བགྲོད་ལམ་ཀྱོག་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:39ལ་འགྲུབ།

བགྲོད་ལམ་ཀྱོག་པ།

བགྲོད་ལམ་ཀྱོག་པ།
སྙན་ངག་འདི་ལས་རྩོམ་པ་པོས་འགྲུལ་བཞུད་ཀྱི་དཀའ་ཚེགས་བྲིས་པ་བརྒྱུད་དེ། མུན་ནག་གི་ཆབ་སྲིད་ཀྱིས་སྙན་ངག་པའི་ཕུགས་བསམ་ལ་བཀག་འགོག་བྱས་པ་མཚོན་པར་མ་ཟད། སྙན་ངག་པའི་སེམས་ནང་གི་སྡུག་བསྔལ་དང་། ཁོང་ཁྲོ། འདྲ་མཉམ་མིན་པ་བཅས་མཚོན་པ་དང་ཆབས་ཅིག སྙན་ངག་པའི་ནང་སེམས་ཀྱི་ཨུ་ཚུགས་དང་། རང་རྟོན། ཕུགས་བསམ་སོགས་ལ་འཇུག་གང་ཐུབ་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
行路难
འགྱུར་ཡིག་གི་ཁ་བྱང་།
བགྲོད་ལམ་ཀྱོག་པ།
རྩོམ་པ་པོ།
李白
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

金樽清酒斗十千,玉盘珍羞直万钱。

停杯投箸不能食,拨剑四顾心茫然。

欲渡黄河冰塞川,将登太行雪满山。

闲来垂钓碧溪上,忽复乘舟梦日边。

行路难!行路难!多歧路,今安在。

长风破浪会有时,直挂云帆济沧海。

2 འགྱུར་ཡིག 

གསེར་རྐྱན་དྲི་མཆོག་དངུལ་དཀར་སྟོང་བཅུ་རི༎

གཡང་ཊིའི་སྡེར་མའི་རོ་བརྒྱ་སྒོར་ཁྲིའི་རིན༎

ཆང་ཕོར་ཐུར་མ་བཞག་དེ་མིད་མི་བྲ༎

གྲི་ཕྱུང་ཕྱོགས་བཞིར་བལྟས་ཏེ་ཡིད་བློང་བློང་༎

རྨ་ཆུར་བརྒལ་བར་འདོད་ཀྱང་ཆབ་རོམ་ཆགས༎

ཐའེ་ཧང་རི་བོར་འཇེགས་བསམ་ཁ་བས་བཟུང་༎

ཁོམ་སྐབས་ལུའི་ཧྲང་བཞིན་དུ་ཉ་མོ་འཛིན༎

ཉི་འགྲུབ་གྲུ་བསྐྱོད་རྨིས་པ་གློ་བུར་དྲན༎

མི་ཡུལ་བགྲོད་ལམ་ཇི་འདྲའི་དཀའ་བ་ལ༎

ལམ་མདོ་མང་བས་བདེ་བའི་ལམ་ནི་གང་༎

རླུང་རྟེན་རླབས་གཤགས་བྱེད་པའི་སྐས་ལྡན་ཚེ༎

སྤྲིན་གྱི་གཡོར་མོ་འཕྱར་ཏེ་རྒྱ་མཚོར་སྒྲོལ༎

3 མཆན། 

དྲི་མཆོག ཆང་གི་མིང་གཞན། 

རི་བ། རིན་གོང་། 

རོ་བརྒྱ། ཟས་མཆོག་རོ་བརྒྱ་བ། 

མི་བྲ། མི་ཐུབ་པའམ་མི་ནུས་པ། 

ཡིད་བློང་བློང་། ཡིད་མུག་པ། ལུའི་ཧྲང་། ངག་རྒྱུན་དུ་ལུའི་ཧྲང་ཀྲའོ་ཁྲིན་རྒྱལ་པོ་ལ་ཕྲད་མེད་སྐབས་སུ་ཆུ་ཁར་བསྡད་དེ་ཉ་བཟུང་བར་སྦྱར་ཏོ༎ 

ཉི་འགྲམ་གྲུ་སྐྱོར། སྔར་དབྱི་དབྱིན་ཞེས་པ་དེ་ཀྲོའུ་ཐང་གིས་གདན་འདྲེན་མ་བྱས་གོང་དུ་རྨི་ལམ་དུ་གྲུ་ལ་བསྡད་དེ་ཉི་ཟླའི་འགྲམ་ནས་བརྒྱུད་པ་རྨི་ལམ་རྨིས་པར་སྦྱར། 

4 རྩོམ་པ་པོ་ངོ་སྤྲོད། 

ལི་པའེ། (701-762)མིང་གཞན་ལ་ཐའེ་པེ་ཟེར།  ཐང་རྒྱལ་རབས་སྐབས་ཀྱི་རླབས་ཆེ་བའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་ལ། རྗེས་རབས་པ་རྣམས་ཀྱིས་ཁོང་ལ“སྙན་ངག་གི་ལྷ”ཞེས་པའི་མཚན་སྙན་བཏགས་ཡོད། ཚབ་མཚོན་བརྩམས་ཆོས་ལ《ལུའུ་ཧྲན་རྦབ་ཆུ་ལ་ལྟ་བ》དང་། 《འགྲོ་ལམ་ཀྱག་ཀྱོག》《བགྲོད་པར་དཀའ་བའི་ཧྲུའུ་ལམ》《ཆང་འདྲེན》སོགས་ཡོད་པར་མ་ཟད། ཕྱི་རབས་པས《ལི་པའེ་ཡི་སྙན་ངག་ཕྱོགས་སྒྲིག》སོགས་བསྒྲིགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

དྲི་མཆོག རི་བ། མི་བྲ། གྲུ་སྐྱོར།