༧རྒྱ་བོད་མཁས་མང་སྐྱེས་རབས་ཕྲེང་འཛིན་པ། །
སྒྲུབ་བསྟན་མངའ་བདག་ཆོས་པ་རིན་པོ་ཆེ། །
དེ་སྲས་མཁས་དང་གྲུབ་པའི་མཐར་སོན་པ།།
འདྲེན་མཆོག་སྐལ་ལྡན་རྒྱ་མཚོ་ཞེས་བསྟོད་པ་
དོན་དང་ལྡན་པ་ཡུལ་མདོ་སྨད་ཀྱི་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཆེན་པོ། ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་སྐྱོང་བའི་ཕ་གཅིག་ངེས་དོན་གྲུབ་པའི་འཁོར་སྒྱུར་ཆེན་པོ་རོང་བོ་གྲུབ་ཆེན༧ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་སྤྱི་ལོ་༡༥༨༡ལོར་རེབ་གོང་མཐིལ་གྱི་སའི་ལྟེ་བ་རོང་བོ་ལྷ་སྡེར་སྐུ་འཁྲུངས། དགུང་ལོ་བཅུ་བཞི་བ་སྤྱི་ལོ་༡༥༩༤ལོར་ཆོས་རྗེ་རིན་ཆེན་བསམ་འགྲུབ་ལས་རབ་ཏུ་བྱུང་།
ཉི་ཤུ་བ་སྤྱི་ལོ་༡༦༠༠ལོར་ཅོ་ནེ་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལས་བསྙེན་པར་རྫོགས། ཉེར་གསུམ་པ་སྤྱི་ལོ་༡༦༠༣ལོར་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཞབས་ཞུ་མཛད་ནས་དབུས་སུ་ཕེབས། ཉེར་བཞི་བ་སྤྱི་ལོ་༡༦༠༤ལོར་རྭ་བ་སྟོད་པའི་ཆོས་གྲྭར་ཞུགས།
འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་སོགས་ལས་ཆོས་འབྲེལ་གསན། ལོ་དེའི་དབྱར་ཁར་རྒྱུད་གྲྭར་འགྲིམས། དགའ་ལྡན་ཁྲི་ཐོག་སུམ་ཅུ་བ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་མཆོག་བླ་མའི་གཙོ་བོར་བསྟེན་ཏེ་རིམ་ལྔའི་དམར་ཁྲིད་སོགས་ཆོས་འབྲེལ་མང་དུ་ཞུས། དགུང་ལོ་ཉེར་བརྒྱད་པ་སྤྱི་ལོ་༡༦༠༨ ལོར་རང་ཡུལ་མདོ་སྨད་དུ་ཕེབས་ཏེ་རོང་བོ་དགོན་པ་ཆོས་སྲིད་ལུགས་གཉིས་ཀྱིས་བསྐྱངས།
སྤྱི་ལོ་༡༦༠༧ལོ་ནས་སྐུའི་གཅུང་བོར་འཁྲུངས་ཡོད་པའི་སྐལ་ལྡན་བྱིས་པའི་རྣམ་ཅན་ལ་རིམ་གྱིས་ཀློག་སློབ་པ་སོགས་སློབ་གཉེར་ལ་རྟིང་སྐུལ་མཛད། སྔར་གདན་ས་ཆེན་པོ་འདི་ཉིད་དཔལ་ལྡན་ས་སྐྱའི་དགོན་པ་ཞིག་ཡིན་པ་ལ་ཆོས་སྲིད་གཉིས་ཐད་ནས་ཉམས་རྒུད་དུ་འགྲོ་བ་ལ་གཟིགས་ནས་ཆོས་འདུལ་བའི་བཅོས་ཁྲིམས་ལ་དག་ཐེར་ནན་ཏན་མཛད་དེ་དགེ་ལུགས་པའི་དགོན་པར་བསྒྱུར། དགོན་མིང་ལ་རོང་བོ་བདེ་ཆེན་ཆོས་འཁོར་གླིང་བཏགས། དེ་དང་ཆབས་ཅིག་དགོན་པ་འདིར་བཅུ་བའི་ལྔ་མཆོད་དང་སྒྲུབ་མཆོད་སོགས་ཀྱང་བཙུགས་གནང་མཛད། དགུང་ལོ་སོ་བདུན་པ་སྤྱི་ལོ་༡༦༡༧ལོར་སྐུའི་གཅུང་བོ་རབ་ཏུ་དབྱུང་ཞིང་ཡབ་སྲས་གཉིས་ཀ་ལྷན་ཅིག་དབུས་སུ་ཕེབས།
