རྡོ་རམས་པ་ཚུལ་ཁྲིམས་བཟང་བོ།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2020-01-07 16:32ལ་འགྲུབ།

རྡོ་རམས་པ་ཚུལ་ཁྲིམས་བཟང་བོ།

རྡོ་རམས་པ་ཚུལ་ཁྲིམས་བཟང་བོ།
རྡོ་རམས་པ་ཚུལ་ཁྲིམས་བཟང་བོ་ནི་བླ་མ་རྡོ་རམས་པ་སྐུ་ཕྲེང་གསུམ་པ་ཡིན་ལ། ཁོང་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་སྟེ། སྤྱི་ལོ1960ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཤ་བྲང་ཚོ་དྲུག་ལས་ཚོ་མཐུན་དུ་གྱུར་བའི་སུ་རུག་སྡེ་བའི་སྐར་མ་མཁའ་འགྲོ་ཞེས་པའི་སྲས་སུ་སྐུ་འཁྲུངས། ད་ལྟ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་མཐོ་ལས་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་གཙོའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多仁巴次成桑吾
བླ་མིང་།
རྡོ་རམས་པ།
འཁྲུངས་ལོ།
སྤྱི་ལོ1960ལོའི་ཟླ2པའི་ཚེས6ཉིན།
འཁྲུངས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་ཆུ་བཟང་སྡེ་བ།
ཡུམ།
སྐར་མ་མཁའ་འགྲོ།
གྲུབ་མཐའ།
དགེ་ལུགས་པ།
བླ་མ་གཙོ་བོ།
ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མ། རྗེ་སྐལ་བཟང་ཚུལ་ཁྲིམས་འོད་ཟེར། རྗེ་ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ།
1 ངོ་སྤྲོད།

