བགྲོད་པར་དཀའ་བའི་ཧྲུའུ་ལམ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:40ལ་འགྲུབ།

བགྲོད་པར་དཀའ་བའི་ཧྲུའུ་ལམ།

བགྲོད་པར་དཀའ་བའི་ཧྲུའུ་ལམ།
སྙན་ངག་འདི་ནི་རྩོམ་པ་པོས་གྲོགས་པོ་ཧྲུའུ་རུ་སྐྱེལ་སྐབས་བྲིས་པ་ཞིག་ཡིན་ལ། སྙན་ངག་ཧྲིལ་བོར་འཆར་ཡན་རིང་ལུགས་ཀྱི་བྱེད་ཐབས་སྤྱད་ནས་ཕུན་སུམ་ཚོགས་པའི་བསམ་བློས་བརྒྱན་ཏེ། ཧྲུའུ་སའི་རི་ཀླུང་གི་བརྗིད་ཉམས་ལ་བསྟོད་བསྔགས་བྱས་ནས་མེས་རྒྱལ་གྱི་རི་ཀླུང་གི་རྔམ་བརྗིད་མངོན་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
蜀道难
འགྱུར་ཡིག་གི་ཁ་བྱང་།
བགྲོད་པར་དཀའ་བའི་ཧྲུའུ་ལམ།
རྩོམ་པ་པོ།
李白
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 ​མ་ཡིག 

噫吁口戏,危乎高哉!

蜀道之难,难于上青天!

蚕丛及鱼凫,开国何茫然!

