ཡིག་ཚང་།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2019-12-09 08:47ལ་འགྲུབ།

ཡིག་ཚང་།

ཡིག་ཚང་།
​ཡིག་ཚང་ནི་བོད་བཙན་པོའི་སྐབས་ནས་བྱུང་བའི་ཐ་སྙད་ཅིག་ཡིན་ལ། དེ་ནི་ཡི་གེ་ཁོ་ནའི་ལམ་ནས་ཟིན་འགོད་བྱས་པའི་ཤེས་བྱ་མཐའ་དག་ལ་གོ་བ་ཡིན་ནོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文献
ཕྱི་ཡིག་གི་མིང་།
document
རིགས།
རིག་གནས་བརྡ་འགྲེལ།
མིང་གཞན།
ཡྀག་ཚང་། ཡིག་ཙང་། ཡིག་ཚངས།
1 ​རྒྱས་འགྲེལ། 

ཡིག་ཚང་ནི་བོད་བཙན་པོའི་སྐབས་ནས་བྱུང་བའི་ཐ་སྙད་ཅིག་ཡིན་ལ། ད་བར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་དུས་ཀྱི་འགྱུར་རིམ་མི་འདྲ་བ་ལ་དེ་ཡི་བྲི་ལུགས་དང་གོ་དོན་ལའང་འགྱུར་བ་དེ་ཙམ་བྱུང་ཡོད་པའི་ཚུལ་མདོ་ཙམ་བཀྲལ་ན། གཡུ་རྨང་བརྩན་གྱིས་ནང་རྗེ་བོ་བློན་བཙན་བཟང་ལ་གསོལ་བའི་ཡི་གེར། སྦྲུལ་གྱི་ལོའྀ་དཔྱིད་སླ་འབྲིང་པོ་ཚེས་བཅུ་བཞྀ་ལ་ཡྀག་ཙང་གཡུ་སྩལ་ཏེ་བློན་ཅེར་སྩལ་པར་ཆད་དོ༎ ཞེས་པ་བཞིན་བཙན་པོའི་སྐབས་ཀྱི་ཤོག་དྲིལ་དང་རྡོ་རིང་སོགས་ཀྱི་ཡི་གེར་ཡྀག་ཚང་དང་ཡྀག་ཙང་ལྟར་གྱི་འབྲི་སྲོལ་མི་འདྲ་བ་བྱུང་ཡོད་ནའང་། དོན་གྱི་འཇུག་ཚུལ་ནི་བཙན་པོའི་དུས་སྐབས་སུ་བློན་པོའི་གོ་གནས་ཀྱི་རིམ་པ་མཚོན་བྱེད་ཀྱི་ཡི་གེ་འཁོད་པའི་བྱང་བུ་དེ་སྟོན་ཅིང་། ཡི་གེ་འཁོད་པའི་བྱང་བུ་དེ་ལོ་རྒྱུས་མཚོན་བྱེད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་བ་མ་ཟད། དེ་ལ་དུས་སྐབས་ངེས་ཅན་ཞིག་གི་ལོ་རྒྱུས་ཀྱི་ཆ་འཕྲིན་གདའ་བས། དེ་ཡང་འདིར་བརྗོད་བྱར་གྱུར་བའི་ཡིག་ཚང་གི་ཁོངས་སུ་བཞག་ཀྱང་འགལ་བ་མེད། སྐད་གསར་བཅད་ཀྱི་རྗེས་སུ་ཡྀག་ཚང་དང་ཡྀག་ཙང་ལྟར་གྱི་འབྲི་སྲོལ་མ་མཐོང་ཡང་། 《སྦ་བཞེད》དུ་ཐབས་ཡིག་ཚངས་གསེར་གྱི་ཡི་གེ་ཆུང་ངུ་བྱིན་ནས་གྲལ་ཡང་ཞང་བློན་ཆེན་པོའི་གོང་དུ་འདུག ཅེས་གོ་དོན་འདི་ལ་སྐབས་དེ་དང་ཕྱིས་ཀྱི་འཐད་ལྡན་ཡིག་ཚང་མང་དག་ཅིག་ཏུ་ཡང་འཇུག་ས་ཅན་གྱི་ཡིག་ཚངས་འདི་བྲིས་ཏེ་བརྗོད་བྱར་གྱུར་བའི་ཡིག་ཚང་གཉིས་སོ་སོར་ཕྱེས་ཡོད་པ་མཐོང་། དེར་གཞིགས་ན་སྐད་གསར་བཅད་ཀྱི་རྗེས་ནས་མིང་འདི་གཉིས་ཀྱི་སྦྱོར་ཚུལ་ལ་ལེགས་བཅོས་གནང་ཡོད་པར་འདོད་ཀྱང་། ཉེ་རབས་ཀྱི་མཁས་པ་རྣམས་ཀྱིས་དེ་ལ་དོ་སྣང་ཆེར་མ་བྱས་པར་མིང་དེ་གཉིས་གང་བདེར་སྦྱར་ཡོད་པ་འདྲ། གང་ལྟར་བཀས་བཅད་ཀྱི་རྗེས་སུ་བློན་པོའི་གོ་གནས་ཀྱི་རིམ་པ་མཚོན་བྱེད་ཀྱི་ཡི་གེ་འཁོད་པའི་བྱང་བུ་དེར་ཡིག་ཚངས་སུ་འབྲི་བའི་སྲོལ་བྱུང་བ་ཤེས་ཐུབ། སིལ་བུའི་དུས་ནས་བཟུང་ཕྱིས་ཀྱི་བརྩམས་ཆོས་དག་ན་ངག་རྗེས་སམ་ངག་རྒྱུན་དང་འདས་ཟིན་གྱི་དོན་ནམ་དེ་ཟིན་ཐོར་བཀོད་པའི་ལོ་རྒྱུས་ཀྱི་དཔེ་སོགས་ལ་ཡོངས་གྲགས་སུ་ཡིག་ཚང་དུ་འབོད་པ་དང་། 《སྦ་བཞེད》དུ་རྗེའི་ཞབས་ཏོག་དུའང་དེ་ཆེ། བུ་ཚའི་དགེ་དང་ཡིག་ཚང་དུའང་དེ་ཆེ༎ ཞེས་དང་། “ཡིག་ཚང་ངམ་ངག་རྒྱུན་ཉིད་ལ་བརྟག་འོས་དང”ཞེས་པ་ལྟར་ལོ་རྒྱུས་ཤེས་འདོད་ན་ཡི་མཚོན་ཐབས་གཙོ་བོར་གྱུར་བའི་ངག་རྒྱུན་དང་ཡིག་ཚང་བརྟག་པར་བསྐུལ་བ་དང་། 《རྒྱལ་རབས་གསལ་བའི་མེ་ལོང》དུ“རྒྱ་བོད་ཀྱི་ཡིག་ཚང་རྒྱས་པར་ཤེས་འདོད་ན། དེབ་ཐེར་དེ་ཉིད་ལ་གཟིགས་ཤིག”ཅེས་དང་། ཡང“གསེར་ཐོག་པ་རིན་རྡོར་གྱིས(གྱི)ཡིག་ཚང་ལས་ཟུར་ཙམ་བྲིས་པ་ཡིན་གྱིས་རྒྱལ་པོ་རེ་རེ་བཞིན་གྱི་མཛད་པ་ཕྲིན་ལས་རྣམས་ཞིབ་པར་ཤེས་འདོད་པ་དེ་ཉིད་ཀྱི་ཡིག་ཚང་ལ་གཟིགས་ཤིག”ཅེས་འདས་ཟིན་གྱི་ལོ་ཟླའི་ནང་བྱུང་བའི་དོན་རྣམས་ཡི་གེར་འཁོད་པ་ལ་ཡིག་ཚང་ཞེས་རྒྱལ་རབས་དེབ་ཐེར་གཅིག་མ་ཡིན་པར་ད་སྔ་ལག་སོན་བྱུང་བ་ཐམས་ཅད་དུ་དེ་ལྟར་མཐོང་། ཕྱིས་སུ་བོད་བཀའ་ཤག་སྲིད་གཞུང་གི་རྩ་འཛུགས་ཁྲོད་གཞུང་གི་ཡིག་ཚགས་འབྲི་ས་དང་དོ་དམ་བྱེད་སའི་ལས་ཁུངས་ཤིག་ཡོད་པ་ལ་རྩེ་ཡིག་ཚང་ལས་ཁུངས་སུ་འབོད་པ་དེ་གོང་དུ་བསྟན་པའི་སྐུ་གསུང་ཐུགས་རྟེན་གྱི་གཙུག་ལག་རྣམས་བཞེངས་ས་དང་བཞུགས་སར་གྱུར་བ་ལ་གཙུག་ལག་ཁང་དུ་འབོད་པའི་དཔེ་བཞིན་དུ་རིགས་བསྒྲེས་ཀྱིས་གོ་ན་ཨེ་འགྲིག་སྙམ། ཡང་ཁ་ཅིག་གིས་ཡིག་ཚང་དེ་སྒྲ་དོག་འཇུག་གི་ལོ་རྒྱུས་ཀྱི་ཡི་གེ་ཁོ་ནར་འདོད་པ་དེ་ཡང་མ་ངེས་ཏེ། བཙན་པོའི་སྐབས་ཀྱི་བུན་ཡིག་དང་རྩིས་ཐོ་ལ་སོགས་པ་དེང་སྐབས་དཔལ་འབྱོར་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་ཡིག་ཚང་གལ་ཆེན་དུ་གྱུར་ཡོད་ཅིང་། དེང་སྐབས་བྲིས་པའི་སྒྲུང་ལ་སོགས་པའང་མ་འོངས་པ་ན་འདས་ཟིན་གྱི་སྤྱི་ཚོགས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཡིག་ཚང་གལ་ཆེན་དུ་འགྱུར་སྲིད་པས། ཐོག་མར་ལོ་རྒྱུས་དང་ལོ་རྒྱུས་མ་ཡིན་པའི་དབྱེ་མཚམས་གསལ་ཐག་གཅོད་དཀའ་བས་སོ། །