དེང་དུས་འཛམ་གླིང་སྟེང་ཤུགས་རྐྱེན་ཆེས་ཆེ་བའི་ནའོ་པེར་གཟེངས་རྟགས་གླེང་ཚེ། ཐོག་མར་གཟེངས་རྟགས་ཀྱི་སྒོར་མོ་འདོན་སྤྲོད་བྱེད་མཁན་ནའོ་པེར་ཁོང་ཉིད་དེ་མུར་ཡིད་ལ་འཆར་སྲིད། མི་ལ་ལས་ཁོར་འགད་རྫས་ཀྱི་ཡབ་ཆེན་ཞེས་འབོད་པ་སྟེ། རྒྱུ་མཚན་ཁོས་ཚེ་གང་བོའི་རིང་གི་གསར་གཏོད་གལ་ཆེན་ཚང་མ་འགད་རྫས་ལ་འབྲེལ་བ་ཡོད་པའི་རྐྱེན་གྱིས་རེད། ནའོ་པེར་ནི་སུའེ་ཏེན་རྒྱལ་ཁབ་ཀྱི་རྫས་འགྱུར་རིག་པ་བ་དང་བཟོ་སྐྲུན་མཁས་པ་ཞིག་ཡིན། སྤྱི་ལོ1833ལོའི་ཟླ10བའི་ཚེས21ཉིན་སེ་ཏེ་གེར་མའོ་རུ་འཁྲུངས་ཤིང་། སྤྱི་ལོ1896ལོའི་ཟླ12པའི་ཚེས10ཉིན་དབྱི་ཐ་ལའི་ཧྲེན་ལི་མའོ་རུ་སྐུ་གཤེགས། ཆུང་དུས་སུ་ཨ་ཕའི་གམ་དུ་འགད་སྨན་བཟོ་ཚུལ་བསླབས། ལོ་ན17གྱི་རྗེས་སུ་ཁེར་རྐྱང་དུ་ཡོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་ཁ་ཤས་ལ་འཁྱམས་ཏེ། ཤེས་རྒྱ་དང་མཐོང་རྒྱ་སྐྱེད། ཁོང་གིས་གཏེར་ཁུལ་གྱི་བཟོ་བའི་ལས་ཀ་ལྕི་མོ་མཐོང་ཐེངས་རེར་མུ་མཐུད་དུ་འགད་སྨན་བཟོ་རྒྱུའི་སེམས་ཐག་བཅད།
སྤྱི་ལོ1859ལོ་ནས་བཟུང་ནའོ་པེར་གྱིས་ཟེ་འགྱུར་མངར་སྣུམ་ལ་ཞིབ་འཇུག་བྱས། ཟེ་འགྱུར་མངར་སྣུམ་ནི་ཚོད་འཛིན་དང་ཉར་ཚགས་བྱེད་དཀའ་ཞིང་གད་སླ་བའི་དངོས་རྫས་ཤིག་ཡིན། འགད་སྨན་དེ་ཐོན་སྐྱེད་བྱས་ནས་ཡུན་རིང་མ་འགོར་བའི་སྤྱི་ལོ1864ལོར། བཟོ་གྲྭའི་ནང་དུ་འབར་གད་དོན་རྐྱེན་བྱུང་སྟེ། ནའོ་པེར་གྱི་ནུ་བོ་དང་མི་གཞན་པ4དོན་རྐྱེན་ཁྲོད་ཚེ་ལས་འདས། སུའེ་ཏེན་སྲིད་གཞུང་གིས་བཟོ་གྲྭ་དེ་ཡང་བསྐྱར་འཛུགས་བྱེད་དུ་མ་བཅུག སྔ་མོ་ནས་ཚན་རིག་པ་སྨྱོན་པའི་མིང་ཐོགས་ཡོད་པའི་ནའོ་པེར་གྱིས་ཐབས་མེད་པར་འཐེན་གྲུ་ཞིག་གི་ཐོག་ཏུ་དངོས་བཤེར་བྱས་ཏེ། ཟེ་འགྱུར་མངར་སྣུམ་སྐྱེལ་འདྲེན་བྱེད་སྐབས་ཉེན་ཁ་འབྱུང་བ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་བཙལ། ཁོས་སྟེས་དབང་ཞིག་གིས་ཟེ་འགྱུར་མངར་སྣུམ་ནང་དུ་སྭེལ་