ཅིན་ཧྲུའེ་ཆུས།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2020-01-13 10:21ལ་འགྲུབ།

ཅིན་ཧྲུའེ་ཆུས།

ཅིན་ཧྲུའེ་ཆུས།
ཅིན་ཧྲུའེ་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ཞིང་། ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་ཁོངས་གཏོགས་ཁུལ་ན་ཅིན་ཧྲུའེ་གཙང་པོ་ཡོད་པས་མིང་དེ་ལྟར་ཐོགས་པ་རེད། སྤྱི་ལོ2017ལོའི་བར་ཅིན་ཧྲུའེ་ཆུས་ཁོངས་གཏོགས་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ242ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང17ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི171.33ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད91.57%ཟིན་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་ཁུལ་གྱི་གྲས་ཤིག་རེད། ཅིན་ཧྲུའེ་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དངུལ་རྩ། ཆ་འཕྲིན་བཅས་ཀྱི་ལྟེ་གནས་ཡིན་ལ། ཁོངས་གཏོགས་དཔལ་འབྱོར་དར་རྒྱས་དང་། འགྲིམ་འགྲུལ་སྟབས་བདེ། སྒྲིག་བཀོད་སྔོན་ཐོན། ནུས་པ་འཐུས་ཚང་བཅས་ཡོད་པས་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་ཅུང་སྤུས་ལེགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། སྤྱི་ལོ2017ལོར་ཅིན་ཧྲུའེ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1596.29ཟིན་ནས་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར94043ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.1:8.6:91.3ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར1011.4བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་ལ་བསྡོམས་འབོར་སྒོར་དུང་ཕྱུར866.71ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར42525ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23964ཟིན་པ། སྤྱི་ལོ2018ལོའི་ཟླ9པར་ཅིན་ཧྲུའེ་ཆུས་ནི་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེ་བའི་ཁུལ་བརྒྱའི་གྲས་སུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ7པར་ཅིན་ཧྲུའེ་ཁུལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་རྒྱལ་ཁབ་ཤེས་བྱའི་བདག་དབང་གི་ལས་གྲྭའི་དཔེ་སྟོན་རྫོང(ཁུལ)ལ་བདམས་པ་རེད། ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ལེགས་རྫོང་། རྒྱལ་ཁབ་ཀྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲེང་ཀྲོའུ་ཆེན་པོ་འཛུགས་སྐྲུན་བྱེད་པ་དང་། ཀྲེང་ཀྲོའུ་ལྟེ་བར་བྱས་པའི་ཀྲུང་ཡོན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་དཔལ་འབྱོར་དར་ཁུལ་བསྐྲུན་ནས། ཅིན་ཧྲུའེ་ཁུལ་ལ་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ནས། སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་སྟོང་བསྐྲུན་ཡོད། མ་འཇོག་ཁོར་ཡུག་བཟང་པོ་དང་། མངོན་གསལ་དོད་པའི་ས་བབ་ཀྱི་ལེགས་ཆ། “གླིང་ལྔའི་རྒྱུད་གཅིག”འཛུགས་སྐྲུན། དེ་བཞིན་ཅིན་ཧྲུའེ་ཁུལ་ཨུད་དང་། ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་དམངས་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འགན་འཁྲིའི་འཁུར་སེམས་ཆེན་པོ་ཡོད་པས་ཅིན་ཧྲུའེ་ཁུལ་འདི་ཉིད་དབུས་རྒྱུད་ས་ཁུལ་དུ་ཡིད་དབང་འགུག་ཤུགས་ལྡན་པའི་མ་འཇོག་འཕེལ་རྒྱས་ཀྱི་ས་ཆར་གྱུར་ཡོད། ལྷག་བསམ་རྣམ་དག་གིས་མངའ་ཁོངས་ཕྱི་ནང་གི་དཔྱོད་ལྡན་མི་སྣ་རྣམས་ཅིན་ཧྲུའེ་མ་འཇོག་ལས་དར་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཐུན་མོང་ཐོག་ཅིན་ཧྲུའེ་ཁུལ་གྱི་རེས་སྐོར་གསར་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་རླབས་འཕྱུར་བར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་། སྤུས་ལེགས་ཀྱི་ཞབས་ཞུ། གཟིགས་སྐྱོང་གི་སྲིད་ཇུས་བཅས་ལ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་རྒྱུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金水区
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ17ཡོད།
སྲིད་གཞུང་གི་ས་གནས།
ཤར་རླུང་ལམ་ཨང16པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0371
སྦྲག་སྲིད་ཨང་རྟགས།
450003
ས་གནས།
ཀྲེང་ཀྲོའུ་གྲོང་ཁྱེར་ལྟེ་གནས་ཀྱི་བྱང་ཤར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ242ཡོད།
མི་གྲངས།
མི་ཁྲི171.33ཡོད།(2017ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང་།
410105
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར1596.29ཡོད།(2017ལོར)
1 ​ལོ་རྒྱུས་གྱི་འཕེལ་རིམ།

ཅིན་ཧྲུའེ་ཆུས་ནི་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཞིག་ཡིན་ཞིང་། ཁྲུན་ཆིའུ་ཀྲན་གོའི་དུས་རབས་ཀྱི་ཅིན་ཧྲུའེ་གཙང་པོ་ནས་ཐོན་པའི་དབང་གིས་མིང་དེ་ལྟར་ཐོགས་པ་རེད། བཅིངས་འགྲོལ་མ་བཏང་གོང་ཁོངས་གཏོགས་ཁུལ་ནི་ཀྲེང་རྫོང་གི་ཁོངས་གཏོགས་ཡིན།

སྤྱི་ལོ1948ལོར་ཀྲེང་ཀྲོའུ་བཅིངས་འགྲོལ་བཏང་བ་དང་ཀྲེང་རྫོང་ལ་ཀྲེང་ཀྲོའུ་གྲོང་ཁྱེར་དང་ཀྲེང་རྫོང་གཉིས་སུ་དབྱེ་ཡོད་པ་དང་། ཁོངས་གཏོགས་ཁུལ་དང་གྲོང་ཁྱེར་ཁག་ཅིག་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་གྲོང་གསེབ་ཁག་ཅིག་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1953ལོར་ཀྲེན་རྫོང་མེད་པར་བཟོས་ནས་གྲོང་ཁྱེར་གྱི་ཉེ་འཁོར་བསྐྲུན་པ་དང་། ཁོངས་གཏོགས་ས་ཁུལ་གྱི་ཁག་ཅིག་ལུང་ཧའེ་ཁུལ་དང་། གཉིས་བདུན་ཁུལ། འཛུགས་སྐྲུན་ཁུལ་བཅས་ལ་དབང་བ་དང་། གྲོང་གསེབ་ཀྱི་ཆ་ཤས་ཁག་ཅིག་གྲོང་ཁྱེར་ཉེ་འཁོར་གྱི་ཁོངས་སུ་གཏོགས་ཡོད།

