གཙོས་སྲས་མཁར་དགུ་ཐོགསྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-08 11:21ལ་འགྲུབ།

གཙོས་སྲས་མཁར་དགུ་ཐོག

གཙོས་སྲས་མཁར་དགུ་ཐོག
རྩོམ་ཡིག་འདིར་རྩོམ་པ་པོ་གཙོས་སྲས་མཁར་དགུ་ཐོག་ལ་ལྟ་སྐོར་དུ་ཕྱིན་པའི་སྔ་གཞུག་དང་ལྟ་སྐོར་བྱས་པའི་གོ་རིམ་ལྟར་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
བདེ་ཆེན་ལྷ་མོ།
ཕ་ཡུལ།
ཀན་ལྷོ་གཙོས་གྲོང་ཁྱེར།
སློབ་གྲྭ།
གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་།
1 ངོ་སྤྲོད།

རྩོམ་ཡིག་འདིར་རྩོམ་པ་པོ་གཙོས་སྲས་མཁར་དགུ་ཐོག་ལ་ལྟ་སྐོར་དུ་ཕྱིན་པའི་སྔ་གཞུག་དང་ལྟ་སྐོར་བྱས་པའི་གོ་རིམ་ལྟར་བྲིས་ཡོད།

2 རྩོམ་དངོས།

དེ་རིང་ཨ་མས་ང་ཁྲིད་ནས་གཙོས་སྲས་མཁར་དགུ་ཐོག་མཐོང་གྲོལ་ལྷ་ཁང་ཆེན་མོའི་ནང་ལ་མཇལ་སྐོར་དུ་སོང་། སྐབས་དེར་ངའི་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས། རླངས་འཁོར་ལས་བབས་ཏེ། རྒྱ་ལམ་ནས་ཡར་ལ་བལྟས་ཚེ། མཐོ་ཞིང་བརྗིད་ཉམས་ལྡན་པའི་རྒྱ་མཁར་དགོན་པའི་སྒོ་ཆེན་མཐོང་ལ། སྒོ་ཆེན་གཡས་གཡོན་གཉིས་ཀྱི་མ་ཎི་འཁོར་ཁང་དུ་བོད་མི་རྒན་དར་གཞོན་གསུམ་གྱིས་དད་པ་རྩེ་གཅིག་གིས་ཁ་ནས་མ་ཎི་འདོན་པ་དང་། ལག་པས་འཁོར་ལོ་བསྐོར་ནས་སྐོར་བ་རྒྱག་བཞིན་འདུག

སྒོ་ཆེན་ནས་ཡར་ལ་བལྟས་ན། སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ་པའི་གཙོས་སྲས་མཁར་དགུ་ཐོག་གི་གསེར་གྱི་རྒྱ་ཕིབས་ལས་འོད་ཟེར་ལམ་ལམ་འཚེར་བཞིན་སྔོ་སངས་ནམ་མཁའི་དབྱིངས་སུ་སྟེག་ཡོད་པ་དང་། དེའི་བཟོ་བཀོད་ངོ་མཚར་ཆེ་ཞིང་ལྟ་ན་སྡུག་ལ། ཤིན་ཏུ་མཐོ་ཞིང་བརྗིད་ཉམས་ལྡན་པ་ཞིག་རེད།

