ཀྲང་ནན་ཧྲན་རི་བོ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-01-07 17:14ལ་འགྲུབ།

ཀྲང་ནན་ཧྲན་རི་བོ།

ཀྲང་ནན་ཧྲན་རི་བོ།
སྙན་ངག་འདིའི་ནང་དུ་ལྷོ་རིའི་རི་རྒྱུད་ནི་མཐའ་ཡི་རྒྱ་མཚོའི་བར་དུ་བསྲིངས་ཡོད་པ་དང་། རི་རྩེ་སྤྲིན་གྱིས་བཏུམ་ཡོད་པ། ཉེ་ལྗོངས་དུད་སྤྲིན་གྱིས་ཁྱབ་ཡོད་པ་སོགས་བྲིས་ཏེ། རྩོམ་པ་པོས་རི་ཆུ་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
终南山
འགྱུར་ཡིག་གི་ཁ་བྱང་།
ཀྲང་ནན་ཧྲན་རི་བོ།
རྩོམ་པ་པོ།
王维
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

太乙近天都,连山到海隅。

白云回望合,青霭入看无。

分野中峰变,阴晴众壑殊。

欲投人处宿,隔水问樵夫。

2 འགྱུར་ཡིག 

རི་ཡི་རྩེ་མོ་སུན་རྩེན་གནས་སུ་ཉེ༎

མུ་འབྲེལ་རི་རྒྱུད་རྒྱ་མཚོའི་མཐའ་རུ་སླེབས༎

ཕྱི་མིག་བལྟས་ཚེ་སྤྲིན་དཀར་རི་རྩེར་བསྟིམས༎

ཀླུང་དུ་ཞུགས་ཚེ་ན་བུན་མཐོང་བྱར་སྟོང་༎

རི་རྩེ་རྒྱུ་སྐར་གཉིས་ཀྱི་ཐིགས་ལམ་སྟེ༎

རི་ལུང་དྭངས་འཐིབ་གནམ་གཤིས་ཁྱད་པར་ཆེ༎

གལ་ཏེ་འདི་རུ་གནས་མལ་འཚོལ་འདོད་ན༎

ཕུ་ཆུའི་ཕ་རོལ་བུད་ཤིང་འཐུ་བར་དྲིས༎

3 མཆན། 

ཀྲང་ནན་ཧྲན། ད་ལྟ་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་གྱི་རི་བོའི་མིང་། 

4 རྩོམ་པ་པོ་ངོ་སྤྲོད། 

ཝང་ཝེ། (701-761ཡང་ན། 699-761)ཧོ་ཏུང་ཕུའུ་ཁུལ་གྱི་མི་ཡིན་ལ། ཕ་ཡུལ་ནི་ཧྲན་ཞིའི་ཆི་རྫོང་ཡིན། ཐང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རི་མོ་བ་ཡིན། བརྩམས་ཆོས་ལ《ཕན་ཚུན་དྲན་པ》སོགས་སྙན་ངག་བཞི་བརྒྱ་དང་ལྷག་དང་། དེ་མིན《ཝང་ཡིའུ་ཁྲང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང《རི་མོའི་མན་ངག》སོགས་ཡོད་དོ༎

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

རྩེ་མོ། མུ་འབྲེལ། རི་ལུང་། གནས་མལ།