རྡོ་རམས་པ་ཚུལ་ཁྲིམས་བཟང་བོ་ནི་བླ་མ་རྡོ་རམས་པ་སྐུ་ཕྲེང་གསུམ་པ་ཡིན་ལ། ཁོང་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པ་སྟེ། སྤྱི་ལོ1960ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཤ་བྲང་ཚོ་དྲུག་ལས་ཚོ་མཐུན་དུ་གྱུར་བའི་སུ་རུག་སྡེ་བའི་སྐར་མ་མཁའ་འགྲོ་ཞེས་པའི་སྲས་སུ་སྐུ་འཁྲུངས། སྔོན་གོམས་ཀྱིས་འཇམ་དཔལ་མཚན་བརྗོད་ཞལ་འདོན་ཆགས་མེད་གནང་། ཞང་པོ་རིན་པོ་ཆེ་ཁོང་ཨ་ཁུ་བསྟན་འཛིན་རྒྱ་མཚོའི་དྲུང་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་ཤིང་། དགུང་གྲངས་ཉི་ཤུ་བཞེས་པ་སྤྱི་ལོ1981ལོར་མདོ་སྨད་རྫོང་བཞིའི་ཡ་གྱལ་གནས་ཆེན་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དུ་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༧རྗེ་སྐལ་བཟང་ཚུལ་ཁྲིམས་འོད་ཟེར་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཚུལ་ཁྲིམས་བཟང་པོར་གསོལ།  དེ་ནས་ལོ་གཅིག་རིང་ལ་དགོན་དེའི་འདོན་ཆོ་ག་ཆོས་སྤྱོད་དང་། གཏོར་མའི་བཅའ་ཐབས་དང་ཕྱག་ལེན།  དབྱངས་ལྟ་འདར་གསུམ།  འབུད་རྡུང་དཀྲོལ་གསུམ་ལ་སོགས་པ་ལེགས་པར་སྦྱངས་ཤིང་ཚོགས་ལ་ཞུགས།  ཉེར་གཅིག་སྟེང་ལོ་ལྔའི་རིང་དུ་དབུ་མཛད་གནང་།དགུང་ལོ་སོ་གཅིག་སྟེང་དགེ་སྐུལ་གྱི་འགན་ཁུར།  ༧རྗེ་ཚུལ་ཁྲིམས་འོད་ཟེརརིན་པོ་ཆེའི་མདུན་དུ།    བསྡུས་གྲྭ་དང་།  བློ་རྟགས་གཉིས།   དོན་བདུན་ཅུ།   ས་ལམ།  གྲུབ་མཐའ། ཕར་ཕྱིན་གཙོས་གཞུང་བཀའ་པོད་ལྔ་དང་། སྔགས་རྒྱུད་སྡེ་དང་བཅས་པ་གསན་སྦྱངས་མཛད། རྗེ་ལམ་སྔགས་གཉིས་དང་ཨ་རོལ་རིན་པོ་ཆེའི་ལམ་རམས།  བཤེས་སྤྲིང་སོགས་ལ་ཡང་སློབ་གཉེར་མཛད་ཅིང་།  རྗེ་འཇིགས་མེད་བློ་གྲོས་མདུན་ནས།  ཡི་གེ་དབུ་ཅན་དབུ་མེད་དང་། ལཉྫ་ཝརྟིའི་ཡིག་གཟུགས།   སུམ་རྟགས་དག་གསུམ། ཐིག་རྩ་སྣ་ཚོགས།  རྩིས་དང་། སྙན་ངག ས་དཔྱད།  སོགས་ལ་ལེགས་པར་སྦྱངས།    བླ་མ་ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མ་དཔལ་བཟང་པོ་མཆོག་དང་།  རྗེ་ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་སོགས་ཀྱི་མདུན་དུ་མདོ་སྔགས་ཀྱི་དབང་ལུང་བཀའ་ཆོས་སོགས་མང་བོ་མནོས།  དགུང་གྲངས་སོ་ལྔའི་སྟེང་བྲག་དཀར་སྤྲེལ་རྫོང་གི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག  དགུང་གྲངས་སོ་བདུན་སྟེང།  ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་མཆོག་གིས་རྡོ་རམས་པ་བློ་བཟང་བསྟན་འཛིན་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་གནང་སྟེ། མཐོ་ལས་དགོན་པའི་བླ་གྲྭ་ཡོངས་ཀྱིས་མཚན་བྱང་དང་ཁ་བཏགས་ཕུལ།  དེ་ནས་ལོ་རབས་དགུ་བཅུ་པའི་བགྲང་བྱ་དགུ་པ་སྟེ། སྤྱི་ལོ1999ལོའི་ཧོར་ཟླ9པའི་འི་ཚེས22ཉིན་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པ་ལྟར་མཐོ་ལས་དགོན་དུ་ཁྲིར་འདོན་རྒྱ་ཆེར་མཛད།  རྗེས་སུ་རིམ་བཞིན་ནཱ་རོ་མཁའ་སྤྱོད་མ་དང་། གདུགས་དཀར་སོགས་ཀྱི་དབང་ལུང་གང་མང་གནང་སྟེ་དད་ལྡན་སེར་སྐྱ་ཡོངས་ལ་ཆོས་སྦྱིན་བླ་མེད་གནང་བ་དང་། དགོན་པའི་བླ་མ་དང་འགན་གཙོའི་འགན་གཅིག་ལྕོག་ཏུ་བཞེས་ནས་གྲྭ་ཚང་ལ་ཞབས་འདེགས་མི་དམན་པ་བསྒྲུབས།

2 ལས་འགན།

ཁོང་གི་འགན་ཁུར་གྱི་རིམ་པ་ནི། དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་གཙོ་དང་།  མང་ར་རྫོང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱུན་ལས།  མང་ར་རྫོང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། མཚོ་ལྷོ་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི།  མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་དགོན་པ་དང་རྒྱལ་ཁབ་རིམ་པའི་ཆོས་ལུགས་ལས་དོན་སོགས་ཀྱི་འགན་ཁུར་ཞིང་བྱ་བ་སྒྲུབ་བཞིན་ཡོད་དོ།།