གཅུང་རིན་པོ་ཆེ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཚོགས་ཞུགས་ལ་བཀོད་ཅིང་ཐོག་མཐའ་བར་གསུམ་དུ་སློབ་གཉེར་ལ་སྨན་པའི་ཞལ་ཏ་མང་དུ་མཛད། དགུང་ལོ་སོ་བརྒྱད་པ་སྤྱི་ལོ་༡༦༡༨ལོར་སླར་ཡང་མདོ་སྨད་དུ་བྱོན། རོང་བོ་དགོན་པར་བཞུགས་གནས་གཙོ་བོར་མཛད་དེ་ལོ་མཚམས་ཟླ་མཚམས་སོགས་སྒྲུབ་པ་ཉམས་ལེན་ལ་ཤིན་ཏུ་དམར་བ་གནང་། དགུང་ལོ་ཞེ་གཅིག་པ་སྤྱི་ལོ་༡༦༢༡ལ་དགོན་སྡེ་འདིའི་འཆད་ཉན་གྱི་དོན་པོར་དགོངས་ཏེ་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་རྟེན་བརྟེན་པ་ངོ་མཚར་བ་བཞེངས། དགུང་ལོ་ལྔ་བཅུ་བ་སྤྱི་ལོ་༡༦༣༠ལོར་ཡབ་རྗེ་བླ་མར་རྟིང་བསྐུལ་གྱིས་རོང་བོ་བདེ་ཆེན་ཆོས་འཁོར་གླིང་དུ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གསར་འཛུགས་བསྐྱངས་ཏེ་གཅུང་རིན་པོ་ཆེ་གྲྭ་ཚང་གི་ཁྲི་བར་བཀོད། རེ་བཞི་བ་སྤྱི་ལོ་༡༦༤༤ལོར་འདུ་ཁང་གསར་ཕིབས་མཛད། བཀྲ་ཤིས་འཁྱིལ་སོགས་དགོན་གནས་ངེས་མེད་དུ་བཅུད་ལེན་དང་གཏུམ་མོའི་རྣལ་འབྱོར་ཁོ་ནར་བརྟེན་ཏེ་དགེ་སྦྱོར་ལ་ཆིག་དྲིལ་ཏུ་འབད་པས་ཡུལ་མདོ་སྨད་ཀྱི་ལྗོངས་འདིར་ཆོས་པ་ཡབ་སྲས་ཞེས་སྙན་པའི་གྲགས་པ་ས་ཆེན་པོའི་ར་བ་ལས་བརྒལ་བ་བྱུང་། དགུང་ལོ་དོན་དགུ་བ་སྤྱི་ལོ་༡༦༥༩ལོར་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་དུ་སྲས་ཀྱི་ཐུ་བོར་གྱུར་བའི་བྱ་བཏང་བ་མང་པོ་སྐུ་མདུན་དུ་བོས་ཏེ་འབྱུང་འགྱུར་བཀའ་སློབ་ལམ་སྟོན་དང་། ལྷག་པར་དུ་ཡབ་རྗེ་བླ་མ་ལ་རོང་བོ་གྲྭ་ཚང་དང་། སྒྲུབ་གྲྭ་བཀྲ་ཤིས་འཁྱིལ་གཉིས་ལན་གཉིས་གསུམ་གྱི་བར་དུ་གཏད་གཉེར་ནན་ཏན་མཛད་དེ་སྐུ་མྱ་ངན་ལས་འདས།
མགུར་འབུམ་ལས།
ཕ་ཁྱོད་ཀྱི་རྣམ་ཐར་ཁྱོངས་པ་དང་། །ཚེ་འདི་ནི་བློ་ཡིས་ཐོངས་པ་དང་། །
ཉམས་རྟོགས་པའི་ཡོན་ཏན་འཆར་བ་སོགས། །དུས་གཏན་གྱི་འདུན་མ་འགྲུབ་གྱུར་ཅིག །
