ཀྲུང་གོའི་ཚན་རིག་གླིང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-10 17:57ལ་འགྲུབ།

ཀྲུང་གོའི་ཚན་རིག་གླིང་།

ཀྲུང་གོའི་ཚན་རིག་གླིང་།
ཀྲུང་གོའི་ཚན་རིག་གླིང(དབྱིན་ཡིག་གི་མིང་། ChineseAcadmyofSciences)ནི་སྤྱི་ལོ 1949ལོའི་ཟླ11པར་བཙུགས་ཤིང་། ཀྲུང་གོའི་རང་བྱུང་ཚན་རིག་གི་རིག་གཞུང་ལས་ཁུངས་མཐོ་ཤོས་དང་། ཚན་རིག་ལག་རྩལ་གྱི་བློ་འདྲི་སའི་ལས་ཁུངས་མཐོ་ཤོས། རང་བྱུང་ཚན་རིག་དང་ལག་རྩལ་མཐོ་གྲས་ཕྱོགས་བསྡུས་ཞིབ་འཇུག་འཕེལ་རྒྱས་ལྟེ་གནས་བཅས་ཡིན། ཀྲུང་གོའི་ཚན་རིག་གླིང་གིས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྱོང་བྱ་རྒྱུའི་ཐད་ཀྱི་བླང་བྱ་བཏོན་ནས། སྔ་རྗེས་སུ་ཤེས་བྱ་གསར་གཏོད་བཟོ་སྐྲུན་དང་། “གསར་གཏོད2020”《“སྔོན་ལ་འགུལ་སྤྱོད་བྱས་ནས”འཆར་གཞི་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་རྩ་གནད》སོགས་ལག་བསྟར་བྱས་པ་དང་། 《ཤེས་བྱའི་དཔལ་འབྱོར་གྱི་དུས་རབས་བསུས་ནས་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་སྐྱོང་བྱ་རྒྱུ》དང་། 《གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཚན་རྩལ་གྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱ་རྒྱུ》 《གསར་གཏོད2050:ཚན་རིག་ལག་རྩལ་དང་ཀྲུང་གོའི་མ་འོངས་པ》 《ཚན་རྩལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་སྤྱི་ལོ2020ལོའི་འཐབ་ཇུས་གདམ་ག》སོགས་འཐབ་ཇུས་ཞིབ་འཇུག་གི་སྙན་ཞུ་བཏོན། སྤྱི་ལོ2018ལོའི་ཟླ11པར་ཀྲུང་གོའི་ཚན་རིག་གླིང་གི་གཞུང་ཕྱོགས་དྲ་ཚིགས་སུ་གཞིགས་ན། ཚན་རིག་ཞིབ་འཇུག་གླིང་ལ་ཡན་ལག་ཞིབ་འཇུག་ཁང12དང་། རྒྱལ་ཁབ་ཚན་རིག་ཞིབ་འཇུག་ཁང100ལྷག་ཙམ། སློབ་ཆེན3(ཀྲུང་གོའི་ཚན་རིག་གླིང་གི་སློབ་ཆེན་དང་། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན། ཧྲང་ཧའེ་ཚན་རྩལ་སློབ་ཆེན)དང་། རྒྱལ་ཁབ་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་བཟོ་སྐྲུན་ལྟེ་གནས། ཕྱི་རོལ་ལྟ་དཔྱད་ཚད་འཇལ་ས་ཚིགས210ལྷག