བྱང་ཐང་མཐོ་སྒང་།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-10 16:08ལ་འགྲུབ།

བྱང་ཐང་མཐོ་སྒང་།

བྱང་ཐང་མཐོ་སྒང་།
འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པའི་མདོ་དབུས་མཐོ་སྒང་ནི་དུས་ཡུན་རིང་བོར་གསང་བའི་ཡོལ་རས་ཤིག་གིས་གཡོགས་པས་ན་མི་ཐམས་ཅད་ཀྱིས་ཡིད་སྨོན་བྱེད་བཞིན་མཆིས། ཡིན་ན་ཡང་། ངོ་མཚར་འཕྲུལ་གྱི་བཀོད་པ་ལྟ་བུའི་གནས་མཆོག་འདི་རུ་ད་དུང་དེ་བས་ཀྱང་གསང་བའི་ས་ཁུལ་ཞིག་ཡོད་པ་ནི་སྤྱིའི་རྒྱ་ཁྱོན་སྦྱི་ལེ་གྲུ་བཞི་མ་ཁྲི5ཙམ་ཡོད་པའི་དབེན་གནས་ཏེ་བྱང་ཐང་མཐོ་སྒང་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
མཐོ་སྒང་།
ཁྱད་ཆོས།
དབེན་གནས།
ས་ཁུལ།
བྱང་ཐང་།
1 ངོ་སྤྲོད།

འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པའི་མདོ་དབུས་མཐོ་སྒང་ནི་དུས་ཡུན་རིང་བོར་གསང་བའི་ཡོལ་རས་ཤིག་གིས་གཡོགས་པས་ན་མི་ཐམས་ཅད་ཀྱིས་ཡིད་སྨོན་བྱེད་བཞིན་མཆིས།  ཡིན་ན་ཡང་། ངོ་མཚར་འཕྲུལ་གྱི་བཀོད་པ་ལྟ་བུའི་གནས་མཆོག་འདི་རུ་ད་དུང་དེ་བས་ཀྱང་གསང་བའི་ས་ཁུལ་ཞིག་ཡོད་པ་ནི་སྤྱིའི་རྒྱ་ཁྱོན་སྦྱི་ལེ་གྲུ་བཞི་མ་ཁྲི5ཙམ་ཡོད་པའི་དབེན་གནས་ཏེ་བྱང་ཐང་མཐོ་སྒང་ཡིན།     ས་འདི་ནི་ཆ་སྙོམས་ཀྱིས་མཚོ་ངོས་ལས་སྨིས5000ཡན་དང་མཁའ་དབུགས་དྭངས་ཤིང་། ནམ་ཟླ་གྲང་འཁྱག་ལྡན་པ། རི་དྭགས་གཅན་གཟན་གང་དགར་རྒྱུ་བ་བཅས་ཀྱིས་འཛམ་གླིང་སྟེང་གི་ཆེས་ཆེ་བའི་རང་བྱུང་གི་སྲོག་ཆགས་ར་བ་ཞིག་གྲུབ་ཡོད།

2 ཆགས་སྟངས།

བྱང་ཐང་མཐོ་སྒང་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་དུ་གནས་ཤིང་།  (མིང་གྲགས་ཆེ་བའི་ཁི་ཁི་ཞི་ལི་རང་བྱུང་སྲུང་སྐྱོབ་ཁུལ་ནི་དེའི་ཁག་ཅིག་ཡིན)བྱང་ཕྱོགས་ནི་ཤར་གྱི་ཁུ་ནུ་རི་རྒྱུད་ཀྱིས་བཅད་ཡོད་པའི་ཚྭ་འདམ་གཞོང་ཡིན་ལ།   ལྷོ་ཕྱོགས་ནི་གདང་ལ་ས་མཚམས་ཡིན་པ་དང་།  ནུབ་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་དང་ཤར་ཐེངས་གསུམ་པའི་འཁྱགས་རོམ་ས་རིམ་འགུལ་འགྱུར་གྱི་གོ་རིམ་ཁྲོད་དུ།  གནས་འདི་ནི་དེ་སྔ་མདོ་དབུས་མཐོ་སྒང་གི་འབུར་ཤུགས་ཆེས་དྲགས་པའི་ས་ཁུལ་ཞིག་ཡིན་པས།  ཆ་སྙོམས་བྱས་ན་མཚོ་ངོས་ལས་སྨིས5000ལྷག་གིས་མཐོ་བ་ཡིན།  ཡར་འབུར་བའི་ཁག་ཅིག་གས་སྲུབས་རི་བོར་གྱུར་ཅིང་མར་ནུབ་པའི་ཁག་ནི་གཞོང་བ་དང་མཚེའུ་རུ་གྱུར་པས། ས་དབྱིབས་ཐད་དུ་ལུང་བ་དང་རི་བོ་ཆུང་ཆུང་ཕན་ཚུན་དཔུང་རྡང་སྦྲེལ་བའི་ཡུལ་ལྗོངས་ཁྱད་མཚར་ཅན་ཞིག་ཆགས་ཡོད།           