3 བརྩམས་ཆོས།
3_1 ཞལ་འདོན་གྱི་སྐོར།

བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་སྤྱི་དོན་བློ་དམན་སྙིང་གི་མུན་སེལ།ཐར་བ་དང་ཐམས་ཅད་མཁྱེན་པའི་རྨང་རྡོའི་སྐྱབས་འགྲོ། སྟོན་པ་བཀའ་དྲན་ཅན་གྱི་རྣམ་པར་ཐར་བའི་དད་པའི་འཇུག་ངོགས། སྟོན་པ་ཤཀྱཱའི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན། སྔོན་འགྲོའི་ཆོས་བཤད་སྐལ་བཟང་རེ་བ་ཀུན་སྐོང་ཡིད་བཞིན་དབང་གི་རྒྱལ་བོ། ཆོས་བཤད་སྐལ་བཟང་སྤྲོ་བའི་ལམ་བཟང་། སྔོན་འགྲོའི་ཆོས་བཤད་སྐལ་བཟང་ཕན་བདེ་ལམ་བཟང་། མཎྚལ་བཤད་པ་བླ་མ་དགྱེས་པའི་མཆོད་སྤྲིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་སྨིན་བྱེད་དབང་གི་སྔོན་འགྲོའི་ཆོས་བཤད། དབང་གི་ཆོས་བཤད་འཁྲུལ་སྤོང་གསེར་གྱི་ཕྲེང་བ། ལྷ་ཆོས་དང་མི་ཆོས་ཅུང་ཙམ་འགོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་དྲག་པོའི་སྦྱིན་སྲེག་དགྲ་བགེགས་གཞོམ་པའི་བསྐལ་མེ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཁྲོ་བོ་བཅུའི་གཏོར་ཟློག་བྱ་ཚད་དམ་པའི་ཕྱག་ལེན། སྐྱབས་འཇུག་ཞུ་གསོལ་དུང་གི་སྒྲ་དབྱངས། དམ་སྲི་སྒྲོལ་བའི་དྲག་སྔགས་འབར་བའི་ཐོག་མདའི་འདོན་སྒྲིག་གསལ་བར་བཀོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དྲག་ཅི་རིགས་པའི་སྦྱིན་སྲེག་ངག་འདོན་བླ་མའི་ཕྱག་ལེན་ལྟར་བཀོད་པ། མང་ཡུལ་མ་ཎི་དུང་སྒྲུབ་ཆེན་མོའི་འདོན་སྒྲིག་ཡིད་བཞིན་འབྱུང་གནས།

3_2 བསང་ཡིག་གི་སྐོར།

བཅུད་པར་རྫ་རི་མཐོན་པོ་ལ་བསང་མཆོད་ཚངས་པའི་དབྱངས་སྙན། ཁུ་ལུང་གཡག་སྙིང་གི་བསང་མཆོད་འབྲུ་བཅུད་པའི་སྦྲང་ཆར། ཨ་མྱེས་སྟག་བཟུང་གི་བསང་མཆོད་ལྷ་ཆབ་བསིལ་མ། ཨ་མྱེས་སྐྱེས་རིའི་བསང་མཆོད་དགྱེས་པའི་འཛུམ་གླུ། བསང་མཆོད་དབྱིག་གི་ཆར་འབེབས་མ། ར་རྫོང་བཀའ་ཉན་གྱི་བསང་མཆོད་དུང་གི་སྒྲ་དབྱངས། དཔལ་ཁའི་ཨ་མྱེས་སེངྒེ་རབ་བརྟན་གྱི་བསང་ཡིག་ལྷ་ཡི་རོལ་མོ།