尔来四万八千岁,不与秦塞通人烟。

西当太白有鸟道,可以横绝峨嵋巅。

地崩山摧壮士死,然后天梯石栈方钩连。

上有六龙回日之高标,下有冲波逆折之回川。

黄鹤之飞尚不得过,猿猱欲度愁攀援。

青泥何盘盘,百步九折萦岩峦。

扪参历井仰胁息,以手抚膺坐长叹。

问君西游何时还?畏途巉岩不可攀。

但见悲鸟号古木,雄飞从雌绕林间。

又闻子规啼夜月,愁空山。

蜀道之难,难于上青天,使人听此凋朱颜。

连峰去天不盈尺,枯松倒挂倚绝壁。

飞湍瀑流争喧豗,砯崖转石万壑雷。

其险也若此,嗟尔远道之人,胡为乎来哉。

剑阁峥嵘而崔嵬,一夫当关,万夫莫开。

所守或匪亲,化为狼与豺。

朝避猛虎,夕避长蛇,磨牙吮血,杀人如麻。

锦城虽云乐,不如早还家。

蜀道之难,难于上青天,侧身西望长咨嗟。

2 འགྱུར་ཡིག 

ཨེ་མ་ཇི་འདྲའི་མཐོ་ཞིང་གཟར་བ་ལ༎ ཧྲུའུ་ལམ་བགྲོད་པ་གནམ་དུ་འགོས་ལས་དཀའ༎

ཚན་ཆུང་དང་ནི་ཡུས་ཧྥུ་རྒྱལ་པོ་ཡིས༎ རྒྱལ་ཁབ་བཙུགས་ཏེ་དུས་ཀྱིས་རབ་ཏུ་བསྐལ༎

དེའི་རྗེས་ལོ་ནི་བཞི་ཁྲི་བརྒྱད་སྟོང་ལ༎ ཆིན་སའེ་ཕྱོགས་དང་འགྲིམ་འགྲུལ་རྒྱུ་བས་དབེན༎

ནུབ་ཏུ་ཐའེ་པའེ་རི་བོ་ལམ་བུ་ཕྲ༎ འདབ་ཆགས་ཡིན་ཚེ་འགྱིང་རིར་འཕྲེད་དུ་སྒྲོལ༎

ས་བརྡིབས་རི་བསྙིལ་དཔའ་བོ་ཤི་བ་ནས༎ གནམ་སྐས་རྡོ་ཟམ་ལས་ནི་ཕན་ཚུན་སྦྲེལ༎

སྟེང་དུ་རྟ་བདུན་བསྐོར་བའི་ཡང་རྩེ་དང་༎ ཞོལ་དུ་རྦ་ཀློང་འཁོར་བའི་གཙང་པོ་ཡོད༎

ཁྲུང་སེར་འཕུར་ཡང་རི་བོར་བརྒལ་མི་ནུས༎ སྤྲ་ནི་འཛེགས་པར་འདོད་ལ་འགོས་པར་སུན༎

ཆིན་ཉི་རི་བོ་ཀྱག་ཀྱོག་རབ་ཏུ་ཆེ༎ གོམ་བརྒྱའི་ལམ་ལ་བྲག་རྡོར་སྐོར་ར་དགུ༎

རྒྱུ་སྐར་ལ་རེག་དབུགས་ཀྱི་གཏོང་རྔུབ་བཞག། བྲང་ཁར་བྱུགས་བཞིན་བསྡད་དེ་ཤུགས་རིང་འཐེན༎

སྐུ་ཉིད་ནུབ་ཕྱོགས་འགྲིམ་ན་ནམ་ཞིག་ལོག། ལམ་བཟང་འཇིགས་ལ་བྲག་རིར་འགོས་པར་དཀའ༎

སྡོང་རྒན་བྱ་ཡིས་གཅོང་སྐད་འདོན་པ་མཐོང་༎ ཕོ་བྱ་འཕུར་ལ་མོ་བྱ་ནགས་སུ་འཁོར༎

མཚན་ཟླའི་འོག་ཏུ་ཁུ་བྱུག་འཁུས་པ་ཐོས༎ སྐྱོ་བའི་བྱ་སྐད་རི་ལུང་སྟོང་བར་ཁྱབ༎

ཧྲུའུ་ལམ་བགྲོལ་པ་གནམ་དུ་འགོས་ལས་དཀའ༎ མི་ཡིས་ཐོས་ཚེ་བཞིན་གྱི་གསོན་མདངས་ཉམས༎

རི་རྩེ་མུ་འབྲེལ་གནམ་དུ་རེག་ལ་ཁད༎ ཐང་ཤིང་སྐམ་པོ་གཡང་གཟར་བྲག་རིར་འཕྱང་༎

རྦབ་ཆུ་དྲག་ཏུ་བཞུར་བས་འུར་སྒྲ་འགྲན༎ རྡོ་ཆུ་འཐབ་པས་ལུང་སྟོང་འབྲུག་སྒྲ་བཞིན༎

ཧྲུའུ་ལམ་འདི་དག་བགྲོད་པར་དཀའ་བ་ན༎ ཐག་རིང་མགྲོན་པོ་ཁྱོད་ནི་ཅི་ལྟར་འོང་༎

ཅན་ཀོ་རི་བོ་མཐོ་གཟར་ཀྱག་ཀྱོག་ལྡན༎ འགག་སྲུང་གཅིག་ལས་ཁྲི་ཕྲག་ཐར་པར་དཀའ༎

