བརྒལ་ཡོད་པས། ཏཱ་ལེན་གྲོང་ཁྱེར་བྱང་རྒྱུད་ས་ཁུལ་གྱི་ཤར་ནུབ་བགྲོད་ལམ་ཆེན་པོ་བྱང་རྒྱུད་ཀྱི་ཤང་གྲོང་གསུམ་དུ་འཕྲེད་དུ་བརྒལ་ཡོད་པ་རེད། གྲོང་ཁུལ་གྱི་བྱང་ནས་ཧྲེན་དབྱང་དང་བར་ཐག་སྤྱི་ལེ292ཡོད་པ་དང་། ལྷོ་ནས་ཏཱ་ལེན་བར་སྤྱི་ལེ104ཡོད། ཝ་ཧྥང་ཏེན་གྲོང་ཁྱེར་གྱི་ས་བབ་བྱང་ཤར་མཐོ་ཞིང་ལྷོ་ནུབ་དམའ་བ་དང་། ཆན་ཧྲན་རི་བོའི་རི་རྒྱུད་བྱང་ཤར་ནས་ལྷོ་ནུབ་ཏུ་བསྲིངས་ཏེ་རི་དམའ་བ་དང་། རི་མ་ཐང་། བདེ་ཐང་། སྐམ་ས། གྲམ་ཐང་བཅས་ཟུང་དུ་འབྲེལ་བའི་ས་དབྱིབས་རིགས་མང་པོ་ཞིག་ཆགས་ཡོད་པས། རང་ཤུགས་སུ“རི་དྲུག་དང་ཆུ་གཅིག་ས་ཞིང་གསུམ”གྲུབ་ཡོད།
ཝ་ཧྥང་ཏེན་ནི་དྲོད་འཇམ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། དགུན་དུས་གྲང་ངར་མེད་པ་དང་། དབྱར་དུས་ཚ་གདུག་མེད། དུས་བཞི་གསལ་པོ་ཡོད་ལ། ལོ་རེའི་ཆ་སྙོམས་དྲོད་ཚད9.3℃ཡིན། སད་མེད་དུས་ཉིན165ནས185བར་ཡིན། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི580ནས750བར་ཡིན། ལོ་ཧྲིལ་པོར་ཉི་མའི་འགྱེད་འཕྲོ་བྱེད་ཚད་སྟོང་ཁེ་རེར་ཧྭོ་སྨི་གྲུ་བཞི་མ143.3ཡིན་པ་བཅས་རེད།
སྤྱི་ལོ2011ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་གྲངས942845ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར320960ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར8176ཡོད་པ་དང་སྐྱེས་ཚད8.67%ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར4592ཡོད་པ་དང་། དབང་པོ་སྐྱོན་ཅན་དུ་གྱུར་ཚད་སྟོང་ཆའི4.87ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི3.80ཟིན་ཡོད།
ཝ་ཧྥང་ཏེན་གྲོང་ཁྱེར་དུ་རྒྱ་རིགས་ཕུད་ད་དུང་གྲངས་ཉུང་མི་རིགས24ལྷག་ཡོད་དེ། དེ་དག་ནི་སོག་རིགས་དང་། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཧ་སག་རིགས། ཏའེ་རིགས། ལི་རིགས། ཧྲེ་རིགས། ཏ་ཝོར་རིགས། མུའུ་ལའོ་རིགས། ས་ལར་རིགས། ཞི་པོ་རིགས། ཨུ་རུ་སུ་རིགས། ཨོ་ཝུན་ཁེ་རིགས་བཅས་ཡོད།
གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཅུང་མགྱོགས། ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། སྤྱི་ལོ201ལོར་གྲོང་ཁྱེར་དེ་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར650.2ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས24%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར71.3ཟིན་ནས8.