་ཙམ་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་གལ་ཆེའི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད20ལྷག་འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་པའི་འགན་ཁུར་ཡོད། ལས་བཟོ་པ་ཁྲི7.1ལྷག་དང་ཞིབ་འཇུག་སློབ་མ་ཁྲི6.4ལྷག་ཡོད། རང་བྱུང་ཚན་རིག་གི་རིག་ཚན་མ་ལག་ཆ་ཚང་བ་ཞིག་བཙུགས་ནས་དངོས་ཁམས་དང་། རྫས་འགྱུར། རྒྱུ་ཆའི་ཚན་རིག རྩིས་རིག ཁོར་ཡུག་དང་སྐྱེ་ཁམས་རིག་པ། སའི་གོ་ལའི་ཚན་རིག་སོགས་རིག་ཚན་ཧྲིལ་པོའི་ཆུ་ཚད་འཛམ་གླིང་གི་སྔོན་གྲས་སུ་ཚུད་ཡོད་པ་དང་། ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་ཁ་ཤས་འཛམ་གླིང་གི་ཨང་དང་པོའི་ཚད་གཞིའི་ཆ་རྐྱེན་འཛོམས་ཡོད། རྒྱལ་ཁབ་ཀྱི་ཁྱོན་ཡོངས་དང་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་སུ་གྱུར་ཡོད། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་ཁྲོད་ཚན་རིག་པ་སྐོར་ཞིག་གིས་གནད་འགག་དང་སྲོག་ཤིང་གི་ནུས་པ་བཏོན་ཡོད་པ་མ་ཟད། རང་རྒྱལ་གྱི་ཚན་རྩལ་ལས་རིགས་ཀྱི་འཐུས་ཚབ་ཡིན་པའི་ཆ་ནས་རྒྱལ་སྤྱིའི་ཚན་རྩལ་གྱི་མདུན་གྲལ་དུ་ཚུད་ཡོད། སྤྱི་ལོ2019ལོའི་ཟླ9པར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་བཞི་པའི་སྐོར་གཟིགས་ཚོགས་ཆུང་གིས་ཀྲུང་གོའི་ཚན་རིག་གླིང་གི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུར་གྲོས་ཐག་བཅད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国科学院
ཕྱི་ཡིག་གི་མིང་།
Chinese Academy of Sciences
རྒྱ་ཡིག་གི་བསྡུས་མིང་།
中科院 CAS
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ11པ།
གཙོ་གཉེར་སྡེ་ཁག
རྒྱལ་སྲིད་སྤྱི་ཁྱབ་ཁང་།
ས་གནས།
པེ་ཅིང་གྲོང་ཁྱེར་སན་ལི་ཧོ་ལམ་ཨང་རྟགས52པར་ཡོད།
ད་ལྟའི་གླིང་གཙོ།
པེ་ཁྲུན་ལི།
ཐད་གཏོགས་ཡན་ལག་ཁང་།
12ཡོད།
ངོ་བོ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་དོན་ལས་ཁུངས།
1 ཚན་རིག་གླིང་གི་ལོ་རྒྱུས།
1_1 ལས་གཏོད་ཀྱི་རྨང་འདིང་པ།