སྤྱི་ལོ1960ལོའི་ཟླ4པར་ཅིན་ཧྲུའེ་མི་དམངས་ཀུང་ཧྲེ་བཙུགས་པ་རེད།

སྤྱི་ལོ1961ལོའི་ཟླ8པར། མིང་ལ་ཅིན་ཧྲུའེ་ཆུས་ཞེས་བཏགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2_1 ས་ཁུལ་གྱི་འཕེལ་རིམ།

སྤྱི་ལོ1960ལོའི་ཟླ4པར། ཅིན་ཧྲུའེ་མི་དམངས་ཀུང་ཧྲེ་བཙུགས་ཤིང་། དེ་ནི་བདུན་གཅིག་དང་ཙི་ཅིན་ཧྲན། མི་དམངས་ལམ། ཏུའུ་ལིང་། ཧོང་ཧོ་ལམ། རིག་གནས་ཁུལ། ཀྲེང་འཁེལ་ཅི། ཀང་ཏུའུ། ནན་དབྱང་གྲོང་གསར་བཅས་སྲང་ལམ་ཡན་ལག་ཁང9དང་ཞིང་ལས་ཡན་ལག་ཁང་བཅས་ཀྱིས་གྲུབ།

སྤྱི་ལོ1961ལོའི་ཟླ8པར། ཅིན་ཧྲུའེ་མི་དམངས་ཀུང་ཧྲེ་དེ་ཅིན་ཧྲུའེ་ཁུལ་དུ་བསྒྱུར་བ་དང་། སྲང་ལམ་ཡན་ལག་ཁང9དེ་ཏུའུ་ལིན་དང་། མི་དམངས་ལམ། མེ་ཏོག་ལྡུམ་རའི་ལམ། རིག་གནས་ལམ། ནན་དབྱང་ལམ། ནན་དབྱང་གྲོང་གསར་བཅས་ཀྱི་སྲང་ལམ་དོན་གཅོད་ཁང7དུ་བསྒྱུར། ཞིང་ལས་ཡན་ལག་ཁང་དེ་ཅིན་ཧྲུའེ་ཞིང་ལས་ཀུང་ཧྲེར་བསྒྱུར།

སྤྱི་ལོ1980ལོར་ལིའུ་ཀྲའེ་སྲང་ལམ་དོན་གཅོད་ཁང་བཙུགས།

སྤྱི་ལོ1984ལོར་ཏ་ཧྲི་ཆའོ་སྲང་ལམ་དོན་གཅོད་ཁང་བཙུགས།

སྤྱི་ལོ1987ལོར་གྲོང་ཁྱེར་ཡོངས་སུ་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་ཏེ་ཅིན་ཧའེ་ཁུལ་དང་། ཞིན་སྨི་ཁུལ། གྲོང་འདབས་བཅས་མེད་པར་བཟོས་ནས་ཡན་ཧྲན་རི་ཁུལ་བཙུགས་པ་རེད། ཅིན་ཧྲུའེ་ཁུལ་ལིའུ་ཀྲའེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་མང་ཧྲན་ཁུལ་དུ་དབྱེ་ཡོད་པ་དང་། དེ་སྔའི་གྲོང་ཁྱེར་ཉེ་འདབས་ཀྱི་ལིའུ་ལིན་ཤང་དང་། གྲོང་ཁྱེར་དང་གྲོང་གསེབ། ཡའོ་ཆའོ་ཤང་། སྔོན་ཅིན་ཧའེ་ཆུས་ཀྱི་མིའོ་ལི་ཤང་དེ་ཅིན་ཧྲུའེ་ཆུས་སུ་དབྱེ་ཡོད་པ་རེད།

སྤྱི་ལོ2000ལོའི་ཟླ5པར་ཅིན་ཧྲུའེ་ཁུལ་གྱི་ཧེ་ཐན་སི་ཤང་ཕྱིར་འཐེན་བྱས་ཏེ་ཧྥིན་ཁྲན་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས།

སྤྱི་ལོ2002ལོའི་ཟླ8པར་ཅིན་ཧྲུའེ་ཁུལ་དུ་ས་ཁོངས་དབྱེ་ནས་ལེགས་སྒྲིག་བྱས་ཏེ་ཝེ་ལེ་དང་། པེ་ལིན། ཏུང་ཧྥེང་ལམ་སོགས་ཁྲོམ་གཞུང་དོན་གཅོད་ཁྲུའུ3བཙུགས།

སྤྱི་ལོ2002ལོའི་ལོ་མཇུག་ཏུ་ཁུལ་གྱི་ཁོངས་གཏོགས་ཏུའུ་ལིང་དང་། མི་དམངས་ལམ། མེ་ཏོག་ལྡུམ་རའི་ལམ། རིག་གནས་ལམ་བུ། ནན་དབྱང་ལམ་བུ། ནན་དབྱང་གྲོང་གསར་། ཏ་ཧྲི་ཟམ་པ། ཐོན་ལེགས་ལམ་བུ། འབྱུང་འགྱུར་ལམ་བུ། པེ་ལིན་ལམ་བུ། ཤར་རླུང་ལམ། ཅིང་ལུའུ་ལམ་སོགས་ཁྲོམ་གཞུང་དོན་གཅོད་ཁྲུའུ12དང་སྡེ་ཁུལ་གྲོང་མིའི་ཨུ་ཡོན་ལྷན་ཁང136ཡོད་པ་རེད།མིའོ་ལི་གྲོང་རྡལ་དང་། ལིའུ་ལིན་གྲོང་རྡལ། སྤྱི་མཆོད་གྲོང་རྡལ། ཡའོ་ཆའོ་ཤང་བཅས་ཤང་གྲོང4དང་། སྲིད་འཛིན་གྲོང་ཚོའི་གྲོང་མིའི་ཨུ་ཡོན་ལྷན་ཁང70  རང་བྱུང་གྲོང་ཚོ175བཅས་ཡོད་པ་རེད།