དེ་ཡང་མི་མེད་བྱང་ཐང་མཐོ་སྒང་ཁུལ་གྱི་ས་བབ་མཐོ་ཞིང་ནམ་ཟླ་གྲང་འཁྱག་ཡིན་པའི་རྐྱེན་གྱིས་གངས་ཐིག་ཡན་ཆད་དུ་ཧ་ཅང་ངོ་མཚར་ཅན་གྱི་འཁྱགས་རོམ་མང་བོ་ཆགས་ཡོད།  ས་གཤིས་རིག་པ་པས་མཚམས་སྦྱོར་ལྟར་ན། ཕྱི་ཚུལ་ནས་བལྟས་ན་ཧ་ཅང་ལྷིང་འཇགས་ལྟར་དུ་སྣང་བའི་འཁྱགས་རོམ་ཆེན་པོ་དེ་དག་དོན་དམ་དུ་ལྷིང་འཇགས་ཤིག་མིན། དེ་ནི་འཁྱགས་རོམ་རང་གི་ལྗིད་ཤུགས་དང་ནམ་ཟླ་སོགས་ཕྱི་ཤུགས་ཀྱི་ནུས་པ་ཐེབས་འོག་བཞུར་ཆུ་དང་འདྲ་བར་ལོ་རེ་བཞིན་སྨིས་འགའ་འམ་ཡང་ན་དེ་ལས་མགྱོགས་པའི་མྱུར་ཚད་ཀྱིས་མར་རི་འདབས་སུ་ཤུད་ཀྱིན་ཡོད་པ་དང་། ཤུད་ནས་གངས་ཐིག་མན་ལ་བསླེབས་ཚེ་དྲོད་ཚད་རིམ་བཞིན་ཇེ་མཐོར་སོང་བ་དང་བསྟུན་འཁྱགས་རོམ་གྱི་ཞབས་སྣེ་ཞུ་མགོ་བརྩམས་ནས་ངོ་མཚར་ལྟ་བས་ཆོག་མི་ཤེས་པའི་དར་གྱི་མཆོད་རྟེན་ཚོགས་ཤིག་གྲུབ་ཅིང་།   དར་གྱི་མཆོད་རྟེན་ཚོགས་ཀྱི་བར་གསེང་དུ་འཁྱགས་རོམ་གྱི་མཚེའུ་ཡོད་ལ། དར་གྱི་མཆོད་རྟེན་ཚོགས་མཚེའུ་ནང་དུ་མངོན་པ་ན་དངོས་གནས་ཡིད་དུ་འོངས་པའི་འདྲ་གཟུགས་སྣ་ཚོགས་འཆར་སྲིད།

3 ཁྱད་ཆོས།

དེ་བས་ཀྱང་ངོ་མཚར་ལྡན་པ་ནི། བྱང་ཐང་མཐོ་སྒང་ཁུལ་གྱི་བཟོད་གླགས་བྲལ་བའི་རང་བྱུང་གི་ཆ་རྐྱེན་འོག་ཏུ་གྲངས་འབོར་ཁྲི་ཕྲག་ལས་བརྒལ་བའི་རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་ཐུབ་པར་མ་ཟད། ད་དུང་རབས་དང་རབས་བརྒྱུད་ནས་སྐྱེ་འཕེལ་འབྱུང་ཐུབ་པ་ནི་ངོ་མཚར་བརྗོད་ཡུལ་ལས་འདས་པ་ཞིག་རེད། དེ་ཡང་ཆེད་ལས་མཁས་པས་མཚམས་སྦྱོར་ལྟར་ན།     གནམ་ལ་ཟུག་འདྲའི་གངས་རི་དང་འབྱམས་ཀླས་པའི་རྩྭ་ཐང་ངམ་ཐང་ཀྱིས་རྙོག་དྲ་ཆེ་བའི་འཚོ་བའི་ཁོར་ཡུག་ཅིག་གྲུབ་ཡོད་པ་དེས་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་འཚོ་གནས་དང་སྐྱེ་འཕེལ་ལ་འོས་ཤིང་འཚམ་པའི་ཆ་རྐྱེན་བསྐྲུན་ཡོད།  དཔེར་ན། མཐོ་སྒང་དུ་ཉི་མ་འཆར་ཡུན་རིང་བ་ཡིས་སྐྱེ་དངོས་ཀྱི་འོད་སྦྱོར་ནུས་པར་སྐུལ་སྤེལ་བྱེད་པ་དང་།   དྲོད་ཁྱད་ཆེ་བ་དེས་སྐྱེ་དངོས་ཀྱི་སྐྱེ་ལྡན་བཅུད་རྫས་གསོག་འཇོག་ལ་ཕན་པས་སོ།།