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར396.1ཟིན་པས33.9%འཕར་བའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར376.6ཟིན་ནས35.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར182.8ཟིན་པས12.8%འཕར་ཡོད། ཐོན་ལས་གསུམ་པའི་བསྡུར་ཚད་ནི11.0%དང་། 60.9%དང་། 28.1%བཅས་ཡིན། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར65038ཟིན་པ་དེ་ཨ་སྒོར9821ལ་ཕབ་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས11.2%འཕར་ཡོད། “ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་ཀྱི19.0%འཕར་བ་དང་བསྡོམས་འབོར་སྤྱི་ལོ2005ལོ་ལས་ལྡབ1.77འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་སྤྱི་ལོ2005ལོའི17.3:54.4:28.3ནས་11.0:60.9:28.1བར་ལེགས་སྒྲིག་བྱས་ཡོད། ནོར་སྲིད་ཡོང་འབབ་མགྱོགས་མྱུར་ངང་འཕར་ཡོད་པ་དང་། ལོ་ཧྲིལ་པོར་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར35.6ཟིན་པ་དེ་ལོ་གོང་མ་ལས41.9%འཕར་བ་དང“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”ལོ་རེའི་ཆ་སྙོམས་འཕར་ཚད34.5%ཟིན་ནས་ལོ་ལྔ་བསྟུད་མར་ལིའོ་ཉིང་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར44ཡི་ཨང་དང་པོར་སླེབས་ཡོད། སྲིད་གཞུང་གི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར113.1ཟིན་པ་དེ123.8%འཕར་ནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཡོད། ལོ་ཧྲིལ་བོའི་ནོར་སྲིད་ཀྱི་སྤྱིར་བཏང་འགྲོ་སྲོང་སྔོན་རྩིས་བྱས་པ་སྒོར་དུང་ཕྱུར44.4ཟིན་པ་དེ་ལོ་གོང་མ་ལས36.5%འཕར་བ་དང“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”ལོ་རེར་ཆ་སྙོམས་འཕར་ཚད30.1%ཟིན་ཡོད།
ཁྲལ་བསྡུའི་ཡོང་འབབ་དེ་བྱང་གི་གྲོང་ཁྱེར་གསུམ་གྱི་ཨང་དང་པོར་སླེབས་ཡོད། སྤྱི་ལོ2010ལོར་ཝ་ཧྥང་ཏེན་གྲོང་ཁྱེར་གྱི་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི239043དང་ཁྲལ་མིན་ཡོང་འབབ་སྒོར་ཁྲི116753ཟིན་པ་དེས་སྤྱིར་བཏང་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད67%ཟིན་ནས་བྱང་རྒྱུད་གྲོང་ཁྱེར་གསུམ་གྱི་ཨང་དང་པོར་སླེབས་ཡོད།
དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་དངུལ་བུན་གཏོང་རྒྱ་ཆེ་རུ་བཏང་ཡོད། སྤྱི་ལོ2010ལོའི་ལོ་མཇུག་བར་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར395.2ཟིན་པ་དེ་ལོ་གོང་མ་ལས18.9%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་སྒོར་དུང་ཕྱུར268.1ཟིན་ནས16.4%འཕར་ཡོད། མི་དམངས་ཤོག་སྒོར་གྱི་དངུལ་བུན་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར181.1ཟིན་པ་དེ་དུས་མཚུངས་ལས33.4%འཕར་ཡོད།