སྤྱི་ལོ1949ལོའི་ཟླ10པར། མའོ་ཀྲུའུ་ཞི་ཡིས་ཀུའོ་མོ་རུའོ་ལ་ཀྲུང་གོ་ཚན་རིག་གླིང་གི་ཐམ་ཡིག་སྤྲད་པ་དང་། སྤྱི་ལོ1949ལོའི་ཟླ3པའི་ཟླ་མཇུག་ཏུ། ཀྲུང་གུང་ཀྲུང་དབྱང་པེ་ཕིང་དུ་བཅའ་སྡོད་བྱས་ཏེ། ཀྲུང་གོ་ཚན་རིག་གླིང་འཛུགས་རྒྱུའི་གྲ་སྒྲིག་བྱས་ཤིང་། བྱ་བའི་མགོ་མཇུག་ལ་ཀུའོ་མོ་རུའོ་ཡིས་འགན་ཁུར།

སྤྱི་ལོ1949ལོའི་ཟླ6པར། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་ཁང་འཛུགས་པར་གྲ་སྒྲིག་བྱ་རྒྱུ་དེ་ལུའུ་ཏིན་དབྱི་ཡིས་འགན་འཁུར་བ་དང་། ཡུན་ཙི་ཆང་དང་ཏིན་པེན་གཉིས་ཀྱིས་རམ་འདེགས་བྱེད་པ། ཆན་སན་ཆང་དང་ཧོང་ཙུང་ཀྲེན་གཉིས་གསབ་ཞུགས་བྱེད་དགོས་པར་ཐག་བཅད།

སྤྱི་ལོ1949ལོའི་ཟླ9པར། ཆན་སན་ཆང་དང་ཏིང་ཡན་གཉིས་ཀྱིས་མཉམ་དུ《མི་དམངས་ཚན་རིག་གླིང་འཛུགས་པའི་འཆར་ཟིན》བྲིས་པ་དང་། ཀྲུང་དབྱང་ཚན་རིག་གླིང་གི་རྨང་གཞིའི་སྒྲིག་གཞི་གཏན་འབེབབས་བྱས།

སྤྱི་ལོ1949ལོའི་ཟླ9པའི་ཚེས27ཉིན། ཀྲུང་གོའི་ཚན་རིག་གླིང་བཙུགས་ནས། སྲིད་དོན་ཁང་གི་ཁོངས་གཏོགས་ལས་ཁུངས་སུ་བསྡུས་ཤིང་། རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་བྱ་གཞག་ལ་དོ་དམ་བྱེད་པའི་སྲིད་གཞུང་གི་སྲིད་འཛིན་འགན་ནུས་ལག་བསྟར་བྱས།

སྤྱི་ལོ1949ལོའི་ཟླ10པའི་ཚེས19ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་ཨུ་ཡོན་ལྷན་ཁང་གིས་ཀུའོ་མོ་རུའོ་ཀྲུང་གོའི་ཚན་རིག་གླིང་གི་གླིང་གཙོ་དང་པོ་དང་།  ཁྲེན་པོ་ཏ། ལི་སི་ཀོང་། ཐའོ་མེང་ཧོ། ཀྲུའུ་ཁོ་ཀྲེན་བཅས་ཀྲུང་གོའི་ཚན་རིག་གླིང་གི་གླིང་གཙོ་གཞོན་པར་བསྐོས།

སྤྱི་ལོ1949ལོའི་ཟླ11པའི་ཚེས1ཉིན། ཀྲུང་གོའི་ཚན་རིག་གླིང་གིས་པེ་ཅིང་དུ་བྱ་བ་སྒྲུབ་མགོ་ཚུགས་པ་དང་། ཉིན་དེར་ཀྲུང་གོའི་ཚན་རིག་གླིང་དབུ་བརྙེས་པའི་ཉིན་མོར་གཏན་ཁེལ་བྱས།

སྤྱི་ལོ1949ལོའི་ཟླ11པའི་ཚེས5ཉིན། ཀྲུང་གོའི་ཚན་རིག་གླིང་གིས་གཞུང་བཙུགས་པེ་ཕིང་ཞིབ་འཇུག་ཁང་གི་སྤྱི་ཁྱབ་དོན་གཅོད་ཁྲུའུ་དང་དེའི་ཁོངས་གཏོགས་ཀྱི་རྡུལ་ཕྲན་རིག་པ་དང་། དངོས་ལུགས་རིག་པ། རྫས་འགྱུར་རིག་པ། རྩི་ཤིང་རིག་པ། སྲོག་ཆགས་རིག་པ། ལོ་རྒྱུས་རིག་པ་བཅས་ཀྱི་ཞིབ་འཇུག་ཚན་ཁག6ཁོངས་གཏོགས་སུ་བསྡུས་པ་མ་ཟད། ད་དུང་དེ་སྔའི་ཀྲུང་དབྱང་ཞིབ་འཇུག་ཁང་གི་ལོ་རྒྱུས་སྐད་བརྡ་ཞིབ་འཇུག་སུའོ་ཡི་པེ་ཅིང་གི་དཔེ་དེབ་དང་ལོ་རྒྱུས་རྒྱུ་ཆ་ལེགས་སྒྲིག་སུའོ་ཡང་ཁོངས་གཏོགས་སུ་བསྡུས།