གནས་འདི་གའི་ཕྱུགས་རྩྭ་ཡུ་རྐང་ཐུང་ཞིང་ཐར་ཐོར་དུ་སྐྱེས་པ་ཡིན་ཀྱང་སྤྲི་དཀར་དང་ཞག་བཅུད་སོགས་འཚོ་བཅུད་འདུས་ཚད་ཧ་ཅང་མཐོ་བ་དང་།  རྩྭ་ཐང་གི་རྒྱ་ཁྱོན་ཆེ་བ་སོགས་ཀྱིས་རྩྭ་གཟན་སྲོག་ཆགས་ལ་ཆེས་ཕུན་སུམ་ཚོགས་པའི་གཟན་རྩ་མཁོ་འདོན་བྱས་ཡོད།  དེ་མིན་གྲངས་ལས་འདས་པའི་བཞུར་ཆུ་དང་མཚེའུ་ཡིས་ཀྱང་སྲོག་ཆགས་དག་ལ་བཏུང་ཆུ་འདང་ངེས་ཤིག་མཁོ་སྤྲོད་བྱས་ཡོད། གཞན་ཡང་རྙོག་དྲ་ཆེ་ཞིང་རྒྱ་ཆེ་བའི་ས་དབྱིབས་ཀྱིས་ཀྱང་རི་སྐྱེས་སྲོག་ཆགས་དག་དུས་ཐོག་ཏུ་རང་བྱུང་གནོད་འཚེ་དང་མིའི་རིགས་ཀྱི་འཇིགས་པ་ལས་བྱོལ་ཐུབ་བོ།།

ཚན་རིག་གི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་བརྟག་དཔྱད་གང་མང་བྱས་མཐར། ད་ལྟ་གནས་འདི་ག་རུ་འོ་འཐུང་སྲོག་ཆགས་ཀྱི་རིགས16ཡོད་ཅིང་།    དེའི་ཁྲོད་དུ་རིགས་སྣ11ནི་མདོ་དབུས་མཐོ་སྒང་ཁོ་ན་རུ་མ་གཏོགས་མེད།    འདབ་ཆགས་ཀྱི་རིགས30ཡོད་པ་ལས་རིགས7མདོ་དབུས་མཐོ་སྒང་དུ་མ་གཏོགས་མེད། རྒྱལ་ཁབ་རིམ་པ་དང་པོར་གཏོགས་པའི་སྲུང་སྐྱོབ་སྲོག་ཆགས་ལ་འབྲོང་དང་རྐྱང་།  ཤྭ་སྐྱ།  གསའ།  གཙོད་སོགས་ཡོད།  རྒྱལ་ཁབ་རིམ་པ་གཉིས་པར་གཏོགས་པའི་སྲུང་སྐྱོབ་སྲོག་ཆགས་ལ་གཉན་དང་དོམ། གཡི།  གོང་མོ་སོགས་ཡོད།  དེ་དག་ལས་གཞན་ད་དུང་ཝ་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཞིང་ཆེན་རིམ་པའི་གཙོ་ཆེའི་སྲུང་སྐྱོབ་སྲོག་ཆགས་ཀྱང་ཡོད་དོ།།

འབྲེལ་ཡོད་ཆེད་ལས་མཁས་པས་གསུངས་པ་ལྟར་ན།  གནས་འདི་གའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཁྲི4ནས་ཁྲི5ཡོད་ལ།   རང་རྒྱལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་སྤྱིའི་གྲངས་འབོར་ཆེས་མང་བའི་ས་ཁུལ་ཡིན་པས། མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་སུ་གྲགས་ཡོད་དོ།།