སྤྱི་ལོ2005ལོའི་ཟླ11པར་ཡའོ་ཆའོ་ཞང་མེད་པར་བཟོས་ཏེ་ལུང་ཙི་ཧུའུ་སྲང་ལམ་དོན་གཅོད་ཁང་བཙུགས།

སྤྱི་ལོ2006ལོའི་ཟླ6པར་གྲོང་ཁྱེར་དང་གྲོང་རྡལ་དུ་མཆོད་འབུལ་མེད་པར་བཟོས་པ་དང་ཆབས་ཅིག་གྲོང་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་ཧྥུང་ཧོང་ཐའེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཡོད།

སྤྱི་ལོ2010ལོའི་ཟླ11པར་གྲོང་ལམ་གྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་ལུང་ཙི་ཧུའུ་སྲང་ལམ་དོན་གཅོད་ཁང་གི་སྲིད་འཛིན་བདག་སྐྱོང་ས་ཁོངས་ལེགས་སྒྲིག་བྱས་ཏེ། ཤིན་ཏ་ལུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་པ་དང་། ལུང་ཙེ་ཧུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་དོ་དམ་ཁྱབ་ཁོངས་ནང་ལན་ཧོ་མྱུར་བགྲོད་གཞུང་ལམ་བྱང་རྒྱུད་ས་ཁོངས་ཀྱི་པེ་ལུའུ་ཀྲོང་གྲོང་ཚོ་དང་། རེན་ཀྲོང་གྲོང་ཚོ། མ་ཏུའུ་གྲོང་ཚོ། ལའེ་ཐུང་ཀྲའེ་གྲོང་ཚོ། ཧོང་ཀྲོང་གྲོང་ཚོ། ཧོང་ཀང་མིའོ་གྲོང་ཚོ། ཞའོ་ཅིན་ཀྲོང་གྲོང་ཚོ་བཅས་དང་དེ་བཞིན་ལན་ཧོ་མྱུར་བགྲོད་གཞུང་ལམ་གྱི་ལྷོ་རྒྱུད་དང་པེ་ཅིང་དང་།ཤང་ཀང་དང་ཨའོ་མོན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཤར་རྒྱུད་ས་ཁོངས་ཀྱི་ལིའུ་ཅང་གྲོང་ཚོ་དང་། མ་ལོའུ་གྲོང་ཚོ། ལིའུ་ཡོན་ཁོའུ་གྲོང་ཚོ། ཅ་ཁྲེན་གྲོང་ཚོ། ཞུས་ཀྲོང་གྲོང་ཚོ་བཅས་སྲིད་འཛིན་གྲོང་ཚོ12ཀྱི་སྒྲིག་གཞི་གསལ་པོར་དབྱེ་ནས་ཤིན་ཏ་ལུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་པ་རེད།

སྤྱི་ལོ2010ལོའི་ཟླ11པར་གྲོང་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་ལུང་ཙེ་ཧུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལོགས་སུ་དབྱེ་ནས་ཀྲེང་ཏུང་ཤིན་ཁུལ་དུ་དབྱེ་ཡོད།

སྤྱི་ལོ2011ལོའི་ཟླ4པར་ལིའུ་ལིན་གྲོང་རྡལ་མེད་པ་བཟོས་ནས་དབྱང་ཅིན་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་གོ་ཅི་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཡོད།

སྤྱི་ལོ2011ལོའི་ཟླ4པར་ཅིན་ཧྲུའེ་ཁུལ་ཁོངས་གཏོགས་མེའོ་ལི་གྲོང་རྡལ་དང་། རིག་གནས་ལམ་དང་། ནན་དབྱང་གྲོང་གསར། ཅིན་པ་ལུའུ། ཏ་ཧྲི་ཟམ་པ། མི་དམངས་ལམ། མེ་ཏོག་ལྡུམ་རའི་ལམ། ཏུའུ་ལིང་། ནན་དབྱང་ལམ། ཧྥེང་ཐོན་ལམ། པེ་ལིན་ལམ། མ་འོངས་ལམ། ཏུང་ཧྥེང་ལམ། ཞིན་ཏ་ལམ། གོ་ཅི་ལམ། ཧྥེང་ཧོང་ཐའེ། དབྱང་ཅིན་ལྕགས་ལམ་བཅས་དོན་གཅོད་ཁང16ཡོད།

སྤྱི་ལོ2011ལོའི་ཟླ7པར་མིའོ་ལི་གྲོང་རྡལ་མེད་པ་བཟོས་ནས་ཧྥེང་ཆིང་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས།

2012ལོའི་ཟླ་4པ་ནས་ད་བར་ཅིན་ཧྲུའེ་ཆུས་ཁོངས་སུ་རིག་གནས་ལམ་དང་། ནན་དབྱང་ཤིན་གྲོང་ཚོ། ཅིན་པ་ལུའུ། ཏ་ཧྲི་ཟམ་པ། མི་དམངས་ལམ། མེ་ཏོག་ལྡུམ་རའི་ལམ། ཏུའུ་ལིང་། ནན་དབྱང་ལམ། ཧྥེང་ཐོན་ལམ། པེ་ལིན་ལམ། མ་འོངས་ལམ། ཏུང་ཧྥེང་ལམ། ཤིང་ཏ་ལམ། གོ་ཧོང་ཐའེ། དབྱང་ཅིན་ལམ། ཧྥེང་ཆིང་ལམ་བཅས་དོན་གཅོད་ཁང17ཡོད།

