ཕ་ཡུལ་གྱི་རི་ཆུ།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-10 16:05ལ་འགྲུབ།

ཕ་ཡུལ་གྱི་རི་ཆུ།

ཕ་ཡུལ་གྱི་རི་ཆུ།
རྩོམ་ཡིག་འདིར་ཕ་ཡུལ་གྱི་རི་བོ་དང་དེའི་དབྱར་དགུན་གྱི་མཛེས་ཉམས། ཆུ་བོའི་རྣམ་པ་དང་ཕན་ནུས། དབྱར་དགུན་གྱི་འགྱུར་བ་བཅས་བྲིས་ཏེ་རི་ཆུ་ལ་བསྟོད་པ་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
བདེ་སྐྱིད།
ཕ་ཡུལ།
ལྷ་ས་ལྷུན་གྲུབ་རྫོང་ངར་ནང་།
སློབ་གྲྭ།
ལྷ་ས་ལྷུན་གྲུབ་རྫོང་ངར་ནང་ལྟེ་བའི་སློབ་ཆུང་།
ལོ་རིམ།
ལྔ་བ།
1 ངོ་སྤྲོད།

རྩོམ་ཡིག་འདིར་ཕ་ཡུལ་གྱི་རི་བོ་དང་དེའི་དབྱར་དགུན་གྱི་མཛེས་ཉམས། ཆུ་བོའི་རྣམ་པ་དང་ཕན་ནུས། དབྱར་དགུན་གྱི་འགྱུར་བ་བཅས་བྲིས་ཏེ་རི་ཆུ་ལ་བསྟོད་པ་བྱས་ཡོད།

2 རྩོམ་དངོས།

ང་ཡི་ཕ་ཡུལ་ནི་ལྷུན་གྲུབ་རྫོང་ངར་ནང་ཤང་ཁོངས་སུ་བརྗིད་ཉམས་ལྡན་པའི་ངང་གནས་ཡོད། ཡུལ་འདི་ནི་ཕྱོགས་བཞི་རི་དང་ཤང་ཤང་དུ་རྒྱུག་པའི་ཆུ་མོས་ཡོངས་སུ་གང་བའི་གནས་མཆོག་ཅིག་ལགས།   ངའི་ཕ་ཡུལ་གྱི་རི་བོ་ཡོད་དོ་ཅོག་གཅིག་ལ་གཅིག་རྟེན་གྱི་སྒོར་སྒོར་དུ་གནས་ཡོད་པ་དེ་ནི། ང་ཚོའི་ཕ་ཡུལ་གྱི་གྲལ་སྟར་སྒྲིག་པའི་དེང་དུས་ཀྱི་ཁང་བཟང་དང་། གདོད་མའི་ནགས་ཚལ་ལ་སོགས་པར་སྲུང་སྐྱོབ་བྱེད་མཁན་གྱི་མིང་མེད་དཔའ་བོ་དང་ཀུན་ནས་མཚུངས་ལ། ཡང་སྐྱེ་བོ་རྣམས་ཕན་ཚུན་ལག་གདང་སྦྲེལ་ནས། ཧ་ཅང་འཁྲུག་ཆ་དོད་པའི་སྒོར་གཞས་འཁྲབ་རྩིས་བྱེད་པ་དང་ཡང་མཚུངས་ལགས། 

དབྱར་དུས་སླེབས་ཙ་ན། རི་སྟེང་གི་ལྗོན་ཤིང་དག་ལོ་འདབ་རབ་ཏུ་རྒྱས་ཤིང་རི་བོ་དག་གིས་ནམ་མཁའ་ལ་འགྲན་རྩོད་བྱེད་པ་ལྟར། རིན་ཆེན་གཡུ་ཡི་ཞུན་མ་ས་འཛིན་ལ་བྱུགས་པས་སྔོ་ཐིང་ངེར་སྣང་ལ། མེ་ཏོག་སྣ་ཚོགས་བཞད་པ་དེས་རི་བོར་མགུལ་རྒྱན་བསྒྲོན་པ་དང་མཚུངས། ཡང་དགུན་དུས་སླེབས་པ་ན། རི་བོའི་རྩེ་མོ་ག་བུར་རྡུལ་གྱིས་ཡོངས་སུ་གཏུམས་ནས་སྐྱ་ཐིང་ངེར་གནས་པ་དང་། དགུན་གྱི་ཕོ་ཉས་བློ་དཀར་སེམས་དཀར་གྱིས་རང་གི་གོས་དཀར་དེ་འཇིག་རྟེན་དུ་གཡར་ནས་ས་གཞི་ལ་དཀར་གཙང་གི་མཇལ་དར་བསྒྲོན།

