西山白雪三城戍,南浦清江万里桥。
海内风尘诸弟隔,天涯涕泪一身遥。
惟将迟暮供多病,未有涓埃答圣朝。
跨马出郊时极目,不堪人事日萧条。
ནུབ་རི་གངས་དང་མཁར་གསུམ་དམག་གིས་སྲུང་༎
ལྷོ་འགྲམ་གཙང་པོར་ལེ་དབར་ཁྲི་ཡི་ཟམ༎
མཚོ་བཞིར་རྡུལ་རླུང་འཁྲིགས་པས་སྤུན་རྣམས་འཐོར༎
གནམ་མཐའ་གཅིག་པུ་འཁྱར་ནས་མཆི་མ་བླགས༎
ཚེ་ཡི་ལྷག་མས་ནད་མང་སྤྲད་པ་ལས༎
གོང་མར་སྲིད་ཞུ་ཆུ་ཡི་རྡུལ་ཕྲན་ཙམ༎
རྟ་ལས་བས་མཐར་རྒྱང་མིག་བལྟ་བའི་མོད༎
ལུགས་སྲོལ་ཉིན་བཞིན་རྒུད་པས་བཟོད་བསྲན་བྲལ༎
ནུབ་རི། ཁྲེང་ཏུའུ་ནུབ་ཕྱོགས་ཀྱི་མེང་ཧྲན་རི་བོའི་རྩེ་ལ་རྟག་ཏུ་གངས་ཀྱིས་བཟུང་འདུག
མཁར་གསུམ། སི་ཁྲོན་ཞིང་ཆེན་གྱི་སུང་དང་ཝ། པའོ་གསུམ་ལ་ཁུལ་གསུམ་མམ་མཁར་གསུམ་ཟེར་རོ༎
ཏུའུ་ཕུའུ། (712-770) ཕ་ཡུལ་ནི་ཧུའུ་པེ་ཞང་དབྱང་ནས་ཡིན་ཞིང་། ཕྱིས་སུ་ཧོ་ནན་ཀུང་རྫོང་དུ་གནས་སྤོས་པ་ཡིན། ཁོང་ནི་ཐང་རྒྱལ་རབས་དུས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་ལ《མཐོ་སར་འཛེགས་པ》དང《ཤར་གྱི་ལྷུན་པོར་ལྟ་བ》སོགས་ཡོད་དོ༎
ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ། མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