སྤྱི་ལོ2010ལོར་གྲོང་ཁྱེར་ཡོངས་སུ་མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ4819(དེའི་ནང་གཞུང་བཙུགས་སློབ་མ3896དང་དམངས་བཙུགས་སློབ་མ923)དང་བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ14448(དེའི་ནང་གཞུང་བཙུགས་སློབ་མ11911དམངས་བཙུགས་སློབ་མ2537) མཐར་བྱིན་སློབ་མ་སློབ་མ4667(དེའི་ནང་གཞུང་བཙུགས་སློབ་མ4052དང་དམངས་བཙུགས་སློབ་མ615) མཐོ་འབྲིང་སློབ་མའི་སློབ་རིམ་ཐོབ་ཚད87.2%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་དམའ་རིམ་སློབ་འབྲིང་དཀྱུས་མར་སློབ་མ7883(དེའི་ནང་གཞུང་བཙུགས་སློབ་མ7846དང་དམངས་བཙུགས་སློབ་མ37)དང་། དམའ་རིམ་སློབ་འབྲིང་དཀྱུས་མར་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད99.89%དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ25541(དེའི་ནང་གཞུང་བཙུགས་སློབ་མ25418དང་དམངས་བཙུགས་སློབ་མ123)སློབ་ཐོན་སློབ་མ10154(དེའི་ནང་གཞུང་བཙུགས་སློབ་མ10129དང་དམངས་བཙུགས་སློབ་མ25)བཅས་ཡོད། སློབ་ཆུང་དཀྱུས་མར་སློབ་མ5767(དེའི་ནང་གཞུང་བཙུགས་སློབ་མ5758དང་དམངས་བཙུགས་སློབ་མ9)སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད99.96%དང་སློབ་གྲྭར་ཡོད་པའི་སློབ་མ37793(དེའི་ནང་གཞུང་བཙུགས་སློབ་མ37680དང་དམངས་བཙུགས་སློབ་མ113)མཐར་བྱིན་སློབ་མ7662(དེའི་ནང་གཞུང་བཙུགས་སློབ་མ7633དང་དམངས་བཙུགས་སློབ་མ29)བཅས་ཡོད། དམིགས་བསལ་སློབ་གསོའ་མྱོང་བཞིན་པའི་སློབ་མ96ཡིན། བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ16947ཡོད།
སྤྱི་ལོ2012ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་སྨན་ཁང་དང་འཕྲོད་བསྟེན་ཁང35ཡོད་པ་དང་ཉལ་ཁྲི4351ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་མི592030གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་པ་དང་ཞུགས་ཚད99.3%ཟིན་ཡོད། མཉམ་ལས་སྨན་བཅོས་ཐད་སྒོར་ཁྲི9472གྲབས་གསོག་བྱས་ཡོད།
སྤྱི་ལོ2012ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་རིག་གནས་ཁང2དང་། ལུས་རྩལ་ཁང10 གློག་བརྙན་ཟློས་གར་ཁང7རྟེན་རྫས་བཤམས་མཛོད་ཁང1བཅས་ཡོད་ལ། བརྙན་འཕྲིན་དང་རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད100%ཟིན་པ་དང་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི10ཡོད།