སྔོ་དྲེག་བསྲེས་ནས་བདེ་འཇགས་གནད་དོན་སེལ་ཐུབ་པ་ཤེས་མོད། འོན་ཀྱང་གད་ཤུགས་ཆུང་དུ་འགྱུར་བ་རེད། ཚོད་ལྟ་ཐེངས་མང་བྱས་མཐར་ཁོས་ཟི་ཆུལ་སྐྱུར་མེ་རྟ་སྦུ་གུ་བཟོས་ཏེ་འགད་སྨན་གད་དུ་འཇུག་པའི་བྱེད་ཐབས་རྙེད་པ་རེད། བདེ་འཇགས་ཡིན་པའི་ཤུགས་ཆེན་འགད་སྨན་བཟོས་རྗེས་སུ་གཏེར་ཁ་བརྐོ་བ་དང་། ལམ་ལས་པ། ཕུག་ལམ་བརྐོ་བ་སོགས་ཀྱི་ལས་ཀར་ཁྱབ་གདལ་དུ་བཀོལ། དེའི་རྗེས་སུ་ཁོས་སླར་ཡང་མེ་ཐུབ་སྲིང་རས་དང་ཟེ་འགྱུར་མངར་སྣུམ་མཉམ་དུ་བསྲེས་ཏེ་འགད་ཤུགས་སྔར་ལས་ཆེ་བའི་འགད་སྨན་རིགས་འདྲ་སྟེ་འབར་འགད་སྤྱིན་བཟོས་པ་དང་། ལོ་ངོ10ཡི་རྗེས་སུ་སླར་ཡང་དུ་མེད་འགད་སྨན་བཟོས། དེ་ལས་གཞན། ཁོང་ལ་ད་རུང་གསར་གཏོད་གཞན་དག་མང་པོ་ཞིག་ཡོད་ལ། འགྱིག་འདྲེས་གྲུབ་དང་། ཀོ་ལྤགས། མིས་བཟོས་དར་སྐུད་བཅས་བཟོ་བའི་ཐད་དུའང་བྱས་རྗེས་མི་དམན་པ་བཞག་ཡོད། ནའོ་པེར་གྱིས་འདི་ལྟ་བུའི་གསར་གཏོད་གྲུབ་འབྲས་མང་པོ་བླངས་ཏེ། ཚེ་གང་བོར་ཆེད་མཁས་རྣམ་གྲངས155ཐོབ་པ་དང་། ཁོང་གིས་གཉེར་བའི་ཁེ་ལས་ནི་ཡོབ་གླིང་དང་མེ་གླིང་གི་རྒྱལ་ཁབ20ལྷག་ལ་ཁྱབ་སྟེ། བསགས་པའི་རྒྱུ་ནོར་ཡང་ཨ་སྒོར་ཁྲི་ཚོ་བརྒྱ་ཕྲག་ནས་སྟོང་ཕྲག་འགར་སོན་ཡོད། སྤྱི་ལོ1896ལོར་ནའོ་པེར་དབྱི་ཐ་ལིའི་ཧྲིན་ལའེ་མའོ་རུ་སྐུ་གཤེགས།
ནའོ་པེར་གྱིས་རང་གི་ཚེ་གང་བོའི་སེམས་ཤུགས་ཚན་རིག་ལས་དོན་དུ་ཕུལ་ནས། ཚེ་གང་བོར་གཉེན་ཡང་མ་སྒྲིག་པ་རེད། ཁོས་རྒྱལ་ཁབ་མང་པོ་ཞིག་ཏུ་རང་གི་དངོས་བཤེར་ཁང་བཙུགས་ཡོད་ནའང་རང་ཉིད་ལ་དྲོ་ཞིང་སྐྱིད་པའི་སྡོད་ཁང་གཅིག་ཀྱང་བཟོས་མེད། འཆི་ཁར་ཁོའི་རྒྱུ་ནོར་གྲས་ཀྱི་ཨ་སྒོར་ཁྲི800ལྷག་ཐེབས་རྩ་བྱས་ནས་ནའོ་པེར་གཟེངས་རྟགས་ཞེས་པ་བཙུགས་ཏེ། དངོས་ལུགས་རིག་པ་དང་། རྫས་འགྱུར་རིག་པ། སྐྱེ་ཁམས་རིག་པ། གསོ་བ་རིག་པ། རྩོམ་རིག ཞི་བདེ་བཅས་ཕྱོགས5ཡི་ཐད་དུ་འགྲོ་བ་མིར་བྱས་རྗེས་བཞག་པའི་མིར་གཟེངས་རྟགས་འབུལ་བར་བཀོལ་བཞིན་ཡོད།