ཕན་ཚུན་རྟག་ཏུ་དྲན་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:38ལ་འགྲུབ།

ཕན་ཚུན་རྟག་ཏུ་དྲན་པ།

ཕན་ཚུན་རྟག་ཏུ་དྲན་པ།
སྙན་ཚིག་དང་པོའི་ནང་དུ་ཡུལ་ལྗོངས་ཞིབ་འབྲི་བྱས་པ་བརྒྱུད་དེ་ཕན་ཚུན་གྱི་དྲན་གདུང་གི་ངང་ཚུལ་མཚོན་པར་བྱས་ཡོད་ལ། སྙན་ཚིག་གཉིས་པའི་ནང་དུ་ཧྲུའུ་ཆིན་ངང་སེར་རྒྱུད་བདུན་གྱི་དབྱངས་རྟ་དང་འགྲོག་སྟེ། རྒྱང་རིང་ས་མཐའི་ཁོ་མོ་དྲན་པའི་གནས་ཚུལ་བྲིས་ནས། སོ་སོར་དྲན་པའི་གདུང་བས་ལུས་ཀྱི་བཞིན་མདངས་ཉམས་པའི་སྐོར་མངོན་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
长相思
འགྱུར་ཡིག་གི་ཁ་བྱང་།
ཕན་ཚུན་རྟག་ཏུ་དྲན་པ།
རྩོམ་པ་པོ།
李白
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག  
1_1 其一

长相思,在长安。

络纬秋啼金井阑,微霜凄凄簟色寒。

孤灯不明思欲绝,卷帷望月空长叹。

美人如花隔云端,上有青冥之长天,下有渌水之波澜。

天长地远魂飞苦,梦魂不到关山难。

长相思,摧心肝。

1_2 其二

日色欲尽花含烟,月明如素愁不眠。

赵瑟初停凤凰柱,蜀琴欲奏鸳鸯弦。

此曲有意无人传,愿随春风寄燕然。

忆君迢迢隔青天,昔日横波目,今为流泪泉。

不信妾肠断,归来看取明镜前。

2 འགྱུར་ཡིག 
2_1 ཁག་དང་པོ། 

རྟག་ཏུ་དྲན་པའི་མི་དེ༎ ཁྲང་ཨན་མཁར་དུ་བཞུགས་ཡོད༎

འཁེལ་འཐག་བྱིའུ་སྟོན་དུས༎ གསེར་ཁྲོན་ལན་ཀན་གྲགས་པ༎

བ་མོ་གྲང་ཞིང་སྲབ་པ༎ བཞག་ཚེ་སྨྱུག་དགན་འཁྱགས་སོང་༎

མི་གསལ་སྒྲོན་མེ་གཅིག་པུས༎ དྲན་སྲིད་མཐའ་རུ་བསྐྱལ་བ༎

སྒེའུ་ཡོལ་གྲིལ་བཞིན་ཟླ་བར༎ བལྟ་ཞིང་ཤུགས་རིང་འཕངས་སོང་༎

མཛེས་མ་མེ་ཏོག་ཟླ་བོ༎ རྒྱང་ཐག་སྤྲིན་གྱིས་བཅད་སོང་༎

སྟེང་གི་སྔོ་བསངས་ནམ་མཁའ༎ རིང་བས་ཕུ་ཐག་བྲལ་བ༎

ཞོལ་གྱི་དྭངས་གསལ་ཆུ་གཏེར༎ རླབས་ཀྱི་རིམ་པ་བརྩེགས་སོང་༎

གནམ་ས་མཐོ་ཞིང་རིང་བ༎ རྣམ་ཤེས་འཕུར་བས་ངལ་འདུག །

རྨི་ལམ་རྣམ་ཤེས་ཕྲ་མོ༎ འགག་རིང་སླེབས་པ་དཀའོ༎

རྟག་ཏུ་དྲན་པའི་གདུང་བས༎ སྙིང་དང་མཆིན་པ་གཏོར་སོང་༎

2_2 མཆན། 

འཁེལ་འཐག་བྱིའུ། བྱིའུ་ཞིག་གི་མིང་། 

ལན་ཀན། རྒྱ་ནག་སྐད་ཟུར་ཆགས་པ་ཞིག་སྟེ་ཁང་བའི་ཁ་ཁྱེར། 

2_3 ཁག་གཉིས་པ། 

ཉི་འོད་ཉམ་ཁར་མེ་ཏོག་དུད་མདོག་བཞིན༎ ཟླ་གསལ་ཁ་བཏགས་འདྲ་ལ་གཉིད་ཐེབས་གཅོག།

ཀྲའོ་སེ་བཀྲོལ་རྗེས་ཁྱུང་གི་སྡོང་རྟ་མཐོང་༎ ཧྲུའུ་ཆིན་ངང་སེར་རྒྱུད་བདུན་འཁྲོལ་བར་སེམས༎

དབྱངས་འདི་དོན་དང་ལྡན་ཡང་བརྒྱུད་ཡུལ་དབེན༎ དཔྱིད་རླུང་དང་འགྲོག་ཡན་རན་ལ་སྦྲེངས་ཏེ༎ རྒྱང་ཐག་གནམ་གྱིས་ཆོད་པའི་སྐུ་ཉིད་དྲན༎

སྔ་དུས་ཆུ་རླབས་གཡོ་བ་བལྟ་བའི་མིག། ད་ལྟའི་དུས་སུ་མཆི་མའི་ཆུ་མིག་བཞུར༎

དམན་གྱི་སྐྱོ་ཐག་ཆད་པ་མི་རློམ་ན༎ ལོག་རྗེས་བཞིན་སྣོད་གམ་དུ་བལྟ་བས་ཆོག །

2_4 མཆན། 

ཀྲའོ་སེ། ཀྲའོ་རྒྱལ་གྱི་རྒྱུད་མངས་ཤིག 

ཧྲུའུ་ཆིན། ཧྲུའུ་དང་ཆིན་ནི་རྒྱལ་ཁབ་གཉིས། 

ཡན་རན། ཕྱི་སོག་གི་ས་ཆ་ཞིག 

བཞིན་སྣོད། མེ་ལོང་ངོ་༎ 

3 རྩོམ་པ་པོ་ངོ་སྤྲོད། 

ལི་པའེ། (701-762)མིང་གཞན་ལ་ཐའེ་པེ་ཟེར།  ཐང་རྒྱལ་རབས་སྐབས་ཀྱི་རླབས་ཆེ་བའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་ལ། རྗེས་རབས་པ་རྣམས་ཀྱིས་ཁོང་ལ“སྙན་ངག་གི་ལྷ”ཞེས་པའི་མཚན་སྙན་བཏགས་ཡོད། ཚབ་མཚོན་བརྩམས་ཆོས་ལ《ལུའུ་ཧྲན་རྦབ་ཆུ་ལ་ལྟ་བ》དང་། 《འགྲོ་ལམ་ཀྱག་ཀྱོག》《བགྲོད་པར་དཀའ་བའི་ཧྲུའུ་ལམ》《ཆང་འདྲེན》སོགས་ཡོད་པར་མ་ཟད། ཕྱི་རབས་པས《ལི་པའེ་ཡི་སྙན་ངག་ཕྱོགས་སྒྲིག》སོགས་བསྒྲིགས་ཡོད་དོ༎ 

4 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