ལའོ་མའོ་རི་བོ་ནི་ཝ་ཧྥང་ཏེན་ས་ཁུལ་གྱི་བྱང་ཤར་རྒྱུད་དུ་གནས་པ་དང་། ཤར་ངོས་ཕུའུ་ལན་ཏེན་ཁུལ་དང་འབྲེལ་ནས་ཡོད་པ་དང་བྱང་ཤར་ཀའེ་ཀྲོའུ་གྲོང་ཁྱེར་དང་འབྲེལ་ཡོད་ལ་གྲོང་ཁྱེར་གསུམ་གྱི་ས་མཚམས་རི་བོ་ཡིན། ས་བབ་མཐོ་ཚད་སྨི848ཡོད་པ་དང་གྲོང་ཁྱེར་དེའི་རི་ཚོགས་དག་གི་ཁྲོད་ཆེས་མཐོ་ཤོས་ཡིན། རི་བོ་མཐོ་ཞིང་གཟར་ལ་གནམ་ངོ་དྭངས་དུས་རི་མགོ་ནས་རྒྱང་ལྟ་བྱས་ན་པོ་ཧའེ་རྒྱ་མཚོའི་དང་ལིའོ་ཏུང་མཚོ་ཁུག་ཀྱང་མཐོང་ཐུབ། ལའོ་མའོ་རི་བོའི་ནུབ་ནི་ཧྥོ་ཏུའུ་གཙང་པོའི་མགོ་ཁོངས་ཡིན་ལ་དེ་སྔ་རི་བོའི་སྟེང་དུ་ཙན་དན་ནགས་ཚལ་སྟུག་པོ་ཡོད་པ་དང་། རྩི་ཤིང་སྣ་ཚོགས་ཀྱི་གང་ཡོད་ལ་རྟག་ཏུ་འདབ་ཆགས་དང་རི་དྭགས་ཡོད་པས་དེ་ནི་རང་བྱུང་གི་ཙོང་འབུ་ར་བ་ཞིག་རེད། ཕྱིས་སུ་རི་མགོའི་སྔོ་ཁེབས་རིམ་བཞིན་ཇེ་ཉུང་དུ་སོང་བ་དང་སྐྱེ་ཁམས་ལ་གཏོར་བརླག་ཐེབས་པས་བྱ་རིགས་དང་རི་དྭགས་གནས་གཞན་དུ་་སྤོས་བ་དང་། རི་སྟེང་གི་ཤིང་ཏོག་སྣ་ཚོགས་ཀྱང་དེ་དང་བསྟུན་ནས་མཐོང་དཀོན་པར་གྱུར།
ཧྥུའུ་ཀྲོའུ་གཙང་པོ། དེའི་སྔོན་དུ་ཧྲ་ཧོ་གཙང་བོ་ཟེར། དེ་ནི་ཕུའུ་ལན་ཏེན་ཁུལ་གྱི་ཐུང་དབྱི་ཁྲོམ་གཞུང་བྱང་རྒྱུད་ཀྱི་ཏུང་ཧྲན་རི་བོ་ནས་ཐོན་པ་ཡིན། ཆུ་འགོའི་མཐོ་ཚད་སྨི817.7ཡིན་ལ་ཆ་སྙོམས་ཀྱི་མར་འབབ་ཚད1.5%ཡིན། ཆུ་རྐའི་ཞེང་ཚད་ལ་ཆ་སྙོམས་སྨི300ཡོད། དེ་ཐུང་དབྱི་དང་ཨན་པོ་གྲོང་རྡལ་བརྒྱུད་དེ་ཧྥེ་ཡོན་ལྡུམ་ར་ནས་ནུབ་ཕྱོགས་སུ་ཝ་ཧྥང་ཏན་གྲོང་ཁྱེར་གྱི་སུང་ཧྲུའུ་གྲོང་རྡལ་བརྒྱུད་ནས་ཏེ་ལི་དགོན་གྲོང་རྡལ་དང་། ཀྲུའུ་ཧྭ་ཁྲོམ་གཞུང་། ཐའེ་དབྱང་ཧྲེང་ཤང་། ལའོ་ཧུའུ་ཐུན་མན་ཇུ་རིགས་ཀྱི་གྲོང་རྡལ། དབྱང་ཅ་མན་ཤང་། ཧྥུའུ་ཀྲོའུ་གྲོང་རྡལ། ཞན་ཕུའུ་ཝན་ཤང་། མན་ཇུ་རིགས་ཀྱི་ཤང་བཅས་བརྒྱུད་ཏེ་པོ་ཧའེ་རྒྱ་མཚོའི་ནང་འབབ་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ136.5ཡོད་པ་དང་མངའ་ཁོངས་སུ་སྤྱི་ལེ100ཡོད་ལ་དེ་ནི་མངའ་ཁོངས་ནང་གི་ཆུ་བོ་རིང་ཤོས་དེ་ཡིན། ཆར་ཆུ་འབབ་གསོག་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1638ཟིན་པ་དང་། ལོ་མང་ཆ་སྙོམས་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི29737ཟིན་ཡོད། ཆུ་ཚད་མཐོ་ཤོས་སྨི5.91ཡིན། རྒྱུག་ཚད་ཆེ་ཤོས་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི930ཟིན་པ་རེད། གཙང་པོའི་སྟོད་དུ་ལས་གྲྭས་ལྕགས་ལམ་ཟམ་པ་དང་། གཞུང་ལམ་ཟམ་པ3དང་འགྱིག་གི་རགས་དང་ཆུ་རགས1བཅས་བསྐྲུན་