2_2 ས་ཁུལ་ཀྱི་ཞིབ་ཕྲའི་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཅིན་ཧྲུའེ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང24ཡོད་པ་སྟེ། པ་ལུའུ་ཁྲོམ་གཞུང་དང་། མེ་ཏོག་ལྡུམ་རའི་ཁྲོམ་གཞུང་། མི་དམངས་ལམ་ཁྲོམ་གཞུང་། ཏུའུ་ལིན་ཁྲོམ་གཞུང་། ཏ་ཧྲི་ཟམ་ཁྲོམ་གཞུང་། ནན་དབྱང་ལམ་ཁྲོམ་གཞུང་། ནན་དབྱང་གྲོང་གསར་ཁྲོམ་གཞུང་། རིག་གནས་ལམ་ཁྲོམ་གཞུང་། ཧྥེང་ཐོན་ལམ་ཁྲོམ་གཞུང་། ཏུང་ཧྥུང་ལམ་ཁྲོམ་གཞུང་། པེ་ལིན་ལམ་ཁྲོམ་གཞུང་། མ་འོངས་ལམ་ཁྲོམ་གཞུང་། ཧྥེང་ཧོང་ཐའེ་ཁྲོམ་གཞུང་། ལུང་ཙི་ཧུའུ་ཁྲོམ་གཞུང་། ཧྲེན་ཁྲེང་ལམ་ཁྲོམ་གཞུང་། ཤིན་ཏ་ལམ་ཁྲོམ་གཞུང་། རྒྱལ་ཁབ་རྨང་གཞི་ལམ་ཁྲོམ་གཞུང་། དབྱང་ཅིན་ལམ་ཁྲོམ་གཞུང་། ཧྥེང་ཆིང་ལམ་ཁྲོམ་གཞུང་། དབྱི་ཀྲི་ཧུའུ་ཁྲོམ་གཞུང་། པོ་ཞུའེ་ལམ་ཁྲོམ་གཞུང་། ལུང་ཧུའུ་ཁྲོམ་གཞུང་། ལུང་ཧུའུ་ཁྲོམ་གཞུང་། ལུང་ཡོན་ཁྲོམ་གཞུང་། ཅིན་ཀོན་ཁྲོམ་གཞུང་བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 ས་གནས།

ཅིན་ཧྲུའེ་ཆུས་ནི་ཀྲེང་ཀྲོའུ་གྲོང་ཁྱེར་ཁུལ་གྱི་བྱང་ཤར་རྒྱུད་དུ་ཡོད། ཤར་ནི་ཀྲུང་མུའུ་རྫོང་དང་ཉེ་ཞིང་། ལྷོ་ནི་ཀོན་ཁྲེང་ཁུལ་དང་། གཉིས་བདུན་ཁུལ། ནུབ་ནི་ཀྲུང་ཡོན་ཁུལ་དང་། བྱང་ནི་ཧུའེ་ཅི་ཆུས་བཅས་ལ་འབྲེལ་ཡོད། ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག113°40' ~ 113°47' དང་བྱང་གི་འཕྲེད་ཐིག30°50' ~ 34°57'ཡིན། ཁོངས་གཏོགས་ས་ཁུལ་ཤར་ནུབ་ཀྱི་ཆེས་རིང་པའི་བར་ཐག་ནི་སྟོང་སྨི22.9དང་། ལྷོ་བྱང་གི་ཆེས་རིང་པའི་བར་ཐག་སྟོང་སྨི17.2  སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ242ཡོད།

3_2 ས་དབྱིབས།

ཅིན་ཧྲུའེ་ཆུས་ནི་ཧྭ་པེ་འབབ་རྒྱུད་ཀྱི་ཁའེ་ཧྥེང་ཨའོ་ཀྲེན་ཁུལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་བར་བརྒལ་ས་ཁུལ་དུ་གནས་ཡོད་པ་དང་། ཆུས་ཡོངས་ནི་བདེ་ཐང་གཤོང་ས་ཡིན་པ་དང་། རྨ་ཆུའི་ཕུང་གསོག་བདེ་ཐང་ཡིན་ལ། ཆ་ཤས་སུ་བ་ཚྭ་དང་རླུང་གྲུབ་བྱེ་འབུར་ཕྲ་མོ་སྤུངས་ཡོད། ས་བབ་ནུབ་མཐོ་ལ་ཤར་དམའ་བ། ལྷོ་ནུབ་མཐོ་ལ་ཤར་བྱང་དམའ་བ། མཐོ་ཤོས་ནི་ཙི་ཅིན་ཧྲན་སྤྱི་གླིང་ཙི་ཅིང་ཀེ(མཚོ་སྙོམ་སྨི109)ཡིན་པ་དང་། དམའ་ཤོས་ནི་ལིའུ་ཡོན་ཁོའུ་གྲོང་ཚོ(མཚོ་སྙོམ་སྨི82.4)ཡིན།

3_3 ས་རྒྱུ།

ཅིན་ཧྲུའེ་ཆུས་ཀྱི་ས་ཞིང་གི་ས་རྒྱུ་གཙོ་བོ་ནི་བརླན་ས་དང་བྱེ་ས་གཉིས་ཡིན། བརླན་སའི་ཁྱབ་རྒྱ་ཆེ་ཞིང་། ས་ཞིང་གི་རྒྱ་ཁྱོན་གྱི90%ཡན་ཟིན་པ་དང་། ས་རྒྱུའི་རིགས་ལ་གཞིགས་ནས་ཡང་བརླན་ས་དང་། ཁམ་བུ། ཚྭ་འགྱུར་བརླན་ས། བརླན་ས་བཅས་རིགས་ཕལ་བ4དང་བྱེ་ས་དང་། གཉིས་འདྲེས་ས་ཆ། འདམ་ཆུ་འདྲེན་ས། ཚྭ་འགྱུར་ས་ཆ། བརླན་སའི་ཡུལ་ཁོངས5ས་ཆ27བཅས་སུ་དབྱེ་ཡོད། 

3_4 ཆུ་དཔྱད།

ཅིན་ཧྲུའེ་ཆུས་ཀྱི་མངའ་ཁོངས་སུ་རྨ་ཆུ་དང་། ཅ་ལུའུ་གཙང་པོ། ཏུང་ཧྥུང་ཆུ་ཡུར། ཅིན་ཧྲུའེ་ཆུ་བོ། ཞུང་ལི་ཆུ་བོ། ཆི་ལི་ཆུ་བོ། ཅ་ལུའུ་ཀྲི་གཙང་པོ་སོགས་ཆུ་བོ7ཡོད་པའི་ནང་རྨ་ཆུ་དེ་ཁོངས་གཏོགས་ཁུལ་གྱི་ཡའོ་ཆའོ་ཤང་མ་ཏུའུ་དང་། ལའེ་ཙན་ཀྲའེ་ཆུ་བོ། སན་པ་ཐང་སོགས་གྲོང་ཚོ་བརྒྱུད་དེ་ཀྲུང་མོའུ་རྫོང་ཁོངས་སུ་བཞུར་པ་དང་ས་ཁོངས་ནང་གི་ཆུ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ7ཡོད་པ་དང་། ཅ་ལུའུ་ཆུ་བོ་དང་། ཏུང་ཧྥེང་ཆུ་ཡུར། ཅིན་ཧྲུའེ། ཞུང་ཨེར། ཆི་ལི་ཧོ། ཅ་ལུའུ་ཀྲི་ཆུ་བོ་བཅས་ཚང་མ་ཧོའེ་ཧོ་ཆུ་བོ་རུ་འབབ། ཅིན་ཧྲུའེ་ཆུས་སུ་རྨ་ཆུའི་ཆུ་རགས་ནང་ཁོངས་ཕུད། དེ་བྱིངས་ཚང་མ་ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་དུ་གཏོགས་ཡོད།