སྤྱི་ལོ1949ལོའི་ཟླ11པའི་ཚེས23ཉིན། ཀྲུང་གོའི་ཚན་རིག་གླིང་གི་གནས་ཤུལ་པེ་ཅིང་ཝང་ཧྥུ་སྲང་ལམ་ཆེན་མོའི་ཨང་རྟགས9པར་སྤར།  སྤྱི་ལོ1950ལོའི་ཟླ6པའི་ཚེས23ཉིན། ཀྲུང་གོའི་ཚན་རིག་གླིང་གི་གནས་ཤུལ་པེ་ཅིང་ཝུན་ཅིན་སྲང་ལམ་ཨང་རྟགས3པའི་འཇགས་སྐྱེས་སྐྱེ་དངོས་བརྟག་དཔྱད་སུའོ་ཡི་གནས་རྙིང་དུ་སྤར། སྤྱི་ལོ1966ལོར། ཀྲུང་གོའི་ཚན་རིག་གླིང་གི་གནས་ཤུལ་པེ་ཅིང་ནུབ་འདབས་ཀྱི་ཡོའུ་དབྱི་མགྲོན་ཁང་གི་བྱང་རྒྱུད་དུ་སྤར། སྤྱི་ལོ1970ལོའི་ཟླ7པར། ཀྲུང་གོའི་ཚན་རིག་གླིང་གི་གནས་ཤུལ་པེ་ཅིང་སན་ལི་ཧོའི་ལམ་གྱི་ཨང་རྟགས52པའི་དེ་སྔའི་རྒྱལ་ཁབ་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་གནས་རྙིང་དུ་སྤར།

སྤྱི་ལོ1949ལོའི་ཟླ12པའི་ཚེས16ཉིན། ཀྲུང་གོའི་ཚན་རིག་གླིང་གིས་འཇགས་སྐྱེས་སྐྱེ་དངོས་བརྟག་དཔྱད་སུའོ་ཁོངས་གཏོགས་སུ་བསྡུས་ནས། འཇགས་སྐྱེས་སྐྱེ་དངོས་བརྟག་དཔྱད་སུའོ་ལེགས་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1949ལོའི་ཟླ12པའི་ཚེས21ཉིན། ཀྲུང་གོའི་ཚན་རིག་གླིང་གིས་ནུབ་བྱང་ཚན་རིག་རྟོག་ཞིབ་ཚོགས་པ་ཁོངས་གཏོགས་སུ་བསྡུས།

སྤྱི་ལོ1950ལོའི་ཟླ3པར། སྲིད་དོན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ནས། ཀྲུང་གོའི་ཚན་རིག་གླིང་གི་ཧྭ་ཤར་དོན་གཅོད་ཁྲུའུ་ཧྲང་ཧའེ་རུ་བཙུགས། སྤྱི་ལོ1955ལོའི་ཟླ2པར་ཀྲུང་གོའི་ཚན་རིག་གླིང་གི་ཧྭ་ཤར་དོན་གཅོད་ཁྲུའུ་ཞེས་པའི་མིང་དེ་ཀྲུང་གོའི་ཚན་རིག་གླིང་གི་ཧྲང་ཧའེ་དོན་གཅོད་ཁྲུའུ་ཞེས་བསྒྱུར། སྤྱི་ལོ1958ལོའི་ཟླ11པར། ཀྲུང་གོ་ཚན་རིག་གླིང་གི་ཡན་ལག་ཁང་ཧྲང་ཧའེ་རུ་དངོས་སུ་བཙུགས།