པ་ཕུད། སྤྱི་ལོ1958ལོ་དང་སྤྱི་ལོ1976ལོ། སྤྱི་ལོ1994ལོ་བཅས་ཐེངས་གསུམ་ལས་འགོ་ཚུགས་ནས་རྒྱལ་ཁབ་ཀྱིIIདབྱིབས་ཀྱི་ཏུང་ཧྥིན་ཆུ་མཛོད1བསྐྲུན་པ་དང་། ཇུས་འགོད་བྱས་པའི་ཆུ་མཛོད་ཀྱི་ཤོང་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.42ཟིན་ཡོད། སྤྱི་ལོ1971ལོར་རྒྱལ་ཁབ་ཀྱིIIདབྱིབས་ཀྱི་སུང་ཧྲུའུ་ཆུ་མཛོད་ཆེ་གྲས་བསྐྲུན། ཇུས་འགོད་སྨི་རྒྱ་དཔངས་གྲུ་བཞི་ཁྲི9864བཅས་ཟིན་ཡོད། ལས་གྲྭ་དེ་དག་བསྐྲུན་རྗེས་ཆུ་འདྲེན་དང་། ཆུ་ལོག་སྔོན་འགོག་ཆུ་མཁོ་འདོན། གློག་འདོན། ཡུལ་སྐོར་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད།
ཝ་ཧྥང་ཏེན་གྲོང་ཁྱེར་སན་ཐའེ་མན་ཇུ་རིགས་ཤང་ཧྲི་ཧྥོ་སི་གྲོང་ཚོའི་རྒྱལ་མོའི་གྲུ་ཁ་དེ་མིང་རྒྱལ་རབས་ཀྱི་བན་ལི་གོང་མའི་སྐབས་སུ་བཞེངས་པ་ཞིག་རེད། སྐབས་དེར་གོང་མའི་སྲིད་གཞུང་གིས་མཚོ་ཐོག་སྐྱེལ་འདྲེན་བྱས་ཏེ་ལིའོ་ཏུང་ལ་ཤར་གཏོང་ཐུབ་པ་དང་གྲུ་ཁ་བཙུགས་ནས་ཉིན་རེ་བཞིན་དར་རྒྱས་སུ་བྱིན་པས་དེ་ནས་བཙུན་མོའི་ལྷ་ཁང་བཞེངས་ནས་རྒྱ་མཚོའི་ལྷ་མོ་ལ་མཆོད་པ་ཕུལ། ལྷ་ཁང་གི་་བཟོ་བཀོད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ལ་མདུན་ནི་ཟློས་གར་ཁང་དང་རྒྱབ་ནི་མཆོད་རྟེན་དང་འདྲ་ལ། ཤར་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་བཞེངས་ཡོད་པ་དང་ནུབ་ཏུ་ཀོན་ཏི་ལྷ་ཁང་བཞེངས་ཡོད། དེ་ནི་ཏཱ་ལེན་ས་ཁུལ་གྱི་དར་རྒྱས་ཆེ་བའི་ཚོང་དོན་གྲུ་ཁ་སྔ་ཤོས་ཡིན་ལ་ཡུལ་སྐོར་གནས་མཆོག་ཅིག་ཀྱང་ཡིན།
གྲུ་ཁའི་ཞེང་ཚད་ལ་སྨི300ཡོད་པ་དེ་ཁྲང་ཞིན་གླིང་ཕྲན་དང་སྐམ་སའི་བར་གྱི་རང་བྱུང་གྲུ་ཁ་ཡིན་པ་དང་། ཆུ་གཏིང་རིང་སར་ལྗིད་ཚད་ལ་ཧྲི་ལྔ་བརྒྱ་དྲུག་བརྒྱ་ཡོད་པའི་གྲུ་གཟིངས་སྡོད་ཆོག་པས་སྐམ་སའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་བརྒྱུད་སྐྱེལ་བྱེད་བདེ་པོ་ཡོད་པ་རེད། མིང་དང་ཆིང་རྒྱལ་རབས་ཀྱི་དུས་སུ། ཉིན་རེར་གྲུ་ཁའི་གྲུ་གཟིངས་ཉི་ཤུ་སུམ་ཅུ་ཙམ་འགྲོ་འོང་བྱེད་ལ་ལྗིད་ཚད་ཚང་མ་ཏན་བརྒྱ་ཡན་ཟིན་ཡོད། མ་རྨོས་ལོ་ཏོག་དང་། འབྲུ་རིགས། སྲན་ཆེན། སི་སྐུད། ཚྭ། སྲན་གོར་སོགས་ཏཱ་ལེན་དང་དབྱིན་ཁོའུ་རུ་སྐྱེལ་བ་དང་ཕྱིར་སྲིང་སྐུད་དང་། རས་ཆ། འབར་ཞུན་སོགས་སྐྱེལ་དགོས། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་དབུས་ཤར་ལྕགས་ལམ་ཤར་གཏོང་ཐུབ་རྗེས་རྒྱལ་མོའི་གྲུ་ཁའི་དངོས་ཟོག་ཇེ་ཉུང་ལ་སོང་བ་དང་། འཇའ་ཕན་གྱིས་བྱང་ཤར་བཙན་བཟུང་བྱས་རྗེས། རྒྱལ་མོ་གྲུ་ཁ་ནི་མཚོ་ཐོག་གི་བཙན་འགག་ཏུ་བརྩིས་ནས་དེ་རུ་དམག་བཅའ་སྡོད་བྱས་ནས། ཚོང་འགྲུལ་གྲུ་ལ་ཞིབ་བཤེར་དང་། དམངས་ཀྱི་རྒྱུ་ནོར་བཙན་ལེན་བྱེད་པ་སོགས་དོན་རྐྱེན་བྱུང་བས། མཚོ་ཐོག་སྐྱེལ་འདྲེན་ཉིན་རེར་ཉམས་རྒུད་དུ་སོང་བ་དང་བཅིངས་འགྲོལ་བཏང་རྗེས་བེད་སྤྱོད་བྱེད་མཚམས་བཞག