ཅིན་ཧྲུའེ་ཆུས་ཀྱི་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུའི་སྤུས་ཚད་ཡག་པོ་ཡོད་པ་དེ་ཐཱན་སྐྱུར་ཀལ་གྱི་ཆུའི་ཁོངས་སུ་གཏོགས་པ་དངPHབྲིན་ཚད6-8བར་ཡིན་པ་དང་གཏེར་འགྱུར་བྱེད་ཚད་དམའ་བས་མི་ཕྱུགས་ཀྱི་འཐུང་ཆུའི་ཚད་གཞི་དང་འཚམ་པོར་ཡོད།

3_5 ནམ་ཟླ།

ཅིན་ཧྲུའེ་ཆུས་ནི་བྱང་དྲོད་ཁུལ་དང་ཚ་ཁུལ་ཕལ་བའི་ནམ་ཟླའི་བར་བརྒལ་ཁུལ་དུ་གནས་པ་དང་། ཐན་པ་ཕྱེད་ཙམ་དང་བརླན་གཤེར་ཕྱེད་ཙམ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞི་གསལ་བ་དང་། ཉི་འོད་ཕོག་ཡུན་རིང་བ། ཚ་ཚད་འདང་བ། རང་བྱུང་གི་ཆར་ཆུ་ཉུང་བ་བཅས་ཡིན། ཁྱད་ཆོས་གཙོ་བོ་ནི། དཔྱིད་ཐན་རླུང་མང་ཞིང་དྲོད་གྲང་ངེས་མེད་ཡིན་པ་དང་། དབྱར་ཁར་ཆར་ཆུ་མང་བ་དང་། ཆུ་ཚ་དུས་མཚུངས་ཡིན་པ། སྟོན་བསིལ་དྭངས་ཤིང་ཉི་འོད་རབ་ཏུ་འཕྲོ་བ་དང་། དགུན་དུས་སྐམ་ཤས་ཆེ་བ། རླུང་མང་ལ་ཁ་བ་ཉུང་པ། ལོ་རེའི་ཆ་སྙོམས་དྲོད་ཚད14.8℃ཡིན་པ་དང་། ཆར་འབབ་ཚད་ཧའོ་སྨི586.1ཟིན་པ། སད་མེད་པའི་དུས་ཡུན་ནི213ཡིན་ལ། ཉི་འོད་ཕོག་ཚད་ནི་ཆུ་ཚོད2052.6ཟིན་པ་དེ་སྤྱི་ལོ1951ལོ་ནས་སྤྱི་ལཕོ1980ལོའི་བར་གྱི་ཆ་སྙོམས་གྲངས་ཐང་དང་བསྡུར་ན་དྲོད་ཚད0.6℃ལས་མཐོ་བ་དང་། ཆར་ཚད་ཧའོ་སྨི54.8ཉུང་དུ་ཕྱིན་པ། ཉི་འོད་ཕོག་ཚད་ཆུ་ཚོད332.7ཉུང་དུ་ཕྱིན་ཡོད།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ཅིན་ཧྲུའེ་ཆུས་ཀྱི་མངའ་ཁོངས་སུ་ཆུ་བོ7ཡོད། དེའི་ནང་རྨ་ཆུ་ནི་ལུང་ཙེ་ཧུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་མ་ཏུའུ་དང་། ལའེ་ཐུང་ཀྲའེ་དང་སན་པཱ་སོགས་གྲོང་ཚོ་བརྒྱུད་དེ་ཀྲུང་མོའུ་རྫོང་གི་ས་མཚམས་སུ་བཞུར་གྱིན་ཡོད་པ་དང་ཆུ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ7ཡོད་པ་རེད། ཅ་ལུའུ་གཙང་པོའི་རིང་ཚད་ལ་སྤྱི་ལེ23ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ63ཡོད་པ་རེད། ཏུང་ཧྥུན་ཡུར་བུའི་རིང་ཚད་ལ་སྤྱི་ལེ25ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ37ཡོད་པ་རེད། ཅིན་ཧྲུའེ་གཙང་པོའི་རིང་ཚད་སྤྱི་ལེ8.64ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ22ཟིན་ཡོད། ཞུང་འར་གཙང་པོའི་རིང་ཚད་ལ་སྤྱི་ལེ8.1ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ31ཟིན་ཡོད། ཆི་ལི་གཙང་པོའི་རིང་ཚད་སྤྱི་ལེ9.2ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ16ཟིན་ཡོད། ཅ་ལུའུ་ཀྲི་གཙང་པོའི་རིང་ཚད་ལ་སྤྱི་ལེ25ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ77ཟིན་ཡོད།

ཅིན་ཧྲུའེ་ཆུས་ཁོངས་གཏོགས་ས་ཁུལ་གྱི་ཆུའི་ཐོན་ཁུངས་བསྡོམས་འབོར་ལ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི31330ཟིན་པ་དང་མི་རེའི་ཆ་སྙོམས་ཆུ་འབོར་ལ་སྨི་རྒྱ་དཔངས་གྲུ་བཞི་མ450.7ཟིན་པ་དང་སྤྱི་ཆིང་རེར་ཆ་སྙོམས་ཆུ་སྤྱོད་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་མ12750ཟིན་ཡོད། ལོ་རེར་ཆ་སྙོམས་ཀྱིས་རྨ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི2523བེད་སྤྱོད་བྱས་པ་རེད། ས་ངོས་ཀྱི་ཆུའི་ལོ་རེའི་བཞུར་རྒྱུན་གྱི་ཟབ་ཚད་ནི་ཧའོ་སྨི90ཡིན་པ་དང་། ལོ་རེའི་བཞུར་རྒྱུན་ནི་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི2179.8ཡིན། ས་འོག་གི་ཆུ་ནི་སྟེང་ངོས་ཀྱི་ཆུ་གཙོ་བོ་ཡིན་པ་དང་། གཏིང་ཚད་སྨི0.5ནས10བར་སྦས་ཡོད་པ་དང་། ལོ་རེར་སྔོག་འདོན་བྱེད་ཚད་སྤྱི་ལེ་གྲུ་བཞི་མ་ཁྲི20ནས་ཁྲི50བར་ཡིན་ཆོག ཁྲོན་པ་རྐྱང་བའི་ཆུ་ཕྱིར་གཏོང་ཚད་ཧ་ལམ་ཆུ་ཚོད་རེར་ཏུན50ཙམ་ཟིན་གྱིན་ཡོད། ལོ་ཧྲིལ་པོར་རྨ་ཆུའི་འགྲམ་དུ་སིམ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི700ཟིན་ཡོད། ཁུལ་ཡོངས་ཀྱི་ས་འོག་ཆུ་ལོར་སྔོག་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི13876ཟིན་ཡོད།