3_3 གཏམ་བཤད་ཀྱི་སྐོར།

ཁྲི་ཀ་ནས་བསྡུས་པའི་ཁུལ་ནང་བསྟན་བགྲོ་གླེང་སྐབས་དང་པོའི་ཐོག་གི་གཏམ་བཤད། ཁུལ་ནང་བསྟན་བགྲོ་གླེང་དང་འཇང་དགུན་ཆོས་རེ་རེའི་སྟེང་གི་གཏམ་བཤད་སྐོར། ཨ་ལགས་མཁར་མདའ་དགོན་དུ་བཤད་པའི་གཏམ།  ཨ་ལགས་ཡི་རྒུར་སྤྲུལ་སྐུ་བཙལ་ཐབས་སྐོར་གྱི་གཏམ་བཤད།

3_4 སྣ་ཚོགས་ཀྱི་སྐོར།

ལབ་ཙེའི་གོ་དོན་དང་ཕན་ཡོན་བཤད་པ། རྨ་ཁའི་ཐང་སྡེ་བའི་གསེར་བཟང་བྱང་ཆུབ་མཆོད་རྟེན་བཞེངས་འགྲུབ་སྐོར་གྱི་ལོ་རྒྱུས་དང་ཕན་ཡོན་བཤད་པ། དགེ་རྒན་ཞིག་ཡིན་ན་ཚང་དགོས་པའི་ཡོན་ཏན། དར་ལྕོག་གི་ལོ་རྒྱུས་དང་ཕན་ཡོན། ཐར་སྟོང་བྲག་དཀར་ལ་བསྟོད་པ་ཚངས་པའི་དབྱངས། མཐོ་ལས་དགོན་ལ་བསྟོད་པའི་དབྱར་གྱི་སྒྲ་དབྱངས། དགེ་བའི་བཤེས་གཉེན་དྲན་པ་མིག་ཆིལ་མ། ཚོགས་ཆེན་བཅུ་དགུའི་དགོངས་དོན་གཞིར་བཟུང་ནས་ནང་བསྟན་དགོན་སྡེའི་འཛུགས་བསྐྲུན་ཐད་ཀྱི་བསམ་ཚུལ། ནང་བསྟན་དང་སྤྱི་ཚོགས་མཐུན་སྦྱོར་སྐོར་གྱི་དཔྱད་པ་ཕྲན་བུ། མང་རྫོང་ནང་བསྟན་མཐུན་ཚོགས་ཀྱི་སྙན་ཞུ་སྐོར། སྤྱི་ཚོགས་སློབ་གསོ་དང་སྙན་རྩོམ་སྣ་ཚོགས།

4 རྡོ་རམས་པ་སྐུ་ཕྲེང་རིམ་བྱོན།
4_1 རྡོ་རམས་པ་བྱམས་པ་དགེ་ལེགས།

རྡོ་རམས་པ་སྐུ་ཕྲེང་དང་པོ་བྱམས་པ་དགེ་ལེགས་ནི། དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུ་པའི་བགྲང་བྱ་དྲུག་པ་སྟེ། སྤྱི་ལོ1826ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་དཔའ་ལུང་ཁ་སྒང་སྡེ་བར་སྐུ་འཁྲུངས། ཆུང་དུས་ནས་རབ་ཏུ་བྱུང་ཞིང་ཡི་གེ་འབྲི་ཀློག་སོགས་ཆོས་སྤྱོད་ལ་བསླབས། རྗེས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སློབ་གཉེར་གནང་། ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ཡི་དམ་དུ་བསྟེན་ནས་འགྲུབ་ཡོད་པར་གྲགས།  ལོ་རབས་བཞི་བཅུ་པའི་བགྲང་བྱ་བཞི་པ་སྟེ། སྤྱི་ལོ1844ལོར་འཛིན་གྲྭ་གཞུང་གསར་དུ་ཕེབས། དེ་ནས་འཆད་རྩོད་ཀྱི་རྣམ་དཔྱོད་ཧ་ལས་པ་ཡོད་པས་དམ་པ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར། རིམ་བཞིན་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྒྱུད་སྡེ་བཞི། གཞན་ཐ་སྙད་རིག་གནས་སོགས་ལ་ཆ་ཚང་བར་སྦྱངས་པས་མཁས་པའི་གྲགས་པ་འབར། ལོ་རབས་ལྔ་བཅུ་པའི་བགྲང་བྱ་ལྔ་པ་སྟེ། སྤྱི་ལོ1855ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བའི་དབུས་སུ་རྡོ་རམས་པའི་དམ་བཅའ་བཞག་པས་རྡོ་རམས་པ་བྱམས་པ་དགེ་ལེགས་ཞེས་ཡོངས་སུ་གྲགས་པའི་མཚན་དེ་ཡང་བྱུང་། དུས་རབས་ཉི་ཤུ་པའི་ལོ་རབས་བཅུ་པའི་བགྲང་བྱ་དྲུག་པར། མཐོ་ལས་དགོན་དུ་ཕེབས་ནས་ཆོས་རྗེ་བྱམས་པ་རྒྱ་མཚོ་སོགས་དགེ་ཕྲུག་མང་བོ་བསྐྱངས་པས་དགོན་འདིའི་བཤད་སྒྲུབ་ཀྱི་ཐད་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན། མཐར་དགུང་གྲངས101པ་དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་པའི་བགྲང་བྱ་བདུན་པ་སྟེ། སྤྱི་ལོ1927ལོར་མཐོ་ལས་དགོན་དུ་སྐུ་གཤེགས། དེ་དུས་སྐུ་གདུང་སྦྱིན་སྲེག་བྱས་པ་ལས་རང་བསྲེལ་མང་དུ་བྱུང་བར་རྒན་རབས་དག་གིས་གླེང་ངོ་། །

4_2 རྡོ་རམས་པ་བློ་བཟང་བསྟན་འཛིན་རྒྱ་མཚོ།

བླ་མ་རྡོ་རམས་པ་སྐུ་ཕྲེང་གཉིས་པའི་མཚན་ལ་བློ་བཟང་བསྟན་འཛིན་རྒྱ་མཚོ་གསོལ་ཞིང་། དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུ་པའི་བགྲང་བྱ་བདུན་པ་སྟེ། སྤྱི་ལོ1927ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་ཁ་སྒང་སྡེ་བའི་སྐུ་གོང་མའི་ཚ་མོ་ཞེས་པའི་སྲས་སུ་འཁྲུངས་ཤིང་། དགུང་གྲངས་དྲུག་པ་ལ་མཐོ་ལས་དགོན་དུ་ཁྲི་སར་བཀོད། དགུང་ལོ་བདུན་གྱི་སྟེང་ལ་མོ་ཡོངས་འཛིན་རིན་པོ་ཆེའི་མདུན་དུ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དྲུག་སྟེང་སྤྲེལ་རྫོང་དགོན་པར་ཕེབས་ཏེ་སྐུ་ཚ་དགེ་ལེགས་ཚང་སོགས་བླ་མར་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་རྒྱ་ཆེར་མཛད། འཇིགས་བྱེད་བསྙེན་མཚམས་ཀྱི་ནང་འཇམ་པའི་དབྱངས་ཀྱི་འཇིམ་སྐུ་ཞིག་ཡོད་པ་ལས་བདུད་རྩི་བབས་པས་འདི་བས་ཀྱང་རྗེ་བཙུན་འཇམ་པའི་དབྱངས་འགྲུབ་ཡོད་པར་རྟགས་སུ་ཤར། ཁོང་ཕལ་ཆེར་སྤྲེལ་རྫོང་དགོན་དུ་གཏན་བཞུགས་གནང་ཞིང་།   ཨ་རོལ་རྡོ་རྗེ་འཆང་ཚང་གི་ཐུགས་ཀྱི་སྲས་པོར་གྱུར།  མཐར་དགུང་གྲངས་སོ་གསུམ་པ་སྟེ་སྤྱི་ལོ1960ལོར་སྐུ་གཤེགས།