དཀྱིལ་གྱི་མཐོན་པོ་ལ་ལོག་སྟེ་བྲིས་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:24ལ་འགྲུབ།

དཀྱིལ་གྱི་མཐོན་པོ་ལ་ལོག་སྟེ་བྲིས་པ།

དཀྱིལ་གྱི་མཐོན་པོ་ལ་ལོག་སྟེ་བྲིས་པ།
སྙན་ངག་འདིས་རྩོམ་པ་པོས་སུང་ཧྲན་རི་བོ་ནས་མཐོང་བའི་ཡུལ་ལྗོངས་བྲིས་པ་བརྒྱུད་དེ། རང་ཉིད་ཀྱི་བག་ཕེབས་དང་ལྷིང་འཇགས་ཀྱི་སེམས་ཁམས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
归嵩山作
འགྱུར་ཡིག་གི་ཁ་བྱང་།
དཀྱིལ་གྱི་མཐོན་པོ་ལ་ལོག་སྟེ་བྲིས་པ།
རྩོམ་པ་པོ།
王维
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 ​མ་ཡིག 

清川带长薄,车马去闲闲。

流水如有意,暮禽相与还。

荒城临古渡,落日满秋山。

迢递嵩高下,归来且闭关。

2 འགྱུར་ཡིག 

དྭངས་གསལ་ཆུ་བོར་འགྲམ་གྱི་རྩི་ཤིང་འཛིང་༎

བདག་ནི་ཤིང་རྟར་བསྡད་དེ་བག་ཕེབས་རྒྱུ༎

བཞུར་ཆུས་སེམས་ལྡན་བཞིན་དུ་བསུ་གྱུར་ལ༎

སྲོད་ཀྱི་འདབ་ཆགས་བདག་དང་མཉམ་དུ་ལོག །

མི་མེད་མཁར་སྟོང་གནའ་བོའི་གྲུ་ཁར་གཏད༎

ཉི་རྒས་མདངས་ཀྱིས་སྟོན་རི་ཡོངས་སུ་འཁྱུད༎

རྒྱང་རིང་ལམ་སྐོར་དཀྱིལ་གྱི་མཐོན་པོར་སླེབས༎

སྒོ་འཕར་བབ་ཅིང་འགྲུལ་བའི་རྒྱུ་བ་བཅད༎

3 མཆན། 

དཀྱིལ་གྱི་མཐོན་པོ། མཐོན་པོ་ལྔ་ཡོད་པའི་ཡ་གྱལ་ཏེ། རྒྱ་སྐད་དུ་སུང་ཧྲན་རི་བོ་ཟེར། 

4 རྩོམ་པ་པོ་ངོ་སྤྲོད། 

ཝང་ཝེ། (701-761ཡང་ན། 699-761)ཧོ་ཏུང་ཕུའུ་ཁུལ་གྱི་མི་ཡིན་ལ། ཕ་ཡུལ་ནི་ཧྲན་ཞིའི་ཆི་རྫོང་ཡིན། ཐང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རི་མོ་བ་ཡིན། བརྩམས་ཆོས་ལ《ཕན་ཚུན་དྲན་པ》སོགས་སྙན་ངག་བཞི་བརྒྱ་དང་ལྷག་དང་། དེ་མིན《ཝང་ཡིའུ་ཁྲང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང《རི་མོའི་མན་ངག》སོགས་ཡོད་དོ༎

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

ཆུ་བོ། ཤིང་རྟ། འདབ་ཆགས། རྒྱང་རིང་།