སྤྱི་ལོ1950ལོའི་ཟླ3པའི་ཚེས21ཉིན། ཀྲུང་གོའི་ཚན་རིག་གླིང་གིས་ཧྲང་ཧའེ་རུ་ཡོད་པའི་རྫས་འགྱུར་དང་། རྩི་ཤིང་། སྲོག་ཆགས། བཟོ་རིག་པ་བཅས་ཀྱི་ཞིབ་འཇུག་སུའོ་བཞི་ཁོངས་གཏོགས་སུ་བསྡུས་ཤིང་། གསོ་རིག་དང་སྨན་རྫས་རིག་པའི་ཞིབ་འཇུག་ཁང་གཉིས་ཀྱི་གྲ་སྒྲིག་ཁྲུའུ་ཡང་ཁོངས་གཏོགས་སུ་བསྡུས། ད་དུང་པེ་ཕིང་ཞིབ་འཇུག་ཁང་གི་ཧྲང་ཧའེ་རུ་ཡོད་པའི་ལུས་ཁམས་རིག་པ་དང་སྨན་རྫས་ཞིབ་འཇུག་སུའོ་གཉིས། དངོས་ལུགས་རིག་པའི་ཞིབ་འཇུག་སུའོ་ཡི་ཤེལ་གཟུགས་རིག་པའི་ཞིབ་འཇུག་ཁང་ཁོངས་གཏོགས་སུ་བསྡུས།

སྤྱི་ལོ1950ལོའི་ཟླ4པའི་ཚེས6ཉིན། ཀྲུང་གོའི་ཚན་རིག་གླིང་གིས་ཀྲུང་དབྱང་ཞིབ་འཇུག་ཁང་གི་དོན་གཅོད་ཁྲུའུ་དང་། སྤྱི་ཚོགས། དངོས་ལུགས། གནམ་གཤིས། གནམ་དཔྱད། ས་གཤིས་བཅས་ཞིབ་འཇུག་སུའོ5དང་། ཀྲུང་གོའི་ས་ཁམས་ཞིབ་འཇུག་སུའོ་བཅས་ཁོངས་གཏོགས་སུ་བསྡུས། སྐབས་དེར། ཀྲུང་གོའི་ཚན་རིག་གླིང་གིས་དེ་སྔའི་ཀྲུང་དབྱང་ཞིབ་འཇུག་ཁང་དང་པེ་ཕིང་ཞིབ་འཇུག་ཁང་གི་ཐད་གཏོགས་ཞིབ་འཇུག་སུའོ་ཁོངས་གཏོགས་སུ་བསྡུས་ཚར།

སྤྱི་ལོ1950ལོའི་ཟླ5པར། ཐོག་དང་པོར་ཞིབ་འཇུག་ལས་ཁུངས15ལ་ཆོག་མཆན་ཐོབ་པ་དང་ཞིབ་འཇུག་ལས་ཁུངས3གྱི་གྲ་སྒྲིག་ཁྲུའུ་བཙུགས། ཀྲུང་དབྱང་ཞིབ་འཇུག་གླིང་གིས་ཧྭ་བྱང་སློབ་ཆེན་ཞིབ་འཇུག་པུའུ་ཡི་ལོ་རྒྱུས་ཞིབ་འཇུག་ཁང་ཁོངས་གཏོགས་སུ་བསྡུས།

སྤྱི་ལོ1950ལོའི་ཟླ11པར། ཀྲུང་གོའི་ས་གཤིས་ལས་དོན་འཆར་འགོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཚན་རིག་གླིང་གི་ས་གཤིས་ཞིབ་འཇུག་སུའོ་དང་གནའ་བོའི་སྐྱེ་དངོས་ཞིབ་འཇུག་སུའོ་གཉིས་ཁོངས་གཏོགས་སུ་བསྡུས། སྤྱི་ལོ1955ལོའི་ཟླ1པོར། ཞིབ་འཇུག་སུའོ་དེ་གཉིས་ཕྱིར་བླངས།

