མེང་ཅེ་ལའེ་ཧྥུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-03 10:11ལ་འགྲུབ།

མེང་ཅེ་ལའེ་ཧྥུའུ།

མེང་ཅེ་ལའེ་ཧྥུའུ་ནི་སྤྱི་ལོ1834ལོའི་ཟླ2པའི་ཚེས7ཉིན་ཞི་པའོ་ལི་ཡའི་ཐུའུ་པོ་ཨེར་སི་ཁུ་ཞེས་པའི་ས་ཆར་འཁྲུངས་པ་དང་། སྤྱི་ལོ1907ལོའི་ཟླ2པའི་ཚེས2ཉིན་ཧྲེན་པི་ཏེ་པའོ་རུ་སྐུ་གཤེགས་ཤིང་། ཁོང་གིས་ཚེ་གང་བོར་ཚན་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་པ་དང་། ཆེས་རླབས་ཆེ་བའི་བྱས་རྗེས་ནི་གཞི་རྒྱུའི་འཁོར་ཡུན་ཆོས་ཉིད་རྟོགས་པ་དེ་རེད།
གཞི་རྩའི་གནས་ཚུལ།

དབྱིན་ཡིག་གི་མིང་།
D.I. (Dmitry Ivanovich Mendeleyev)
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
རྒྱལ་ཁབ།
ཨུ་རུ་སི།
1 ​ངོ་སྤྲོད།

སྤྱི་ལོ1907ལོའི་ཟླ2པའི་ཉིན་ཞིག་ལ། ཨུ་རུ་སུའི་རྒྱལ་ཁབ་ཀྱི་རྒྱལ་ས་པི་ཏེ་པའོ་ཡི་གནམ་ངོ་རུབ་ཡོད། བེམ་པོ་སྐྱེལ་བའི་དཔུང་ཁག་ཅིག་དལ་བུར་སྲང་ལམ་བརྒྱུད་ནས་ཐོན་པ་དང་། དཔུང་ཁག་གི་གྲལ་མགོ་རུ་གཞི་རྒྱུའི་འཁོར་ཡུན་རེའུ་མིག་བྲིས་པའི་རི་མོ་ཆེན་པོ་ཞིག་བཀལ་ཡོད། དུར་འཇུག་བྱེད་པའི་མི་དེ་ནི་མིང་གྲགས་ཆེ་བའི་ཨུ་རུ་སུའི་རྫས་འགྱུར་རིག་པའི་མཁས་པ་མེང་ཅེ་ལའེ་ཧྥུའུ་ཞེས་པ་དེ་ཡིན། མེང་ཅེ་ལའེ་ཧྥུའུ་ནིསྤྱི་ལོ1834ལོའི་ཟླ2པའི་ཚེས7ཉིན་ཞི་པའོ་ལི་ཡའི་ཐུའུ་པོ་ཨེར་སི་ཁུ་ཞེས་པའི་ས་ཆར་འཁྲུངས་པ་དང་། སྤྱི་ལོ1907ལོའི་ཟླ2པའི་ཚེས2ཉིན་ཧྲེན་པི་ཏེ་པའོ་རུ་སྐུ་གཤེགས།