ངའི་སེམས་སུ་ཕ་ཡུལ་གྱི་རི་བོ་དེ་ནི་ང་ཚོའི་ཕ་ཡུལ་གྱི་མི་རྣམས་ལ་སོ་ལྟ་བྱེད་མཁན་གྱི་བཅིངས་བཀྲོལ་དམག་མི་ཞིག་དང་འདྲ་བར་བརྗིད་ཆགས་ཡིད་དུ་འོངས་པར་གནས་ཏེ། ང་ཚོ་ཕྱི་རབས་རྣམས་ལ་དྲོ་སྐྱིད་སྦྱིན་ནོ། །

བདག་གི་ཕ་ཡུལ་གྱི་མདུན་ཕྱོགས་ན་ཤང་ཤང་དུ་རྒྱུག་པའི་ཆུ་མོ་དྲངས་ཤིང་གཙང་ལ་རིན་ཆེན་གཡུ་ཡི་ཞུན་མ་ཞིག་དང་འདྲ་བར་སྔོ་ཐིང་ངེར་གནས་པ་དང་། དུས་རྟག་ཏུ་དགའ་བའི་གླུ་དབྱངས་ལེན་པ་ལྟར་ཤང་ཤང་དུ་དལ་པོའི་ངང་རྒྱུག་འགྲོ་གི་ཡོད་ལ། མི་ཟོག་ཀུན་གྱིས་བཏུང་བ་ན། ནད་ལས་གྲོལ་ཞིང་ལུས་སྟོབས་འཕེལ་བ་ཡིན། ཆུ་མོ་དེ་གཡུ་ལྟར་སྔོ་ཞིང་དལ་བ་དལ་བུར་ལ་ལུང་མང་པོ་བརྒལ་ནས་རྒྱུག་བཞིན་མཆིས་ལ། དབྱར་སླེབས་ཚེ་ཆུ་མོ་རྒྱས་ནས་རྦ་རླབས་ལང་ལོང་དུ་འཕྱུར་བ་དང་། གྲང་ངར་ཆེ་བའི་དགུན་ཟླ་རིང་པོ་སླེབས་ཙ་ན་འཁྱགས་རོམ་གྱི་སྦུབས་སུ་གཉིད་དུ་ཡུར་ནས། གོས་དཀར་གྱི་མལ་ཆས་གྱོན་ཏེ་དཀར་ཐིང་ངེར་གནས་ལགས།

ང་ཡི་ཕ་ཡུལ་གྱི་བརྗིད་ཆགས་ཡིད་དུ་འོང་བའི་རི་དང་ཆུ་བོ་གཉིས་ནི། ངའི་ཚེ་སྲོག་གི་འབྱུང་རྩ་དང་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས་གང་དུ་སླེབས་ནའང་ངས་དུས་ནམ་ཡང་བརྗེད་མི་སྲིད།

3 དཔྱད་གཏམ།

རྩོམ་ཡིག་འདིར་ཕ་ཡུལ་གྱི་རི་བོ་དང་དེའི་དབྱར་དགུན་གྱི་མཛེས་ཉམས། ཆུ་བོའི་རྣམ་པ་དང་ཕན་ནུས། དབྱར་དགུན་གྱི་འགྱུར་བ་བཅས་བྲིས་ཏེ་རི་ཆུ་ལ་བསྟོད་པ་བྱས་ཡོད་པས་ནང་དོན་གསལ་ཞིང་། ཞིབ་འབྲི་བྱས་པ་གནད་དུ་འཁེལ་ལ། དཔེ་དང་གཟུགས་སུ་བཀོད་པ་དེས་བརྗོད་དོན་ལ་གཟུགས་སྣང་ཐོན་པར་བྱས་ཡོད།


བརྡ་འགྲེལ་གདོང་འཛར།

རི་ཆུ། ཕ་ཡུལ། དབྱར་དགུན།