སྤྱི་ལོ1772ལོར་སུའེ་ཏེན་རྒྱལ་ཁབ་ཀྱི་རྫས་འགྱུར་རིག་པ་བ་ཧྲེ་ལེ་ཡིས་མུ་ཟི་དང་ལྕགས་ཕྱེའི་མཉམ་བསྲེས་རྫས་བཀོལ་ནས་མཁའ་རླུང་ནང་གི་དབྱང་རླུང་བསྡུས་ཏེ་ཏན་རླུང་བླངས་པ་དང་། ཏན་རླུང་ནི་མཁའ་རླུང་གི་གྲུབ་ཆའི་ནང་གསེས་ཤིག་ཡིན་འདོད་མཁན་ཐོག་མའང་ཁོ་རང་ཡིན།
ཧྲེ་ལེ་ནི་སྤྱི་ལོ1742ལོའི་ཟླ12པའི་ཚེས9ཉིན་པའོ་མེ་ལཱ་ཉི་ཡའི་ཧྲི་ཐའེ་ལར་སུང་ཏེ(ད་ལྟ་འཇར་མན་ལ་གཏོགས)རུ་སྐྱེས་ཤིང་། སྤྱི་ལོ1786ལོའི་ཟླ5པའི་ཚེས21ཉིན་སུའེ་ཏེན་ཞུའེ་ཕིན་དུ་སྐུ་གཤེགས། སྤྱི་ལོ1757ལོར་ཀེ་ཏེ་པའོ་བུ་སྨན་སྡེབ་པའི་དགེ་རྒན་གྱི་དྲུང་དུ་སློབ་སྦྱོང་བྱས་པར་མ་ཟད། རྫས་འགྱུར་སློབ་སྦྱོང་དང་ཞིབ་འཇུག་བྱེད་མགོ་བརྩམས། སྤྱི་ལོ1770ལོར་ཝུའུ་ཕུའུ་ས་ལ་རུ་སྨན་སྡེབ་དགེ་རྒན་བྱས། སྤྱི་ལོ1775ལོར་ཞུའེ་ཕིན་དུ་སྨན་ཚོང་ཁང་ཞིག་བཙུགས་ལ། རྗེས་སུ་དེ་གར་ཚེ་ལས་འདས། སྤྱི་ལོ1775ལོར་གོང་མའི་ཚན་རིག་གླིང་གི་ཡོན་ཧྲི་རུ་བདམས།
ཧྲེ་ལེ་ཡིས་རྟོགས་པའི་སྐྱེ་ལྡན་རྫས་དང་སྐྱེ་མེད་རྫས་རིགས30ལྷག་ཡོད། དེའི་ཁྲོད་དུ་ཆེས་གྲགས་ཆེ་བ་ནི་དབྱང་དང་ཁིལ་རྟོགས་པ་དེ་ཡིན། ཁོང་གིས་འབར་བའི་སྣང་ཚུལ་ལ་ཞིབ་འཇུག་བྱས་པ་དང་། དབྱང་རླུང(སྐབས་དེར་འདིའི་མིང་ལ“མེའི་མཁའ་རླུང”ཟེར། )དབྱེ་གྱེས་བྱས་པར་མ་ཟད། ད་དུང་མེའི་མཁའ་རླུང་ནི་མཁའ་རླུང་ནང་དུ་གནས་ཡོད་པ་བདེན་དཔང་བྱས། སྤྱི་ལོ1774ལོར་ཁོང་གིས་མཱན་གཏེར་སྙི་མོ་ནི་ལྕགས་རིགས་གསར་བའི་དབྱང་འགྱུར་རྫས་ཤིག་ཡིན་པ་གཏན་ཁེལ་བྱས་ལ། ད་དུང་ལྕགས་རིགས་དེའི་མིང་ལ་མཱན་བཏགས། སྤྱི་ལོ1777ལོར་ཁོས《མཁའ་རླུང་དང་མེ་སྨྲ་བ》ཞེས་པ་ཞིག་བརྩམས་ཡོད།