རྒོ་བ།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-16 16:05ལ་འགྲུབ།

རྒོ་བ།

རྒོ་བ།
རྒོ་བའི་གཟུགས་པོའི་རིང་ཚད་ལ་ལི་སྨི91ནས105དང་སོག་མགོའི་མཐོ་ཚད་ལ་ལི་སྨི54ནས65ཡོད་ལ། ལྗིད་ཚད་ལ་སྤྱི་རྒྱ13ནས16བཅས་ཡོད་པ་དང་། ལུས་པོར་ལྡེམ་མྱུར་ལྡན་ལ་སུག་བཞི་ཕྲ་ཞིང་རིང་བ། རྨིག་པ་འབྱར་ཞིང་དབྲལ་མདུན་འབུར་ཡོད་ལ། མིག་ཆེ་ཞིང་སྒོར་བ་དང་རྣ་དང་རྔ་མ་གཉིས་ཐུང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
普氏原羚
ལ་ཏིང་གི་སྐད།
Procapra przewalskii
ཕྱི་ཡིག་གི་སྐད།
Gazelle De Przewalski
སྐོར།
འོ་འཐུང་སྐོར།
ཁམས།
སྲོག་ཆགས་ཁམས།
རིགས།
རྒོ་བ།
1 ​ངོ་སྤྲོད།

རྒོ་བའི་གཟུགས་པོའི་རིང་ཚད་ལ་ལི་སྨི91ནས105དང་སོག་མགོའི་མཐོ་ཚད་ལ་ལི་སྨི54ནས65ཡོད་ལ། ལྗིད་ཚད་ལ་སྤྱི་རྒྱ13ནས16བཅས་ཡོད་པ་དང་། ལུས་པོར་ལྡེམ་མྱུར་ལྡན་ལ་སུག་བཞི་ཕྲ་ཞིང་རིང་བ། རྨིག་པ་འབྱར་ཞིང་དབྲལ་མདུན་འབུར་ཡོད་ལ། མིག་ཆེ་ཞིང་སྒོར་བ་དང་རྣ་དང་རྔ་མ་གཉིས་ཐུང་བ་ཡིན། ཕོའི་རིགས་ལ་ལི་སྨི30ཡས་མས་ཀྱི་རྭ་ཅོ་ཐུང་ཐུང་ཞིག་སྐྱེས་ཡོད་ལ་རྭ་རྟིང་ནས་སུམ་ཆའི་གཉིས་ཙམ་གྱིམ་མཚམས་སུ་ལྟག་གར་འཁྱིལ་ཞིང་ཐོག་ཏུ་ཐེམ་འབུར་མེད་པར་འོག་འཁྱུག་འཁྱུག་ཏུ་གནས་ཤིང་རྩེ་མོ་འཁྱིལ་ནས་ཡོད། ལུས་ཡོངས་ཀྱི་སྤུ་རྟེང་མཐུག་ཅིང་སྦོམ་ལ་དྲང་ཐད་དུ་སྐྱེས་ཡོད་པ་དང་། ཨོང་གོང་དང་བརླའི་གཡས་གཡོན་གྱི་སྤུ་སྲ་ཞིང་དྲང་མོ་ཡིན་ལ། སུག་བཞིའི་མན་ཆད་ཀྱི་སྤུ་ཐུང་ཞིང་རྫུབས་ཆེ་ལ་སྐྱི་ལྤགས་དང་དམ་དུ་འབྱར་ཡོད་པ་ཡིན། ལུས་ཀྱི་ཆ་ཤས་ལས་མཆུ་མགོ་དང་མཇིང་པ། རྒྱབ་གཞུང་། ལྟོ་འགྲམ། སུག་པ་སོགས་ཀྱི་སྤུ་མདོག་སེར་སྐྱ་ཡིན་ལ། རྔ་མའི་འོག་དང་བྲང་ངོས། ལྟོ་ངོས། སུག་པའི་ནང་ངོས་བཅས་ཀྱི་སྤུ་མདོག་དཀར་ཤས་ཆེ་བ་དང་། མགོའི་རིང་ཚད་ལ་ཧའོ་སྨི160ནས185ཙམ་ཡོད།