ཏུང་ཧྥེང་ཆུ་མཛོད་དེ་ཝ་ཧྥང་ཏེན་གྲོང་ཁྱེར་ཐའེ་དབྱང་ཁྲོམ་གཞུང་དུ་གནས་པ་དང་ཕུའུ་ཀྲོའུ་གཙང་པོའི་དབུས་རྒྱུད་དུ་གནས་ཡོད། དེ་ནི་ཞིང་ཆུ་འདྲེན་པ་དང་ཤྭ་འོད་འགོག་པ་གཙོ་བོར་བྱེད་པ་དང་བཟོ་ལས་ཀྱི་ཆུ་མཁོ་འདོན་དང་། གློག་འདོན། གསོ་སྤེལ་སོགས་ཕྱོགས་བསྡུས་བེད་སྤྱོད་བྱས་པའི་ཆུ་མཛོད་ཆེ་གྲས་ཤིག་ཡིན། ཆུ་མཛོད་ཀྱི་ཤོང་ཚད་ཆེ་ཤོས་ལ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.4དང་ཆུ་མཛོད་ཀྱི་ཤོང་ཚད་དངོས་ལ་སྨི་རྒྱ་དཔངས་གྲུ་བཞི་ཁྲི9370ཟིན་ཡོད། ཆུ་མཛོད་ཀྱི་གནད་འགག་ནི་ཆུ་རགས་དང་། ཆུ་ལོག་བཞུར་ལམ། ཆུ་འདྲེན་ལམ། ཆུ་གློག་ས་ཚིགས་བཅས་ཁག་བཞི་ལས་གྲུབ་ཡོད།
ཏུང་ཧྥེང་ཆུ་མཛོད་བསྐྲུན་པ་དེས་་ཕུའུ་ཀྲོའུ་གཙང་པོ་རྒྱུག་ཁུལ་གྱི་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་ཚད31%ནས57%བར་མཐོ་རུ་ཕྱིན་པ་དང་ཞིང་ཆུ་འདྲེན་ཆོག་པའི་ཞིང་ཁ་སྤྱི་ཆིང་ཁྲི2.1ཡོད་པ་དེས་སྨད་རྒྱུད་དུ་ཤྭ་འོད་འགོག་པའི་ཚད་གཞི་དེ་ལོ10ཡི་ཐེངས་གཅིག་ནས་ལོ20ཡི་ཐེངས་གཅིག་ལ་མཐོ་རུ་ཕྱིན་ཡོད།
སྤྱི་ལོ1997ལོའི་ཟླ5པར་ཆུ་བེད་པུའུ་ཡིས་སྤུས་ལེགས་ལས་གྲྭར་བདམས་པ་དང་། ལོ་དེའི་ཟླ12པར། འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་རིམ་པའི་སྤུས་ལེགས་ལས་གྲྭ་ལ་བདམས་པར་མ་ཟད། ཀྲུང་གོའི་འཛུགས་སྐྲུན་ལས་གྲྭའི་ལུའུ་པན་བྱ་དགའ་ཐོབ་ཡོད།
སྤྱི་ལོ1998ལོའི་ཟླ10ཚེས8ཉིན་གྱི《ཀྲུང་གོའི་ཆུ་བེད་ཚགས་པར》གྱི་པར་ངོས་བཞི་པར《ཆུ་བེད་འཛུགས་སྐྲུན་བྱེད་པ་མགྱོགས་སུ་བཏང་ནས་ཏཱ་ལེན་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས》ཞེས་པའི་སྤྱི་བསྒྲགས་ཡི་གེ་དང་རི་མོ་མཉམ་དུ་སྦྱར་བ་དང་། 《ཏུང་ཧྥིན་གྱིས་ལུའུ་པན་གྱི་རང་མདངས་འཕྲོག》ཞེས་པ་འགོ་བརྗོད་དུ་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་ཏཱ་ལེན་གྲོང་ཁྱེར་ཏུང་ཧྥེང་ཆུ་མཛོད་བསྐྱར་སྐྲུན་ལས་གྲྭ་ཕྱོགས་ཡོངས་ནས་སྤེལ།
