ཆི་ཐའེ་ཧུ་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་པ་དང་། ཅ་མུའུ་སི་གྲོང་ཁྱེར་གྱི་ལྷོ་ངོས། དབན་ཏ་རི་རྒྱུད་ཀྱི་ནུབ་སྣེ། རི་བོ་དམའ་ཞིང་རི་མ་ཐང་གི་ཁོངས་སུ་གཏོགས་པ་དང་། ས་བབ་ཧྲིལ་པོ་ཤར་ལྷོ་མཐོ་བ། ནུབ་བྱང་དམའ་བ། འཕྲེད་གཞུང་དཀྱིལ་མའི་ཁུལ་དུ་གནས་པ། གནམ་གཤིས་ནི་གྲང་ངར་ཆེ་བ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ6221ཟིན་པ་དང་། སྤྱི་ལོ2018ལོར་ཐེམ་ཐོའི་མི་འབོར་ཁྲི77.71ཡོད།
སྤྱི་ལོ1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སུང་ཅང་དང་ཧོ་ཅང་། མུའུ་ཏན་ཅང་བཅས་ཞིང་ཆེན་གསུམ་སྔ་རྗེས་སུ་སུང་ཅང་ཞིང་ཆེན་དུ་ཟླ་སྒྲིལ་བཏང་བ་དང་། ཧའེ་ལུང་ཅང་ཞིང་ཆེན་དང་ནེང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་ནས་ཧའེ་ལུང་ཅང་ཞིང་ཆེན་དུ་བསྒྱུར། སྤྱི་ལོ1954ལོའི་ཟླ8པར་ཧའེ་ལུང་ཅང་དང་སུང་ཅང་ཞིང་ཆེན་གཉིས་ཟླ་སྒྲིལ་བཏང་ནས་ཧའེ་ལུང་ཅང་ཞིང་ཆེན་དུ་གྱུར་པ་དང་། པོ་ལི་རྫོང་ནི་ཧེ་ལུང་ཅང་ཞིང་ཆེན་ཧོ་ཅང་ས་ཁུལ་གྱི་ཁོངས་སུ་གཏོགས།
སྤྱི་ལོ1965ལོའི་ཟླ3པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པོ་ལི་རྫོང་ཆི་ཐའེ་ཧུ་གྲོང་རྡལ་མེད་པར་བཟོས་ཏེ། ཆི་ཐའེ་ཧུ་དམིགས་བསལ་ཁུལ(རྫོང་རིམ་པ)བཙུགས་པ་དང་། ཐད་གཏོགས་ཧོ་ཅང་ས་ཁུལ་གྱི་མངའ་ཁོངས་སུ་གཏོགས། སྤྱི་ལོ1970ལོའི་ཟླ4བའི་ཚེས1ཉིན། ཆི་ཐའེ་ཧུ་དམིགས་བསལ་ས་ཁུལ་དེ་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ1983ལོའི་ཟླ11པར། ཆི་ཐའེ་ཧུ་གྲོང་ཁྱེར་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་སྤར་བ་དང་། དུས་མཚུངས་སུ་པོ་ལི་རྫོང་ཆི་ཐའེ་ཧུ་གྲོང་ཁྱེར་གྱི་ཁོངས་སུ་བསྡུས།
ཆི་ཐའེ་ཧུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཐའོ་ཧྲན་ཆུས་ཏ་ཐུང་ཁྲོམ་ལམ་ཨང45པ་རུ་ཡོད། གྲོང་ཁྱེར་དུ་ཁྱོན་རྫོང་རིམ་པའི་སྲིད་འཛིན་ཁུལ4ཡོད་པའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས3དང་རྫོང1ཚུད་ཡོད་པ་དེ་དག་ནི་ཐའོ་ཧྲན་ཆུསདང་། ཞིན་ཞིང་ཆུས། ཆེ་ཙི་ཧོ་ཁུལ། པོ་ལི་རྫོང་བཅས་ཡིན།
ཆི་ཐའེ་ཧུ་གྲོང་ཁྱེར་ནི་ཧའེ་ལུང་ཅང་ཞིང་ཆེན་གྱི་ཤར་རྒྱུད་དང་། ཅ་མུའུ་སིའི་ལྷོ་ངོས། དབན་ཏ་རི་རྒྱུད་ཀྱི་ནུབ་སྣེ། ཤར་ཕྱོགས་ཀྱི་གཞུང་ཐིག་གི་ཏུའུ130ནས131℃44’བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག་གི་ཏུའུ45℃ནས46℃37’བར་བཅས་སུ་ཆགས་ཡོད། ཤར་དུ་པའོ་ཆིང་རྫོང་དང་སྨི་ཧྲན་གྲོང་ཁྱེར་དང་ས་མཚམས་འབྲེལ་བ་དང་། ནུབ་ཏུ་དབྱི་ལན་རྫོང་དང་ས་མཚམས་འབྲེལ་བ། ལྷོ་རུ་ཅི་ཏུང་རྫོང་དང་ལིན་ཁོའུ་རྫོང་དང་འབྲེལ་མཚམས་ཡིན་པ། བྱང་དུ་ཧྭ་ནན་ས་མཚམས་དང་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ130དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ80དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ6221ཟིན་པའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ3646ཡོད།
ཆི་ཐའེ་ཧུ་གྲོང་ཁྱེར་ནི་འཕྲེད་ཐིག་དཀྱིལ་མའི་ཁུལ་དུ་གནས་པ་དང་། གནམ་གཤིས་ནི་གྲང་ངར་ཆེ་བ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ་ཡིན། ཚ་གྲང་མངོན་གསལ་ཡིན་ལ། ཆར་ཆུ་འབེལ་བ་དང་། ཉི་འོད་འདང་བ། སད་མེད་དུས་ཐུང་བ། དུས་བཞིར་གསལ་བའི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན། ཆི་ཐའེ་ཧུ་ས་ཁུལ་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད2.4ནས3.9℃བར་ཡིན། ཤར་རྒྱུད་དམའ་བའི་རི་ཁུལ་ནི་ནུབ་རྒྱུད་ཀྱི་རི་མ་ཐང་ལས་དྲོད་ཚད་དམའ་བ་བཅས་ཡིན།
སྤྱི་ལོ2018ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི77.71ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི་0.89ཉུང་དུ་ཕྱིན་པ་དང་། དེའི་ནང་སྐྱེས་པ་ཁྲི39.35ཡོད་པ་དེས་སྤྱིའི་མི་འབོར་གྱི50.6%བཟུང་བ་དང་བུད་མེད་ཁྲི38.36ཟིན་པ་དེས་སྤྱིའི་མི་འབོར་གྱི49.4%བཟུང་ཡོད།
སྤྱི་ལོ2017ལོར་ཆི་ཐའེ་ཧུ་གྲོང་ཁྱེར་གྱི་དཔལ་འབྱོར་བསྡོམས་འབོར(GDP)སྒོར་དུང་ཕྱུར231.45མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.0%འཕར་ཡོད། ཐོན་ལས་གྲུབ་ཚུལ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར32.52ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས6.0%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར85.49ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས5.8%འཕར་བའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར82.53ཟིན་ནས་ལོ་གོང་མ་ལས5.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར113.44ཟིན་ནས་སྔ་ལོ་ལས6.1%འཕར་ཡོད། དཔལ་འབྱོར་གྲུབ་ཚུལ་གྱི་ཆ་ནས་བལྟས་ན། ཐོན་ལས་ཀྱི་གྲུབ་ཚུལ་ཐེངས་གསུམ་ནི14.1:36.9:49.0ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2.91ཟིན་པ་དེ་ལོ་གོང་མ་ལས9.0%འཕར་ཡོད།
ཆི་ཐའེ་ཧུ་གྲོང་ཁྱེར་དུ་ཆི་ཐའེ་ཧུ་མེ་འཁོར་འབབ་ཚུགས། ཆི་ཐའེ་ཧུ་འབབ་ཚུགས། ཆི་ཐའེ་ཧུ་ནུབ་ཚིགས། པོ་ལི་ས་ཚིགས། ཧུ་ཏ་མྱུར་བགྲོད་གཞུང་ལམ། དབྱི་ཆི་མྱུར་བགྲོད་གཞུང་ལམ་སོགས་ཡོད།