2 གྲུབ་འབྲས།

ཁོང་གིས་ཚེ་གང་བོར་ཚན་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་པ་དང་། ཆེས་རླབས་ཆེ་བའི་བྱས་རྗེས་ནི་གཞི་རྒྱུའི་འཁོར་ཡུན་ཆོས་ཉིད་རྟོགས་པ་དེ་རེད། སྤྱི་ལོ1869ལོར་ཁོས་གཞི་རྒྱུའི་ངོ་བོའི་བར་གྱི་འབྲེལ་བར་འཚོལ་ཞིབ་ནན་ཏན་བྱས་ཏེ། ཤེས་ཟིན་པའི་གཞི་རྒྱུ་རིགས63དེ་མ་རྡུལ་ཚད་རིམ་གྱིས་འཕར་བའི་གོ་རིམ་ལྟར་རེའུ་མིག་ཏུ་བསྒྲིགས་ཏེ། གཞི་རྒྱུའི་འཁོར་ཡུན་རེའུ་མིག་བཀོད་ནས། གཞི་རྒྱུའི་ངོ་བོར་འཁོར་ཡུན་རང་བཞིན་གྱི་འགྱུར་ལྡོག་ཆོས་ཉིད་ཡོད་པ་གསལ་སྟོན་བྱས། རེའུ་མིག་ནང་དུ་ཆོས་ཉིད་དང་མི་འཚམ་པའི་གཞི་རྒྱུ་འགའ་ཡོད་པ་ལ། མེང་ཅེ་ལའེ་ཧྥའུ་ཡིས་རང་གི་སྡོམ་ཚིག་ལ་གང་འདོད་དུ་དོགས་པ་མི་སྐྱེ་བར་འཇལ་གཅོད་ཞིབ་མོ་བརྒྱུད་ནས་དེ་དག་གི་མ་རྡུལ་ཚད་དག་བཅོས་བྱས། སྐབས་དེར་ཁོ་རང་གཞི་རྒྱུའི་འཁོར་ཡུན་ཆོས་ཉིད་ཀྱི་ཕྱི་ཡུལ་རང་བཞིན་དང་ཡང་དག་རང་བཞིན་ལ་སྔར་ལས་ཡིད་ཆེས་པར་གྱུར། མེང་ཅེ་ལའེ་ཧྥུའུ་ཡིས་ད་དུང་གཞི་རྒྱུའི་འཁོར་ཡུན་རེའུ་མིག་ནང་དུ་སྟོང་ཆ་སྐྱུར་ཏེ་ཤེས་མེད་པའི་གཞི་རྒྱུའི་ངོ་བོ་ལ་སྤོབས་པ་ཆེན་པོས་སྔོན་དཔག་བྱས་པ་སྟེ།  དཔེར་ན་ཁོང་གིས“ཧང་རིགས”ཀྱི་མ་རྡུལ་ཚད་ནི་ཕལ་ཆེར68ཡིན་པ་དང་། ལྗིད་བསྡུར་ནི5.9∽6.9ཡིན་པ་སྔོན་རྩིས་བྱས།      སྤྱི་ལོ1875ལོར། ཧྥ་རན་སེའི་རྫས་འགྱུར་རིག་པའི་མཁས་པP.-E.L.deཔུའུ་ཝ་པའོ་ཏེ་ལིང་གིས་གཞི་རྒྱུ་ཀེལ་གསར་དུ་རྙེད་ལ། དེའི་ངོ་བོ་ནི“ཧང་རིགས”དང་ཧ་ཅང་འདྲ་ཞིང་། ལྗིད་བསྡུར་ནི4.70ཡིན་པས“ཧང་རིགས”དང་མི་འདྲ་བ་རེད། མེང་ཅེ་ལའེ་ཧྥུའུ་ཡི་བསམ་ཚུལ་ལ་བརྟེན་ནས་པུའུ་ལྦ་པའོ་ཏེ་ལིང་གིས་བསྐྱར་དུ་དངོས་བཤེར་བྱས་ཏེ། ཀེལ་གྱི་ལྗིད་བསྡུར་ནི5.9ཡིན་པ་ཤེས། དེ་ལས་པུའུ་ལྦ་པའོ་ཏེ་ལིང་གིས་སེམས་གཏིང་ནས་མེང་ཅེ་ལའེ་ཧྥུའུ་ཡི་ཤེས་རྒྱ་ལ་རྗེས་སུ་ཡི་རང་བྱས། གཞི་རྒྱུའི་འཁོར་ཡུན་ཆོས་ཉིད་རྟོགས་པ་དེས་མི་རྣམས་ལ་གཞི་རྒྱུ་གསར་བ་རྟོགས་པ་དང་སྐྱེ་མེད་རྫས་འགྱུར་གྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་བསླང་ལ། དེ་ནི་རྫས་འགྱུར་འཕེལ་རྒྱས་ལོ་རྒྱུས་སྟེང་གི་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར།  མེང་ཅེ་ལའེ་ཧྥུའུ་ཡིས་ད་དུང་རླུང་གཟུགས་དང་གཤེར་གཟུགས་ཀྱི་བོངས་ཚད་དང་དྲོད་ཚད། གནོན་ཤུགས་ཀྱི་འབྲེལ་བ་བཅས་ལ་ཞིབ་འཇུག་བྱས་མྱོང་།    སྤྱི་ལོ1860ལོར་རླུང་གཟུགས་ཀྱི་འགྱུར་མཚམས་དྲོད་ཚད་རྟོགས་ཏེ། གཤེར་གཟུགས་ཚ་རྒྱས་སྐབས་ཀྱི་ཉམས་མྱོང་ཚུལ་ཞེས་པ་བཏོན།  སྤྱི་ལོ1872ལོར་ཁོང་དང་ཁོང་གི་སློབ་མས་ཡང་དག་པའི་སྒོ་ནས་རླུང་གཟུགས་རིགས་འགའི་གནོན་སྐུམ་རྟག་གྲངས་ཚད་བཅལ། སྤྱི་ལོ1877ལོར་ཁོ་རང་གཅིག་པུ་རླུང་ལྒང་དུ་བསྡད་ནས་བར་སྣང་དུ་འཕུར་ཏེ། སྟེང་ཁམས་ཀྱི་ནམ་ཟླར་ཞིབ་འཇུག་བྱས།   སྤྱི་ལོ1888ལོར་ཁོང་གིས་ཏུན་པ་སི་སོལ་གཏེར་ལ་བརྟག་དཔྱད་བྱས་པར་མ་ཟད། སོལ་རིམ་མི་བརྐོ་བར་ཐད་ཀར་འབར་རུང་རླུང་གཟུགས་སུ་བསྒྱུར་ཏེ་ས་ཁར་འདོན་པའི་བསམ་ཚུལ་བཏོན། སྤྱི་ལོ1907ལོའི་ཟླ2པའི་ཚེས2ཉིན་མེང་ཅེ་ལའེ་ཧྥུའུ་དཔེ་ཆ་ལྟ་སའི་མདུན་འཇོག་གི་མདུན་དུ་ང་ཚོ་དང་གཏན་དུ་གྱེས།