སྒོ་ཆེན་ནས་མདུན་དུ་སོང་ཚེ། མིག་ལམ་དུ་ལྷམ་མེར་མངོན་པ་ནི་ལྷ་ཁང་གི་ཕྱིའི་ལྕགས་རིའི་སྟེང་དུ་ཨར་འདམ་གྱིས་བཟོས་པའི་བྱང་ཆུབ་མཆོད་རྟེན་ཆུང་ཆུང་མང་པོ་བཞུགས་ཡོད་པ་དེ་རེད།  བར་སྒོའི་ནང་དུ་སོང་ཚེ། དད་ལྡན་གྱི་མཇལ་བ་མང་པོས་གཡས་གཡོན་གྱི་བསང་ཁྲིའི་སྟེང་དུ་བསང་ཆེན་ཕུད་ནས་བསང་གི་དུ་བ་དགུང་ལ་འཕྱུར་བ་དང་།  རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་མང་པོས་ངོ་མཚར་བའི་བཟོ་བཀོད་སོགས་ལ་དད་མོས་དང་མཚར་སྣང་ཆེན་པོས་པར་རྒྱག་བཞིན་འདུག   སྐབས་དེར་ངས་སྐོར་རྒྱག་པ་ཨ་མྱེས་རྒན་པོ་ཞིག་ལ་གཙོས་སྲས་མཁར་དགུ་ཐོག་གི་གནས་ཚུལ་མདོར་ཙམ་དྲིས་པ་ན། ཨ་མྱེས་རྒན་པོ་དེས་ང་ལ་གཙོས་སྲས་མཁར་དགུ་ཐོག་གི་ལྷ་ཁང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཁྲེ་གྲུ་བཞི་མ་བཞི་སྟོང་བརྒྱ་དང་བཅོ་བརྒྱད་ལྷག་ཡོད་པ་དང་། ལྷ་ཁང་གི་མཐོ་ཚད་ལ་སྤྱི་ཁྲེ་བཞི་བཅུ་ལྷག་ཡོད། དེར་ཐོག་སོ་རིམ་པ་དགུ་ཡོད་ལ། ཐོག་སོ་རེ་རེ་ནི་ལྷ་ཁང་མི་འདྲ་བ་རེ་རེ་ཡིན། ལྷ་ཁང་རེ་རེའི་སྒོ་འགྲམ་དུ་དེའི་ནང་གི་རྟེན་གཙོ་བོ་གང་ཡིན་གསལ་པོར་བྲིས་ཡོད་པས་ཁྱོད་རང་དངོས་སུ་མཇལ་བར་སོང་དང་ཤེས་ངེས་ཡིན་ཞེས་བཤད།

ཨ་མྱེས་རྒན་པོའི་བཀའ་གསུངས་ལྟར་རང་ཉིད་དངོས་སུ་ལྷ་ཁང་ནང་དུ་མཇལ་བར་སོང་བ་ན། ལྷ་ཁང་ཆེན་མོའི་སྒོ་ཁྱམས་གཡས་ཀྱི་སྲས་མཁར་ལྷ་ཁང་གི་སྲུང་མའི་གཙོ་བོ་བསྟན་མའི་ལྷ་ཁང་དུ་ཚེ་རིང་མ་གཙོ་བྱས་པའི་ཚེ་རིང་མཆེད་ལྔ་དང་། བཀའ་སྲུང་གནོད་སྦྱིན་ཙི་དམར་གྱི་སྐུ་བརྙན། བསྟན་མ་བཅུ་གཉིས་ཀྱི་བྲིས་འབུར་བཅས་བཞུགས་ཡོད། སྒོ་ཁྱམས་གཡོན་གྱི་ཛམ་ཁང་ནང་དུ་ཛམ་དམར་གཙོ་བྱས་པའི་ཛམ་ལྷ་རིགས་ལྔའི་སྐུ་བརྙན་ཕོངས་སེལ་སྒྲོལ་མ་དང་ནོར་རྒྱུན་མའི་བྲིས་འབུར་བཅས་བཞུགས་ཡོད། ཚིགས་དང་པོ་ནི་བྱམས་ཆེན་ལྷ་ཁང་མཐོང་གྲོལ་ཆེན་མོ་རེད། འདིར་རྟེན་གཙོ་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་། བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་སྐུ་བརྙན་སོགས་བཞུགས་ཡོད།

ཚིགས་གཉིས་པ་ནི་ས་དགེ་བཀའ་གདམས་ལྷ་ཁང་རེད། འདིར་རྟེན་གཙོ་རྗེ་ཡབ་སྲས་གསུམ་དང་རྒྱལ་དབང་པཎ་ཆེན་སྐུ་ཕྲེང་རིམ་བྱོན། ཀུན་མཁྱེན་ཡབ་སྲས་སོགས་ཀྱི་འདྲ་སྐུ་བཞུགས་ཡོད།

