དམངས་ཁྲིམས་ཁྲིམས་མཛོད་ནི་མ་ལག་ངེས་ཅན་ལྟར་རྩ་བའི་དམངས་དོན་བཅའ་ཁྲིམས་ཀྱི་ལམ་ལུགས་སྣ་ཚོགས་གཞི་གཅིག་ཏུ་རྩོམ་སྒྲིག་བྱས་པའི་དམངས་དོན་གྱི་རྩ་བའི་ལམ་ལུགས་ཤིག་ཡིན། དེ་རྒྱལ་ཁབ་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྒྲིག་འཛུགས་དང་འགྲེམ་སྤེལ་བྱས་ནས་རྒྱུན་ལྡན་དུ་དམངས་ཁྲིམས་ཁྲིམས་མཛོད་ཅེས་པའི་མིང་འདི་བཏགས་ཡོད། དཔེར་ན།《ཧྥ་རན་སེའི་དམངས་ཁྲིམས་ཁྲིམས་མཛོད》དང《འཇར་མན་དམངས་ཁྲིམས་ཁྲིམས་མཛོད》ལྟ་བུ་ཡིན། མཛོད་ཅེས་པའི་ཡིག་འབྲི་འདི་བྲིས་མེད་པའང་ཡོད་དེ། དཔེར་ན《ཀྲུང་ཧྭ་མིན་གོའི་དམངས་ཁྲིམས》ལྟ་བུའོ།། དམངས་ཁྲིམས་ཁྲིམས་མཛོད་ཀྱི་གཏན་འབེབས་ནང་དམངས་དོན་བཅའ་ཁྲིམས་ཀྱི་ནང་དོན་ཕལ་ཆེར་འདུ་ལ་དེ་ནི་དམངས་དོན་གྱི་རྩ་བའི་བཅའ་ཁྲིམས་ཡིན། བཅའ་ཁྲིམས་སྤྱིར་བཏང་དང་བཅའ་ཁྲིམས་དམིགས་བསལ་བའི་དབྱེ་བ་ལྟར་ན་དམངས་ཁྲིམས་ཁྲིམས་མཛོད་ནི་བཅའ་ཁྲིམས་སྤྱིར་བཏང་བའི་ཁོངས་སུ་གཏོགས། བཅའ་ཁྲིམས་དམིགས་བསལ་བ་ནི་ཆེད་དུ་ཕྱོགས་ཆེ་གེ་མོ་ཞིག་ལ་དམིགས་ནས་གཏན་འབེབས་བྱས་པའི་དམངས་དོན་ཁེར་སྤྱོད་བཅའ་ཁྲིམས་ཀྱི་རིགས་ལ་ཟེར། མཁས་པ་ལ་ལས་ཁྲིམས་མཛོད་ཅན་གྱི་ཡིག་འཁོད་དམངས་ཁྲིམས་ནི་རྣམ་པ་ཅན་གྱི་དམངས་ཁྲིམས་ཡིན་ལ། དེ་དང་ཁ་གཏད་པ་ནི་དངོས་ཡོད་ཅན་གྱི་དམངས་ཁྲིམས་ཡིན་པར་འདོད། དངོས་ཡོད་ཅན་གྱི་དམངས་ཁྲིམས་ནི་དམངས་ཁྲིམས་ཞེས་པའི་ཡིག་འབྲི་བཀོད་ཡོད་མེད་ལ་བསྟུན་མི་དགོས་པར་དམངས་ཁྲིམས་ཀྱི་ངོ་བོ་ཡོད་པའི་ཁྲིམས་སྲོལ་ཚང་མ་ཁྲིམས་ལྟར་བརྩི་བ་ལ་ཟེར།