4_2 ས་ཞིང་གི་ཐོན་ཁུངས།

ཅིན་ཧྲུའེ་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ146.89ཡོད་པ་དང་། (1)རྨོ་ཞིང་སྤྱི་ཆིང6329.9ཡོད་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན26.34%ཟིན་ཡོད། རྨོ་ཞིང་གི་རྒྱ་ཁྱོན་ཁྲོད་ཆུ་འདྲེན་ཆུ་ཞིང་སྤྱི་ཆིང4568.6དང་། ཆུ་ཞིང་སྤྱི་ཆིང1253.6  སྐམ་ཞིང་སྤྱི་ཆིང231.8  ཚལ་ཞིང་སྤྱི་ཆིང275.9བཅས་ཡོད་པ་རེད། (2)ལྡུམ་རའི་སྤྱི་ཆིང524.5ཡོད་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན2.2%བཟུང་ཡོད། དེའི་ནང་ཤིང་འབྲས་ར་བ་ནི་སྤྱི་ཆིང434.1   ར་བ་གཞན་དག་སྤྱི་ཆིང90.0བཅས་ཡོད་པ་རེད། (3)ནགས་སས་སྤྱི་ཆིང264.1ཟིན་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན1.1%ཟིན་པ། དེའི་ནང་ནགས་ས་ནི་སྤྱི་ཆིང74.7དང་། སྡོང་ཕྲན་ནི་སྤྱི་ཆིང6.1  སྡོང་ཕྲུག་ར་བ་ནི་སྤྱི་ཆིང183.4བཅས་ཡོད། (4)ཞིང་སྤྱོད་ས་ཆ་གཞན་དག་སྤྱི་ཆིང2225.69(ཆུ་བེད་སྒྲིག་བཀོད་ཀྱི་ས་ཆ་སྤྱི་ཆིང0.29ཚུད་པ)ཡོད་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི9.26%ཟིན་ཡོད། དེའི་ནང་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱ་ཡུལ་ནི་སྤྱི་ཆིང10.1དང་། སྒྲིག་བཀོད་ཞིང་སྤྱོད་ས་ཆ་ནི་སྤྱི་ཆིང26.5 གྲོང་གསེབ་ཀྱི་གཞུང་ལམ་ནི་སྤྱི་ཆིང170.1    ས་དོང་གི་ཆུ་ངོས་ནི་སྤྱི་ཆིང1565.1   གསོ་ཚགས་བྱེད་ས་ནི་སྤྱི་ཆིང109.7   ཞིང་སྤྱོད་ཆུ་སྤྱོད་ཚད་སྤྱི་ཆིང343.0བཅས་ཡོད་པ་རེད། (5)གྲོང་མི་དང་བཟོ་གཏེར་ལ་སྤྱོད་པའི་ས་ཆ་ནི་སྤྱི་ཆིང12136.4ཟིན་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན 50.5%ཟིན་ཡོད། དེའི་ནང་གྲོང་ཁྱེར་གྱི་ས་ཆ་ནི་སྤྱི་ཆིང8888.7དང་། གྲོང་གསེབ་ཀྱི་ཡུལ་མིའི་སྡོད་གནས་ནི་སྤྱི་ཆིང1462.9   རང་ཚུགས་བཟོ་གཏེར་སྤྱི་ཆིང1441.0  དམིགས་བསལ་ས་ཆ་ནི་སྤྱི་ཆིང311.1བཅས་ཡོད་པ་རེད། (6)འགྲིམ་འགྲུལ་ཐད་སྤྱོད་པའི་ས་ཆ་ནི་སྤྱི་ཆིང704.7ཟིན་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི2.93%ཟིན་པ་རེད། དེའི་ནང་ལྕགས་ལམ་གྱིས་ཞིང་སྤྱི་ཆིང19.7དང་གཞུང་ལམ་གྱིས་ཞིང་སྤྱི་ཆིང685.0བཏང་ཡོད། (7)བེད་སྤྱོད་མ་བྱུང་བའི་ས་ཆ་ནི་སྤྱི་ཆིང669.5ཟིན་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི2.79%བཟུང་བ། དེའི་ནང་སྤང་རྒོད་སྤྱི་ཆིང333.3དང་། བྱེ་ས་སྤྱི་ཆིང48.1  བེད་སྤྱོད་བྱས་མེད་པའི་ས་ཞིང་སྤྱི་ཆིང288.1བཅས་ཡོད། (8)ས་ཆ་གཞན་དག་གི་སྤྱི་ཆིང1179.7ཟིན་པ་དེས་ཁུལ་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི4.9%ཟིན་ཡོད། དེའི་ནང་ཆུ་བོའི་རྒྱ་ཁྱོན་ལ་སྤྱི་ཆིང1170.0དང་། འདམ་རྩྭ་སྤྱི་ཆིང0.7   གྲམ་ཐང་སྤྱི་ཆིང9.0བཅས་ཡོད། 