མདོ་སྔགས་བཟོ་རིག་སོགས་ལ་མཁས་ཤིང་གྲུབ་པའི་སྔགས་རིམ་པ་འཇམ་དབྱངས་བློ་གྲོས་ཡིན་ལ་ཁོང་དབུས་སུ་ཕེབས་དེ་བོད་ཀྱི་༧གོང་ས་རྒྱལ་དབང་ལྔ་བ་ཆེན་པོ་སོགས་ཀྱི་ཞབས་ལ་གཏགས་ཤིང་སྒོ་མང་འཇམ་དབྱངས་བཞད་པ་དང་ལྕང་སྐྱ་རིན་པོ་ཆེ་སོགས་དང་མཉམ་དུ་བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད། གཡེར་གཤོང་དགོན་བསམ་གཏན་ཆོས་འཕེལ་གླིང་ཕྱག་འདེབས་མཛད་ནས་མདོ་སྨད་རེབ་གོང་དུ་ལུགས་གཉིས་ཀྱིས་བསྟན་འགྲོའི་དོན་རྒྱ་ཆེར་མཛད།
ངག་དབང་དགེ་འདུན་ཟླ་གྲགས་མཆོག་ནི་རྒན་གྱ་སྟོད་མའི་དཔོན་རྒྱུད་དུ་འཁྲུངས་ཤིང་མདོ་སྔགས་ཀྱི་ཕྱོགས་ལ་མཁས་གྲགས་ཆེན་པོ་རྒྱས་ལ་ལྷག་དོན་དུ་ཁོང་གི་སྐབས་འདིར་རེབ་གོང་དང་བླ་བྲང་གི་འབྲེལ་བ་ཆུ་དང་འོ་མའི་ཚུལ་ལ་སླེབས་པའི་མཛད་བཟང་བསྐྱངས།
བློ་བཟང་དགེ་འདུན་རྒྱལ་མཚན་ནི་ཆོས་པ་ཡབ་སྲས་ཀྱི་དཔོན་རྒྱུད་དུ་འཁྲུངས་ཤིང་དགུང་ལོ་ཉེར་བདུན་རིང་ལ་བསྟན་པའི་བྱ་བ་རྒྱ་ཆེར་མཛད།
འཇམ་དབྱངས་དགེ་འདུན་རྒྱལ་མཚན་ནི་རྨ་ཕར་ཁའི་ཡུལ་སྐྱོང་དུ་སྐུ་འཁྲུངས་ཤིང་བསྟན་པའི་མཉམ་ལེན་གྱི་མིག་དཔེ་བཟང་བོར་གྱུར།
འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་ནི་རོང་བོ་བློན་ཆེན་དཔོན་ཚང་དུ་འཁྲུངས་ཤིང་དབུས་གཙང་དང་རྒྱ་གར་སོགས་སུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད།
འཇམ་དབྱངས་དགེ་འདུན་རྒྱ་མཚོ་མཆོག་ནི་གངས་ཅན་ལུགས་གཉིས་ཀྱི་མེ་རོ་གསོ་བའི་བཀའ་དྲིན་ཅན་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་གི་སྐུ་ཚར་འཁྲུངས་ཤིང་རིག་གསར་གོད་ཆགས་ཆེན་པོའི་རྗེས་སུ་ཡུལ་འདིའི་བསྟན་པ་སླར་གསོའི་བྱ་བར་མཛད་རྗེས་རླབས་ཆེ་ལ་མདོ་སྔགས་རིགས་གནས་དང་བཅས་པར་མཁས་པའི་པཎ་གྲུབ་ཆེན་པོ་ཁོང་ཉིད་ལགས།
འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ནི་སྐུ་གོང་མའི་ཉེ་གནས་སུ་འཁྲུངས་ཤིང་རོང་བོ་དགོན་ཆེན་ཐོས་བསམ་པར་རྒྱལ་བའི་གླིང་དུ་གཞུང་ལུགས་ཐོས་བསམ་ལ་ལྷོད་མེད་དུ་ཕེབས་བཞིན་པ་འདི་ལགས་སོ།།