གཡོན་གྱི་སྲིད་འཛིན་ཤག་ཏུ་དཔྱིད་ཀར་བསྡད་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:31ལ་འགྲུབ།

གཡོན་གྱི་སྲིད་འཛིན་ཤག་ཏུ་དཔྱིད་ཀར་བསྡད་པ།

གཡོན་གྱི་སྲིད་འཛིན་ཤག་ཏུ་དཔྱིད་ཀར་བསྡད་པ།
འདིའི་ནང་དུ་རྩོམ་པ་པོས་གོང་མའི་སྒོ་འོག་ཏུ་མཚན་མོར་ལས་རེས་བྱེད་སྐབས་ཀྱི་བསམ་ཚུལ་བརྗོད་ནས། ཁོང་གིས་དཔོན་གནས་ལ་བརྩོན་ཞིང་། རང་འགན་གཙང་སྒྲུབ། བློ་གཅིག་སེམས་གཅིག་གིས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
春宿左省
འགྱུར་ཡིག་གི་ཁ་བྱང་།
གཡོན་གྱི་སྲིད་འཛིན་ཤག་ཏུ་དཔྱིད་ཀར་བསྡད་པ།
རྩོམ་པ་པོ།
杜甫
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

花隐掖垣暮,啾啾栖鸟过。

星临万户动,月傍九霄多。

不寝听金钥,因风想玉珂。

明朝有封事,数问夜如何。

2 འགྱུར་ཡིག 

སྲོད་དུ་མཁར་གྱང་མེ་ཏོག་མོག་པོར་གྱུར༎

འདབ་ཆགས་ཀྱུར་ཀྱུར་སྒྲ་བཅས་ཚང་དུ་ལོག །

སྐར་འོད་འོག་ཏུ་དུད་ཚང་ཁྲི་སྟོང་གཡོ༎

ཕོ་བྲང་མཐོངས་སུ་ཟུག་པས་ཟླ་འོད་འཐུག །

མལ་ཐེབས་བཅགས་སྟེ་ལྡེ་མིག་སྒྲ་ལ་ཉན༎

རླུང་ལ་བསྟེན་ནས་གཡང་ཊིའི་དྲིལ་ཆུང་དྲན༎

ནངས་མོ་རྒྱ་ཡིས་བཏབ་པའི་དོན་ཞུ་བ༎

བཤོལ་བར་དོགས་ནས་ནམ་ཚོད་ཐེངས་འགར་དྲིས༎

3 མཆན། 

གཡང་ཊིའི་དྲིལ་ཆུང་། བློན་པོ་རྣམས་ཕོ་བྲང་དུ་འགྲོ་བའི་ཆིབས་པའི་མཐུར་གྱི་གཡང་ཊིའི་རྒྱན་ཆ་དང་དྲིལ་ཆུང་ངོ་༎ 

4 རྩོམ་པ་པོ་ངོ་སྤྲོད། 

ཏུའུ་ཕུའུ། (712-770) ཕ་ཡུལ་ནི་ཧུའུ་པེ་ཞང་དབྱང་ནས་ཡིན་ཞིང་། ཕྱིས་སུ་ཧོ་ནན་ཀུང་རྫོང་དུ་གནས་སྤོས་པ་ཡིན། ཁོང་ནི་ཐང་རྒྱལ་རབས་དུས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་ལ《མཐོ་སར་འཛེགས་པ》དང《ཤར་གྱི་ལྷུན་པོར་ལྟ་བ》སོགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

སྲོད་ཁ། མེ་ཏོག འདབ་ཆགས། ཕོ་བྲང་།