ཕ་ཡུལ་གྱི་ཆུ་བོ།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-08 11:22ལ་འགྲུབ།

ཕ་ཡུལ་གྱི་ཆུ་བོ།

ཕ་ཡུལ་གྱི་ཆུ་བོ།
རྩོམ་ཡིག་འདིར་ཕ་ཡུལ་གྱི་ཆུ་བོས་སྐོམ་པའི་གདུང་བ་སེལ་བ་དང་། མི་གཙང་བའི་དྲེག་པ་བཀྲུ་བ་སོགས་ཀྱི་ཕན་ནུས་དང་། དྭངས་ཤིང་གཙང་བའི་རྣམ་པ། རོལ་མོ་དཀྲོལ་བ་ལྟ་བུའི་བཞུར་སྒྲ་བཅས་བྲིས་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
བློ་བཟང་བསྟན་པ་རྒྱ་མཚོ།
ཕ་ཡུལ།
རྨ་ལྷོ་གཅན་ཚ་རྫོང་མར་ཁུ་ཐང་།
སློབ་གྲྭ།
རྨ་ལྷོ་གཅན་ཚ་རྫོང་མར་ཁུ་ཐང་སློབ་ཆུང་གཉིས་པ།
ལོ་རིམ།
དྲུག་པ།
1 ངོ་སྤྲོད།

རྩོམ་ཡིག་འདིར་ཕ་ཡུལ་གྱི་ཆུ་བོས་སྐོམ་པའི་གདུང་བ་སེལ་བ་དང་། མི་གཙང་བའི་དྲེག་པ་བཀྲུ་བ་སོགས་ཀྱི་ཕན་ནུས་དང་། དྭངས་ཤིང་གཙང་བའི་རྣམ་པ། རོལ་མོ་དཀྲོལ་བ་ལྟ་བུའི་བཞུར་སྒྲ་བཅས་བྲིས་ཡོད།

2 རྩོམ་དངོས།

ངའི་ཕ་ཡུལ་གྱི་ཆུ་བོ་ནི་དྭངས་ཤིང་གཙང་ལ་མངར་ཞིང་ཞིམ་པ་ཞིག་ཡིན་པས། ཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་སྔོན་མོ་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཡིན།  ཕ་ཡུལ་གྱི་ཆུ་བོ་ནི་ཡུམ་ཆེན་གྱི་ནུ་ཞོ་དང་འདྲ་བས། ང་ཡིས་ཁམ་གང་འཐུང་ཡོད། དེ་ནི་ཨ་ཕས་བསྙལ་བའི་ནས་ཆང་གི་དྲི་ཞིམ་དང་འདྲ་བར་འཁྱག་སིབ་སིབ་ཀྱི་ངང་ངའི་སྐོམ་པའི་གདུང་བ་སེལ་བར་བྱེད། 

དྭངས་ཤིང་བསིལ་བའི་ཆུ་བོ་དེར་བལྟས་ན། ཧ་ཅང་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། ཆུ་བོ་བཞུར་བའི་སྒྲ་ནི་རོལ་མོ་དཀྲོལ་བ་དང་འདྲ་བར་སྙན་ཞིང་འཇེབས། ཕ་ཡུལ་གྱི་ཆུ་བོ། ངས་སླར་ཡང་ཁམ་གང་འཐུང་བས། དགའ་བ་དང་སྐྱོ་བ་འདྲེས་པའི་འདས་དོན་དག་ངའི་སེམས་སུ་འཁོར་བྱུང་ལ། གནག་སྣུམ་གྱི་དྲེག་པས་ཟིན་པའི་སྐྲ་ལོ་དེ་ཡང་ཆུ་ཁ་འདིར་ཐེངས་མང་བཀྲུས་མྱོང་ཞིང་། སེམས་སྡུག་གི་སྐྱོ་བའི་མཆི་མ་དེའང་ཆུ་བོ་འདིའི་འགྲམ་དུ་ཡང་ཡང་ཤོར་མྱོང་།

ཕ་ཡུལ་གྱི་ཆུ་བོ། ངས་ཁམ་གང་འཐུང་བ་དེས། མི་ལོ་དུ་མའི་འདས་དོན་གང་མང་ཡིད་ལ་འཁོར་བྱུང་ལ། བྱིས་པའི་དུས་ཀྱི་ལྷད་མེད་དྭངས་གཙང་གི་སེམས་པའང་ཝ་ལེར་དྲན་བྱུང་། དེ་རིང་ང་གཅེས་པའི་ཕ་ཡུལ་དང་བྲལ་ནས་ས་ཆ་གཞན་དུ་འགྲོ་དུས་འདིར། ངའི་སེམས་ཁོང་གི་སྙིང་གཏམ་གང་མང་ཞིག་ད་དུང་བཤད་ནས་ཚར་རྒྱུ་མི་འདུག

ཨེ་མ། ཕ་ཡུལ་གྱི་ཆུ་བོ། རོ་བཅུད་ལྡན་པའི་ཆུ་བོ། ཁྱེད་ནི་ཡུལ་མི་ཚོའི་བཏུང་བྱའི་བདུད་རྩི་ཉག་གཅིག་ཡིན་ནོ། །

3 དཔྱད་གཏམ།

རྩོམ་ཡིག་འདིར་ཕ་ཡུལ་གྱི་ཆུ་བོས་སྐོམ་པའི་གདུང་བ་སེལ་བ་དང་། མི་གཙང་བའི་དྲེག་པ་བཀྲུ་བ་སོགས་ཀྱི་ཕན་ནུས་དང་། དྭངས་ཤིང་གཙང་བའི་རྣམ་པ། རོལ་མོ་དཀྲོལ་བ་ལྟ་བུའི་བཞུར་སྒྲ་བཅས་བྲིས་ཏེ། དེ་ནི་ཡུལ་མི་རྣམས་ཀྱི་ཚེ་སྲོག་གི་རྟེན་གཞི་ཡིན་པ་བསྟན་པ་མ་ཟད། ཆུ་བོ་དེ་དང་འབྲེལ་ནས་བྱུང་བའི་རང་ཉིད་ཀྱི་འདས་དོན་ལ་ཕྱིར་དྲན་བྱས་ཡོད་པས་བརྗོད་བྱ་འབུར་དུ་ཐོན་པ་དང་ཚིག་གི་སྦྱོར་བ་ལེགས་སོ། །