སྤྱི་ལོ1938ལོར་འཇར་པན་གྱི་མ་རྩ་་ཅན་རྣམས་ཀྱི་ཝ་ཧྥང་ཏེན་གྱི་བྱང་འདབས་སུ་དམངས་ཞིང་སྨི་གྲུ་བཞི་ཁྲི2བཙན་བསྡུ་བྱས་པ་དང་འཇར་པན་གྱིས་སྒོར་མོ་ཁྲི200བཏང་ནས་མན་ཀྲོའུ་ཡི་བཟོ་སྐྲུན་ཀྲུའུ་ཧྲི་ཚོགས་པ་བཙུགས། ལོ་དེའི་ཟླ10ཚེས23ཉིན་ལས་འགོ་ཚུགས་པ་དང་སྤྱི་ལོ1940ལོའི་ཟླ་དང་པོར་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས། སྒྲིག་ཆས32དང་ལས་བཟོའི་མི་གྲངས461ཐོན་སྐྱེད་བྱས་པ་དང6250ཚབ་མཚོན་དུ་བྱས་པའི་འཁོར་རྟེན་རྐྱང་པའི་འཁོར་རྟེན་ཁྲི40ཐོན་སྐྱེད་བྱས། ལྕགས་རིལ་དང་འཁོར་སྒྲོམ་འཇར་པན་རྒྱལ་ནང་ནས་ཐོན་སྐྱེད་བྱས་པས། མི་སེར་སྤེལ་ཡུལ་ཕྱེད་ཙམ་གྱི་འཁོར་རྟེན་སྒྲིག་སྦྱོར་བཟོ་གྲྭ་ཞིག་ཡིན། སྤྱི་ལོ1949ལོར་ཝ་ཧྥང་ཏེན་གྱི་འཁོར་རྟེན་བཟོ་གྲྭས་སྔ་རྗེས་སུ་ལྕགས་རིལ་དང་འཛིན་སྒྲོམ་བཟོ་བ་ལེགས་འགྲུབ་བྱུང་བ་དང་ལོ་དེའི་ཟླ9པར་ཀྲུང་གོ་བའི་བཟོས་པའི་འཁོར་རྟེན་བཟོ་གྲ་བྱུང་། ཝ་ཧྥང་ཏེན་འཁོར་རྟེན་ཚོགས་པའི་ཀུང་སི་ནི་ཀྲུང་གོའི་ཐོན་སྐྱེད་ཐོན་རྫས་བཟོ་ལས་འཁོར་རྟེན་བཟོ་གྲྭ་དང་པོ་དེ་ཡིན། ཝ་ཧྥང་ཏེན་འཁོར་རྟེན་ཚོགས་པ་ནི་རང་རྒྱལ་གྱི་འཁོར་རྟེན་འཕེལ་རྒྱས་ཀྱི་སྣེ་ཁྲིད་དམག་དཔུང་ཡིན་པ་དང་། ལག་རྩལ་གྱི་དམིགས་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
སྤྱི་ལོ1991ལོར་ཏཱ་ལེན་གློག་ལས་ཅུས་ཀྱིས་རྒྱལ་ཁབ་ཀྱི་འཆར་གཞི་གཞིར་བཟུང་ནས་རླུང་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཝ་ཧྥང་ཏེན་གྲོང་ཁྱེར་ཁྲང་ཞིན་ཏའོ་གྲོང་རྡལ་ཧྲ་པའོ་གྲོང་ཚོར་རླུང་ཤུགས་གློག་འདོན་ར་བ་བསྐྲུན་རྒྱུའི་ཐག་བཅད། ཕྱི་ལོའི་ཟླ12པར་རྒྱལ་ཁབ་གློག་ཤུགས་པུའུ་ཡིས་འཇར་མན་གྱིHSW—250Tརླུང་ཤུགས་གློག་གཏོང་འཕྲུལ་ཆས4ནང་འདྲེན་བྱས་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ1000ཟིན་པ་དང་སྤྱི་ལོ1993ལོའི་ཟླ4པར་ཨར་ལས་སྒྲིག་འཛུགས་བྱས་པ་དང་ལོ་དེའི་ཟླ7ཚེས26ཉིན་ཅེའི་ཅེན་རི་བོའི་རླུང་ཤུགས་གློག་ཁང་དངོས་སུ་སྤྱོད་འགོ་ཚུགས། སྤྱི་ལོ1996ལོར་ཐེངས་གཉིས་པའི་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་ཏེན་མགM600—250KWརླུང་ཤུགས་གློག་འདོན་འཕྲུལ་འཁོར16ནང་འདྲེན་བྱས་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་སྟོང་ཝ4000ཟིན་ཡོད། འདི་ནི་མངའ་ཁོངས་ནང་གི་རླུང་ཤུགས་གློག་འདོན་བཟོ་གྲུ་དང་པོ་ཡིན།
སྤྱི་ལོ1993ལོའི་ལོ་མཇུག་ཏུ་ལས་འགོ་བཙུགས་པ་དང་། སྤྱི་ལོ1996ལོའི་ཟླ6ཚེས30ཉིན་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ཝ་ཅའོ་ལམ་ཐིག་གི་ཝ་ཧྥང་ཏེན་ཞའོ་ཐའུ་ཧྲེན་ཏཱ་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོའི་རིམ་པ་དང་པོའི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ15.6དང་། ལམ་ཞེང་ལ་སྨི23ཡོད། ཕྱོགས་