4_3 སྐྱེ་དངོས་ཐོན་ཁུངས།

ཅིན་ཧྲུའེ་ཆུས་སུ་སྐྱེ་དངོས་ཀྱི་རིགས་མང་པོ་ཡོད་པ་དང་། ཞིང་ལས་ཐོན་སྐྱེད་ཁྲོད་བེད་སྤྱོད་རིན་ཐང་ཅུང་མཐོ་བ་མ་ཟད། གསོ་སྤེལ་གྱི་རིགས་མང་དུ་འགྲོ་བ་དང་། ཞིང་ལས་ཐད་སྤྱོད་པའི་ཕྱུགས་རིགས་ཆེ་གྲས་ཀྱི་གྲངས་འབོར་མངོན་གསལ་གྱིས་ཉུང་དུ་འགྲོ་བའི་འཕེལ་ཕྱོགས་མངོན་ཡོད། གསོ་སྤེལ་སྲོག་ཆགས་ལ་གཙོ་བོ་གླང་དང་། ཆུ་གླང་། བཞོན་མ། རྟ། དྲེལ། བོང་བུ། ར། ལུག   ཕག  ཁྱི། བྱ་ཕོ། བྱ་གག ངང་པ། ཕུག་རོན་སོགས་ཡོད། ཁྱད་པར་ཅན་གྱི་གསོ་སྤེལ་སྲོག་ཆགས་ནི། སྲེ་མོང་བྱི་བ་དང་། མུ་ཏིག་བྱ་དེ། ཤ་ཕུག་ཕུག་རོན། ཤྭ་བོ་ཁྲ་ཁྲ། ཕག་པ། པེ་ཅིན་བྱ་གག  རྔ་ཆུང་གྲང་བ་སོགས་ཡོད། བཞོན་མ་གསོ་ཚགས་ལས་རིགས་འཕེལ་རྒྱས་ཅུང་མགྱོགས་པ། ཁོངས་གཏོགས་ཁུལ་ནི་ཀྲུང་ཡོན་དུ་གནས་པ་དང་། གྲོང་ཁྱེར་དང་ཐག་ཉེ་བའི་ས་ཁོངས་སུ་རི་དང་། གཙང་པོ། མཚེའུ་བཅས་དཀོན་པས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བལྟོས་བཅས་ཀྱིས་ཉུང་པ་དང་། མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་གཙོ་བོ་ནི། འདབ་ཆགས་དང་ཉ་རིགས། བྱི་བའི་རིགས། ཚེར་མ། སྲེ་མོང་། རི་བོང་། རི་བྱ་སོགས་ཡོད་པ་དང་། འདབ་ཆགས་རིགས་ལ་གཙོ་བོ་སྐྱ་ཀ་དང་། ཁྲ་ཁྲ། མཆིལ། བྱིའུ་ཆུང་།  ཁུ་བྱུག། ཁྭ་ཏ་དང་། བྱ་འུག  འུག་པ། བྱ་གུར། བྱ་སེར་པོ། ཤིང་རྟ་མོ་སོགས་ཡོད། ས་ཁོངས་ནང་གི་འདེབས་འཛུགས་རྩི་ཤིང་ལ་གཙོ་བོ་འབྲུ་རིགས་དང་། སྣུམ་རྒྱུ། སྔོ་ཚལ། ཤིང་སྡོང་། འབྲས་ཤིང་། མེ་ཏོག སྨན་རྩྭ་བཅས་རིགས་ཆེན་པོ་བདུན་ཡོད། དེའི་ནང་འབྲུ་རིགས་ཀྱི་ལོ་ཏོག་ནི་གཙོ་བོ་གྲོ་དང་། ཆུ་འབྲས། མ་རྨོས་ལོ་ཏོག  སྲན་ཆེན། སྲན་ལྗང་། ཞོག་ཁོག་དམར་པོ་སོགས་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཅིན་ཧྲུའེ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་སྒོར་དུང་ཕྱུར1596.29ཟིན་ནས་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར94043ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི0.1:8.6:91.3ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར1011.4བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་ལ་སྒོར་དུང་ཕྱུར866.71ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་སྒོར42525ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་སྒོར23964ཟིན་ཡོད།

5_1 ཐོན་ལས་དང་པོ།

“སྣོད་བཅུད་ལྗང་མདོག་དང་སྤྲོ་གསེང་ལྟ་སྐོར”གྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཞིར་བཟུང་། ཅིན་ཧྲུའེ་ཆུས་ཀྱི་གྲོང་ཁྱེར་རྣམ་པའི་ཞིང་ལས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོར་བཏང་བ་དང་ཞིང་ལས་ཐོན་ལས་ཅན་གྱི་གོམ་སྟབས་མགྱོགས་སུ་བཏང་ཡོད། ཁུལ་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་གཙོ་གནད་སྣེ་འདྲེན་གྱི་ཁེ་ལས35ཡོད་པའི་ནང་རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས་དང་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས3ཡོད་པ་དེའི་ནང་ཞིང་ལས་ཐོན་རྫས་ལས་སྣོན་དང་། ཞིང་ལས་ཐོན་རྫས་འཁོར་རྒྱུག  མེ་ཏོག་གི་སྡོང་ཕྲུག་ཐོན་སྐྱེད་འཁོར་རྒྱུག་སོགས་ཚུད་ཡོད། སྣོད་བཅུད་ལྟ་སྐོར་དང་། ལྗང་མདོག་ཞིང་ལས། རྨ་ཆུའི་རྒྱུད་ཀྱི་སྣོད་བཅུད་ཡུལ་སྐོར་བཅས་ཀྱི་གྲོང་ཁྱེར་རྣམ་པའི་ཞིང་ལས་དཔེ་སྟོན་ཁུལ་གྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད། ནགས་ཚལ་དང་། ཤིང་འབྲས། མེ་ཏོག་བཅས་གཙོ་བོར་བྱེད་པའི་ཐོན་སྐྱེད་རྣམ་པའི་དཔེ་སྟོན་གླིང་ཁུལ(ཧུང་པའོ་དེང་རབས་ཞིང་ལས་དཔེ་སྟོན་གླིང)བསྐྲུན་པ་རེད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོར་ཅིན་ཧྲུའེ་ཆུས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་གཙོ་གནད་རྣམ་གྲངས203ཡོད་པ་དང་སྤྱི་ལོ2013ལོར་མ་དངུལ་སྒོར་དུང་ཕྱུར285.2བཏང་ཡོད་པ་རེད། སྲིད་གཞུང་གི་མ་འཇོག་རྣམ་གྲངས45ཡོད་པ་དེས་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར5བཏང་ཡོད། ཧོ་ནན་ཆ་འཕྲིན་ཐང་ཆེན་སོགས་གཙོ་གནད་རྣམ་གྲངས7ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་དང་། ཅིན་ཧྲུའེ་དབན་ཏ་ལྟེ་གནས་སོགས་གཙོ་གནད་རྣམ་གྲངས་སྐྲུན་འགོ་ཚུགས་ཡོད། མ་འཇོག་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་ཞབས་ཞུའི་ལས་རིགས་ལ་མ་འཇོག་སྒོར་དུང་ཕྱུར333.9ཟིན་པ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད་ཀྱི95.4%ཟིན་པ། དམངས་ཁྲོད་ཀྱི་མ་འཇོག་སྒོར་དུང་ཕྱུར227.5ཟིན་པ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད་ཀྱི65%བཟུང་ཡོད། 