2 འཚོ་གནས།

རྒོ་བ་ནི་ཚབ་མཚོན་དུ་རུང་བའི་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་རིགས་ཤིག་ཡིན་ལ། དུས་རྒྱུན་དུ་ཁྱུ་བྱས་ནས་འཚོ་ཞིང་མཚོ་ངོས་ལས་མཐོ་ཚད་ལ་སྨི3000ནས4100ལྷག་ཡོད་པའི་རྩྭ་ཐང་གི་ཁོར་ཡུག་གང་རུང་དུ་འཚོ་སྡོད་བྱེད་ཐུབ་མོད། འོན་ཀྱང་སྤྱིར་བཏང་དུ་གྲང་ངར་ཆེ་བའི་རྩྭ་ཐང་དུ་མ་གཏོགས་མཐོ་སྒང་གི་བྱེ་ཐང་སོགས་སུ་འཚོ་བ་ཉུང་། རྩྭ་སྔོན་སྟུག་པོ་སྐྱེས་ཡོད་ཅིང་འཐུང་ཆུ་མོད་པའི་ས་ཁུལ་ནས་འཚོ་སྡོད་བྱེད་རྒྱུར་དགའ་ཞིང་འགུལ་སྐྱོད་བྱེད་པའི་མངའ་ཁོངས་ལ་ངེས་གཏན་རང་བཞིན་ལྡན་པ་ཡིན། རྒོ་བའི་ཁ་ཟས་གཙོ་བོ་ནི་རྩྭའི་རིགས་སྣ་ཚོགས་ཡིན་པ་དང་ནངས་དགོང་གི་དུས་ནི་ཁ་ཟས་འཚོལ་བའི་དུས་སྐབས་ལེགས་ཤོས་ཡིན་ཞིང་། མཚེའུ་དང་ཆུ་འགྲམ་དུ་ཡོང་ནས་ཆུ་འཐུང་བ་ཡིན། དུས་ཚིགས་མི་འདྲ་བ་དང་བསྟུན་ནས་ཆེ་ཆུང་མི་འདྲ་བའི་ཁྱུ་སྒྲིག་རྒྱུར་དགའ་བ་སྟེ། དགུན་དུས་སུ་བཅུ་ཕྲག་རེའམ་ཡང་ན་བརྒྱ་ལྷག་རེ་ཁྱུ་བྱས་ནས་འཚོ་བ་དང་། ཡང་དབྱར་དུས་སུ་ཁེར་རྐྱང་ངམ་ཡང་ན་འགའ་རེ་དང་བཅུ་ཕྲག་ཙམ་རེ་ཁྱུ་བྱས་ནས་འཚོ་བ་ཡིན། རྒོ་བའི་སྣ་ཤེས་དེ་འདྲ་རྣོན་པོ་ཞིག་མིན་རུང་རྣ་ཤེས་དང་མིག་ཤེས་གཉིས་ཆེས་ཆེར་རྣོན་པོའི་དབང་གིས་རྣམ་རིག་ཧ་ཅང་གྲིམ་པོ་ཡིན། གཉན་པོ་དང་འཕྲད་ཚེ་མྱུར་དུ་བྲོས་འགྲོ་བ་ཡིན་ལ། རྒྱུགས་རྩལ་ཤིན་ཏུ་མགྱོགས་ཤིང་རྒྱང་ཐག་རིང་བོར་བྲོས་རྗེས་ད་གཟོད་མཚམས་བཞག་ནས་ངལ་གསོ་ཞིང་སོ་ལྟ་བྱེད་ཞོར་དུ་ཡང་བསྐྱར་རྩྭ་ཆུར་རོལ་བ་ཡིན།

རྒོ་བ་སྦྱིག་པའི་དུས་སྐབས་ནི་ཟླ་བཅུ་གཉིས་པ་ནས་ཟླ་དང་པོའི་ནང་ཡིན་ལ། མངལ་སྦྲུམ་པའི་དུས་ཡུན་ནི་ཟླ་དྲུག་ཡིན། རྒོ་ཕྲུག་གཅིག་རེའམ་ཡང་ན་གཉིས་རེ་བཙའ་ཞིང་། ཉིན་ཉིས་གསུམ་ཙམ་འགོར་རྗེས་ཡར་ལངས་ནས་རྒྱུག་ཐུབ་པ་ཡིན།

རྒོ་བ་ནི་མདོ་དབུས་མཐོ་སྒང་ཁོ་ནར་མ་གཏོགས་ས་ཆ་གཞན་དུ་མང་པོ་མཐོང་རྒྱུ་མེད་པའི་རི་དྭགས་དཀོན་པོ་ཞིག་ཡིན་པའི་རྐྱེན་གྱིས། ཚན་རིག་ཞིབ་འཇུག་གི་རིན་ཐང་ངེས་ཅན་ལྡན་པ་ཡིན། དེ་ཡང་། སྔོན་ཆད་མདོ་དབུས་མཐོ་སྒང་དུ་རྒོ་བ་མང་དུ་མཐོང་རྒྱུ་ཡོད་མོད། འོན་ཀྱང་སྐབས་ཤིག་རིང་མི་རྣམས་ཀྱིས་འཛེམ་དོགས་མེད་པར་རྔོན་རྒྱག་དང་གཏེར་ཁ་རྔོག་འདོན་སོགས་བྱས་ནས་རྩྭ་ས་བྱེ་ཐང་དུ་བསྒྱུར་བའི་དབང་གིས། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པའི་རྒོ་བ་འདིའི་གྲངས་ཚད་ཇེ་ཉུང་དུ་སོང་སྟེ་རྒྱུད་ཆད་ལ་ཉེ་ཞིང་། ཡིན་ནའང་། ད་ལྟ་རྒྱལ་ཁབ་ཀྱིས་བྱ་ཐབས་མང་པོ་སྤེལ་བ་བརྒྱུད་གྲངས་འབོར་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།


བརྡ་འགྲེལ་གདོང་འཛར།

སྲོག་ཆགས།