གཉིས་སུ་སྦུག་ལམ4ཡོད་པ་བཅས་ནི་ཝ་ཧྥང་ཏན་གྲོང་ཁྱེར་ཁུལ་དང་ཧྲེན་ཏཱ་མྱུར་བགྲོད་གཞུང་ལམ་གྱི་སྦྲེལ་མཐུད་ལམ་གལ་ཆེན་གྱི་གྲས་ཤིག་ཡིན། གཞུང་ལམ་ཧྲིལ་པོར་ཟམ་པ11ཡོད་པ་དང་སྨི324ཡོད། སྦུག་ལམ26བཅས་བསྐྱར་སྐྲུན་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི5118བཏང་ཡོད། ལམ་དེ་ནི་ཞིང་ཆེན་ནང་ཁུལ་གྱི་རྫོང་རིམ་པའི་རིམ་པ་དང་པོའི་གཞུང་ལམ་རིང་ཤོས་དེ་ཡིན་པ་དང་ཉིན་རེར་འགྲིམ་འགྲུལ་བྱེད་ཚད51001ཟིན་ཡོད། དེ་ནས་བཟུང་ཝ་ཧྥང་ཏེན་གྲོང་ཁྱེར་དུ་རིམ་པ་དང་པོའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
སྤྱི་ལོ2007ལོར་ཝ་ཧྥང་ཏེན་གྲོང་ཁྱེར་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་དུ་བདམས།
སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང་དང་ཁུལ་གྱི་གྲས་སུ་བདམས། སྤྱི་ལོ2018ལོའི་ཟླ10པར་ཝ་ཧྥང་ཏེན་གྲོང་ཁྱེར་དེ“ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་བརྒྱའི”གྲས་སུ་ཚུད་པ་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བཅས་སུ་བདམས།
སྤྱི་ལོ2018ལོའི་ཟླ10ཚེས22ཉིན། སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་མིང་ཐོར་བདམས་ཐོབ་བྱུང་ཡོད།
སྤྱི་ལོ2019ལོའི་ཟླ7ཚེས19ཉིན་ཝ་ཧྥང་ཏེན་ཀྲུང་གོའི་ཕུལ་བྱུང་རྫོང་དུ་བདམས།
སྤྱི་ལོ2019ལོའི་ཟླ9པར་རྒྱལ་ཡོངས་ཀྱི་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་ལས་འཛུགས་སྐྱོང་ཚོད་ལྟའི་རྫོང་དུ་བདམས་པ་དང་། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲས་སུ་གདམས། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་བརྒྱ་དང་གྲོང་ཁྱེར་བཅས་སུ་གདམས།
སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་ལ་གདམས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་གི་རྫོང་བརྒྱ་དང་གྲོང་ཁྱེར་བཅས་སུ་བདམས་ཡོད།
སྤྱི་ལོ2019ལོའི་ཟླ11པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་གི་ཕུལ་བྱུང་རྫོང་བརྒྱ་དང་ཆུ་གྲོན་ཆུང་བྱེད་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང་ཁག་གཉིས་པའི་མིང་ཐོའི་ནང་ཚུད་ཡོད།
སྤྱི་ལོ2019ལོའི་ཟླ11ཚེས21ཉིན“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་མདུན་གྲལ100”ཡི་ནང་ཚུད་ཡོད།
སྤྱི་ལོ2019ལོའི་ཟླ12ཚེས6ཉིན“སྤྱི་ལོ2019ལོའི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང(གྲོང་ཁྱེར)བརྒྱའི་ནང་ཚུད་ཡོད།