འགག་སྲུང་བ་དེ་བློ་ཡིས་ལྕོགས་མིན་ཚེ༎ ནམ་ཞིག་འཕར་སྤྱང་གྱུར་ནས་ཟིང་འཁྲུག་བསླང་༎

སྔ་མོའི་དུས་སུ་གཏུམ་དྲག་སྟག་ལ་གཡོལ༎ ཕྱི་དྲོ་ལའང་དུག་ཆེན་སྦྲུལ་ལ་འཛེམས༎

མཆེ་བ་བརྡར་ལ་མི་ཡི་ཁྲག་བརྔུབས་ཅིང་༎ བསད་པའི་མི་ནི་གཟེ་མ་རྭ་མགོ་བཞིན༎

ཁྲེང་ཏུའུ་མཁར་ནི་སྐྱིད་ཅེས་སྨྲ་ནའང་༎ དེ་ལས་སྔ་མོར་ཡུལ་བར་ལག་པར་བྱ༎

ཧྲུའུ་ལམ་བགྲོད་པ་གནམ་དུ་འགོས་ལས་དཀའ༎ བཟུར་ནས་ནུབ་ཏུ་བལྟ་ཞིང་ཤུགས་རིང་འཐེན།

3 མཆན། 

ཧྲུའུ་ལམ། སི་ཁྲོན་དུ་བགྲོད་པའི་ལམ། 

ཚན་ཚུང་དང་ཡུས་ཧྥུ། ཧྲུའུ་རྒྱལ་གྱི་རྒྱལ་པོ་ཐོག་མ་གཉིས། 

ཆིན་སའེ། ཆིན་གྱི་ས་ཆ་སྟེ། ད་ལྟའི་ཧྲན་ཞི་ཞིང་ཆེན་གྱི་ས་ཕྱོགས། 

ཐའེ་པའེ་རི་བོ། ཧྲའན་ཞི་མེ་ཞན་རྫོང་གི་ཤར་ལྷོའི་རི་བོ་ཞིག་གི་མིང་། 

ས་བརྡིབས། གནའ་བོའི་ལྷ་སྒྲུང་དུ། ཆིན་རྒྱལ་བོས་ཧྲུའུ་ཡི་སྒོ་ཐེམ་ཕྱེ་སྐབས་ཆིན་རྒྱལ་གྱིས་མཛེས་མ་ལྔ་ཧུའུ་ཡི་རྒྱལ་པོར་བརྫངས། ཧྲུའུ་ཡིས་གྱད་པོ་ཆེ་ལྔ་མཛེས་མ་རྣམས་བསུ་བར་མངགས། ཙི་ཐུང་དུ་སླེབས་སྐབས། སྦྲུལ་ཆེན་པོ་ཞིག་ཁུང་བུར་འཛུལ་བ་དང་འཕྲད། གྱད་པོ་ཆེ་རྣམས་ཀྱིས་སྦྲུལ་གྱི་རྔ་མར་འཇུས་ཏེ་ཕྱིར་ལེན་པར་བསམ་ཡང་མཐར་རི་བོ་བསྙིལ་ནས་གྱད་པོ་ཆེ་དང་མཛེས་མ་རྣམས་མནན་ནས་ཤི། རི་ནི་དུམ་བུ་ལྔ་རུ་གྱེས་ཏེ་ཆིན་དང་ཧྲུའུ་ཡི་རྒྱུ་བརྩམས་སོ་ཞེས་སོ༎ 

ཆིན་ཉི་རི་བོ། ཧྲའན་ཞི་ལི་དབྱང་རྫོང་ནུབ་བྱང་གི་རི་བོ་ཞིག 

གཅོང་སྐད། ཉམ་ཐག་པའི་སྐད་ཀྱི་མིང་། 

ཅན་ཀོ སི་ཁྲོན་གྱི་ས་མིང་། 

ལྕོགས། ཐུབ་པའམ་ནུས་པ། 

གཟེམ་རཱ་མགོ གསོ་མའོ། 

ཁྲེང་ཏུའུ། སི་ཁྲན་གྱི་ཞིང་ཆེན་ལྟེ་གནས། 

4 རྩོམ་པ་པོ་ངོ་སྤྲོད། 

ལི་པའེ། (701-762)མིང་གཞན་ལ་ཐའེ་པེ་ཟེར།  ཐང་རྒྱལ་རབས་སྐབས་ཀྱི་རླབས་ཆེ་བའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་ལ། རྗེས་རབས་པ་རྣམས་ཀྱིས་ཁོང་ལ“སྙན་ངག་གི་ལྷ”ཞེས་པའི་མཚན་སྙན་བཏགས་ཡོད། ཚབ་མཚོན་བརྩམས་ཆོས་ལ《ལུའུ་ཧྲན་རྦབ་ཆུ་ལ་ལྟ་བ》དང་། 《འགྲོ་ལམ་ཀྱག་ཀྱོག》《བགྲོད་པར་དཀའ་བའི་ཧྲུའུ་ལམ》《ཆང་འདྲེན》སོགས་ཡོད་པར་མ་ཟད། ཕྱི་རབས་པས《ལི་པའེ་ཡི་སྙན་ངག་ཕྱོགས་སྒྲིག》སོགས་བསྒྲིགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