ཚིགས་གསུམ་པ་ནི་རྙིང་མའི་ལྷ་ཁང་རེད། འདིར་རྟེན་གཙོ་བོ་མཁན་སློབ་ཆོས་གསུམ་དང་རྙིང་མ་བརྒྱུད་པའི་བླ་མ་དང་ཡི་དམ་གྱི་སྐུ་བརྙན་བཞུགས་ཡོད།

ཚིགས་བཞི་པ་ནི་རིགས་གསུམ་མགོན་པོའི་ལྷ་ཁང་རེད། འདིར་གསང་སྔགས་རྒྱུད་སྡེ་འོག་མ་གསུམ་གྱི་ལྷ་ཚོགས་དང་། འཕགས་ཡུལ་པཎྡི་ཏའི་སྐུ་བརྙན། སྒྲོལ་མ་ཉེར་གཅིག གནས་བརྟན་བཅུ་དྲུག་གི་གྱན་ཐང་བཅས་བཞུགས་ཡོད།

ཚིགས་ལྔ་པ་ནི་བཀའ་བརྒྱུད་ལྷ་ཁང་རེད། འདིར་རྟེན་གཙོ་བོ་རྗེ་མི་ལ་རས་པ་དང་། མར་པ་ལོ་ཙ་བ། དགས་པོ་ལྷ་རྗེ་སྟེ་མར་མི་དགས་གསུམ་གྱི་སྐུ་བརྙན། མི་ལའི་ཐུགས་སྲས་རས་པ་བརྒྱད། བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་འདྲ་སྐུ་དང་། རྗེ་མི་ལ་རས་པའི་རྣམ་ཐར་གྱན་ཐང་དང་པོ་དང་གཉིས་པ་བཅས་བཞུགས་ཡོད།

ཚིགས་དྲུག་པ་ནི་གསང་སྔགས་གསར་མའི་ལྷ་ཁང་རེད། འདིར་རྔོག་དཀྱིལ་བདུན་གྱི་དཀྱིལ་འཁོར་གཙོ་བོ་དང་བླ་མེད་ཀྱི་ཡི་དམ་སྐོར། ཉེ་སྲས་བརྒྱད་ཀྱི་སྐུ་བརྙན། རྗེ་མི་ལ་རས་པའི་རྣམ་ཐར་གྱན་ཐང་གསུམ་པ་དང་བཞི་པ་བཅས་བཞུགས་ཡོད།

ཚིགས་བདུན་པ་ནི་གསང་སྔགས་བླ་བརྒྱུད་ལྷ་ཁང་རེད། འདིར་གཙོ་སྐུ་གསང་འཇིགས་བདེ་ཀྱེ་བཞིའི་བླ་མ་བརྒྱུད་པའི་འདྲ་སྐུ་དང་། དཔལ་དུས་ཀྱི། འཁོར་ལོ། གསང་བདག་འཁོར་ཆེན་གཉིས་ཀྱི་གྱན་ཐང་བཅས་བཞུགས་ཡོད།

ཚིགས་བརྒྱད་པ་ནི་རྒྱལ་བ་རིགས་ལྔའི་ལྷ་ཁང་རེད། འདིར་གཙོ་སྐུ་རྒྱལ་བ་རིགས་ལྔ་དང་། བསྟན་པའི་བདག་པོ་སྟོན་པ་ཤཀྱ་ཐུབ་པ། སྲིད་གསུམ་དབང་སྡུད་ལྷ་མོ་རིག་བྱེད་མ། ཉེ་སྲས་ནང་ཚན་སྤྱན་རས་གཟིགས། བྱམས་པའི་སྐུ་བརྙན་བཅས་བཞུགས་ཡོད། 

ཚིགས་དགུ་པ་ནི་ཀྱེ་རྡོར་དཀྱིལ་འཁོར་གྱི་གྱན་ཐང་བྱིན་རླབས་འོད་འབར་ལྷ་ཁང་རེད། འདིར་ཀྱེ་རྡོར་དཀྱིལ་འཁོར་གྱི་གྱན་ཐང་བཞུགས་ཡོད་དོ།།