5_3 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར629.2ཟིན་ནས9.3%འཕར་ཡོད། མཐོ་རིམ་ཚོང་དོན་ལས་རིགས་ཀྱི་གཉེར་སྐྱོང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི250ཟིན་པ། ཚོང་གཉེར་ཡོང་འབབ་ཁྲི200ལས་བརྒལ་བའི་བཟའ་བཏུང་ཞག་སྡོད་ཀྱི་ཁེ་ལས191ཡོད་པ་དང་། སྒོར་དུང་ཕྱུར་ལས་བརྒལ་བའི་ཚོང་ར་ཆེ་གྲས14ཡོད་པ། སྒོར་དུང་ཕྱུར་ལས་བརྒལ་བའི་ཚོང་ར11ཡོད། ཁྱད་ལྡན་ཁྲོམ་གཞུང་གི་ལས་གཉེར་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ54ཡོད་པ་དང་། ཚོང་དུད3290ཡོད་པ། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར26.38བྱུང་བ། ཞིང་ལས་ཚན་རྩལ་ལམ་གྱི་ཨར་ཁང་གི་སོས་དལ་ཁྲོམ་གཞུང་དང་ཤིས་ལི་ལམ་གྱི་གཉེན་སྒྲིག་པར་ལེན་རྒྱུ་ཆའི་ཁྱད་ལྡན་ཁྲོམ་གཞུང་ནི་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་དུ་གྱུར་ཡོད། དྲ་ཐོག་ཚོང་དོན་ཞབས་ཞུའི་ཁེ་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་ཁུལ་ཡོངས་སུ་དྲ་ཐོག་ཚོང་དོན་ཁེ་ལས55ཡོད་པ་དང་། ཀྲུང་གོའི་ཞིང་སྤྱོད་དངོས་རྫས་དྲ་བ་ནི་རྒྱལ་ཡོངས་ཀྱི་ཞིང་སྤྱོད་དངོས་རྫས་ཆ་འཕྲིན་གྱི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཆེ་ཤོས་སུ་གྱུར་པ། ITརོགས་ཟླའི་དྲ་བ་ཞིང་ཆེན་ཡོངས་ལ་ཁྱབ་པ་དང་། སྐུད་ཐོག་ཚོང་ལམ4834དང་བརྒྱུད་ཚོང་དུད་ཚང15193ཡོད།

6  ཡུལ་ཐོན་ཁྱད་རྫས།    
6_1  པ་ཝང་ཙོང་ཆེན།    

པ་ཝང་ཙོང་ཆེན་གྱི་སྐྱེས་ཚད (1.3-1.5)དང་། ལྷད་མེད་ལ་བཅུད་ལྡན་པ། འཚོ་བཅུད་ཕུན་སུམ་ཚོགས་པས་མིང་དེ་ལྟར་ཐོགས་པ་དང་། ཙོང་དཀར་པོར་ལི་སྨི་50ནས60བར་ཡོད་ཅིང་། དཀར་ཞིང་མཉེན་ལ་བྲོ་བ་ཞིམ་པ། གཡོས་སྦྱོར་དང་བཙོས་མ་སོགས་ཀྱི་བྲོ་བ་ལྡན་པས། དེ་ནི་ཟས་མཆོག་རོལ་མཁན་དག་ལ་མཚོན་ན་ཐོན་རྫས་གལ་ཆེན་ཞིག་ཡིན།  ཅིན་ཧྲུའེ་ཁུལ་གྱི་ཙོང་མུའུ་ཁྲི4ཡི་ཐོན་སྐྱེད་རྟེན་གཞི་བསྐྲུན་ཟིན་པ་དང་མུའུ་རེའི་ཐོན་ཚད་ནི་སྤྱི་རྒྱ3000ཙམ་ཟིན་ཡོད།    

6_2 ལུང་ཤུལ་ཐུད་ཟས།  

ལུང་ཤུལ་ཐུད་ཟས་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ལ།   ངག་རྒྱུན་དུ་ནཱ་གྲས་མཚོ་སྤྲུགས་དུས་འབྲུག་སྤུ་བྲེགས་ནས་མ་བྱན་ལ་སྤྲད་པའི་ཟས་རིགས་ཤིག་ཡིན་ཟེར། ཐུད་ཟས་ཀྱི་ཕྱི་ངོས་ནི་སྨ་ར་དང་། མིང་ལ་མིག་འབྲས་ཟེར། འབྲས་དང་གྲོ་ཞིབ། ཀ་ར། སྣུམ་བཅས་རྒྱུ་ཆ་གཙོ་བོར་བྱེད་པ་མ་ཟད། སྒ་སྐྱ་དང་། ཞ་སྨི། ཚྭ། ཤ་སོགས་བསྲེས་ནས་བཟོས་པ་ཡིན། མདོག་མཛེས་ལ། བྲོ་བ་མངར་བ་དང་ཚྭའི་ཁྱད་ཆོས་ལྡན་པ།  

7 གཟི་བརྗིད་མཚན་བྱང།    

སྤྱི་ལོ2018ལོའི་ཟླ9པར་ཅིན་ཧྲུའེ་ཆུས་ནི་སྤྱི་ལོ2018ལོའི་ཀྲུང་གོའི་སྟོབས་ཆེ་བའི་ས་ཁུལ་ཨང25པར་སླེབས་པ་རེད།      སྤྱི་ལོ2019ལོའི་ཟླ7པར་ཅིན་ཧྲུའེ་ཆུས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་རྒྱལ་ཁབ་ཤེས་བྱའི་བདག་དབང་གི་ལས་གྲྭའི་དཔེ་སྟོན་རྫོང(ཆུས)4རུ་བདམས་པ་དང་ཁག་གཉིས་པའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་ལྡན་རྫོང་དུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དཔལ་འབྱོར། ས་ཞིང་གི་ཐོན་ཁུངས།