ཨ་མ་དང་ངེད་གཉིས་ཀྱིས་ཐོག་སོ་རེ་རེའི་ལྷ་ཁང་རེ་རེ་དང་སྐུ་བརྙན་རེ་རེར་ཞིབ་མོར་མཇལ་ཚར་ནས་ཕྱིར་འབུད་དུས། ཨ་མས་ང་ལ་གཙོས་སྲས་མཁར་དགུ་ཐོག་ནི་གནའ་དས་སུ་རྗེ་མི་ལ་རས་པས་རང་ཉིད་ཀྱིས་དཀའ་བ་ཁྱང་དུ་བསད་ནས་ཤ་ཟད་རུས་ཟད་ཀྱིས་དངོས་སུ་བཞེངས་པའི་དབུས་ཀྱི་ལྷོ་བྲག་སྲས་མཁར་དགུ་ཐོག་ལ་དཔེ་བྱས་ཏེ། དེ་ཇི་ལྟ་བུར་ཆད་ལྷག་མེད་པར་བཞེངས་བསྐྲུན་མཛད་པ་དང་། ཕྱིས་སུ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཆག་འཇིག་བྱུང་བ་དང་། སྤྱི་ལོ1988ལོར་སླར་ཡང་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་གྱི་དབུ་ཁྲིད་འོག རྒྱ་ཆེ་བའི་རིགས་ཆོས་དད་མང་ཚོགས་རྣམས་ཀྱི་འགྱུར་མེད་ཀྱི་དད་པ་དང་ལྷད་མེད་ཀྱི་བརྩོན་སེམས་ལས་ལོ་ངོ་དྲུག་དང་ཟླ་བཞིའི་རིང་མདོ་སྨད་གཙོས་སྲས་མཁར་དགུ་མཐོང་གྲོལ་ལྷ་ཁང་ཆེན་མོ་འདི་བསྐྱར་བཞེངས་བྱས་ནས་ལེགས་པར་གྲུབ་པ་རེད། ང་ཚོས་ཀྱང་རྗེ་མི་ལ་རས་པ་དང་དད་ལྡན་མང་ཚོགས་རྣམས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་། བསླུ་བ་མེད་པའི་བརྩོན་སེམས། ཉམས་པ་མེད་པའི་སྤོབས་པ་སོགས་ལ་དམིགས་དཔེ་བྱས་ནས་རང་གིས་ཀྱང་བྱ་བ་གང་ཅིའི་ཐད་ལ་བརྩོན་པ་བྱེད་དགོས་ཞེས་གསུངས་པས། ངས་རང་དབང་མེད་པར་རྗེ་མི་ལ་རས་པ་དང་དད་ལྡན་མང་ཚོགས་ནི་ཇི་འདྲའི་རླབས་ཆེ་བ་རེད་ཨང་ཞེས་བཤད། 

3 དཔྱད་གཏམ།

རྩོམ་ཡིག་འདིར་རྩོམ་པ་པོ་གཙོས་སྲས་མཁར་དགུ་ཐོག་ལ་ལྟ་སྐོར་དུ་ཕྱིན་པའི་སྔ་གཞུག་དང་ལྟ་སྐོར་བྱས་པའི་གོ་རིམ་ལྟར་བྲིས་ཡོད་པས་སྒྲིག་གཞི་ཤིན་ཏུ་གསལ་བ་དང་།  ཚིགས་རེ་རེའི་གཙོ་སྐུ་དང་ཐང་ག་སོགས་ཞིབ་ཏུ་ངོ་སྤྲོད་བྱས་པས་རྟོགས་སླ་བ། སྐོར་རྒྱག་པ་དང་ཨ་མའི་སྐད་ཆ་བྲིས་པ་དེས་བྲི་བྱའི་དོན་ཇེ་གསལ་ཇེ་ཞིབ་ཏུ་བཏང་ཡོད།