སྤྱི་ལོ1950ལོའི་ཟླ9པ་ནས་སྤྱི་ལོ1951ལོའི་ཟླ2པའི་བར། ཀྲུང་གོའི་ཚན་རིག་གླིང་གིས་སྔ་རྗེས་སུ་ཡུན་ནན་ཞིང་ནགས་རྩི་ཤིང་བརྟག་དཔྱད་སུའོ་དང་། པེ་ཕིང་ཞིབ་འཇུག་ཁང་གི་རྩི་ཤིང་རིག་པ་སུའོ་ཡི་ཡུན་ནན་ལས་དོན་ས་ཚིགས། ལུའུ་ཧྲན་ནགས་ཚལ་རྩི་ཤིང་གླིང་། ཀྲུང་གོའི་ནུབ་བྱང་རྩི་ཤིང་བརྟག་དཔྱད་སུའོ། གོ་མིན་ཏང་སྲིད་གཞུང་གི་རྒྱལ་ཁབ་ལོ་རྒྱུས་ཁང་། ཀྲུང་གོའི་རྒྱ་མཚོ་ཞིབ་འཇུག་སུའོ་བཅས་ཁོངས་གཏོགས་སུ་བསྡུས། ཀྲུང་དབྱང་དམག་ཨུ་དང་མཉམ་དུ་ཞུས་ཅ་ཧུའེ་གནམ་དཔྱད་སྟེགས་བུ་དང་ཧྲེ་ཧྲན་གནམ་དཔྱད་སྟེགས་བུ་ཁོངས་གཏོགས་སུ་བསྡུས།

སྤྱི་ལོ1950ལོར། ཞིབ་འཇུག་ལས་ཁུངས་བསྐྱར་སྒྲིག་བྱས་ཏེ། སྔར་གྱི་ཞིབ་འཇུག་ལས་ཁུངས་ཟླ་སྒྲིལ་བཏང་ནས་ཞིབ་འཇུག་སུའོ་སོགས17དང་།  ཨུ་ཡོན་ལྷན་ཁང1 ཞིབ་འཇུག་ཁང་གི་གྲ་སྒྲིག་ཁྲུའུ3བཙུགས།

སྤྱི་ལོ1950ལོར། ཀྲུང་གོའི་ཚན་རིག་གླིང་གིས་རང་བྱུང་ཚན་རིག་གི་མིང་ཚིག་གཅིག་གྱུར་དང་ཞུ་དག་གཏན་འབེབས་བྱེད་མགོ་བརྩམས། སྤྱི་ལོ1955ལོའི་ཟླ11པའི་ཚེས15ཉིན། རིག་གཞུང་ཐ་སྙད་གཅིག་གྱུར་བྱ་བའི་ཨུ་ཡོན་ལྷན་ཁང་ཀྲུང་གོའི་ཚན་རིག་གླིང་གིས་འགོ་ཁྲིད་བྱེད་དགོས་པར་ཐག་བཅད།

སྤྱི་ལོ1951ལོའི་ཟླ2པའི་ཚེས3ཉིན། ཀྲུང་གོའི་ཚན་རིག་གླིང་གི་དཔེ་མཛོད་ཁང་བཙུགས།

སྤྱི་ལོ1951ལོའི་ཟླ6པར། ཀྲུང་གོའི་ཚན་རིག་གླིང་དང་སློབ་གསོ་པུའུ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ《སྤྱི་ལོ1951ལོའི་དབྱར་གསེང་གི་དངོས་སྦྱོང་ཞིབ་འཇུག་མི་སྣ་དང་ཞིབ་འཇུག་སློབ་མ་བསྡུ་ལེན་བྱེད་ཐབས》ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོ་གསར་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་མགོ་བརྩམས་པའི་མཚོན་རྟགས་སུ་གྱུར།

སྤྱི་ལོ1952ལོའི་ཟླ8པའི་ཚེས28ཉིན། ཀྲུང་གོའི་ཚན་རིག་གླིང་གི་ཤར་བྱང་གི་ཡན་ལག་ཞིབ་འཇུག་ཁང་བཙུགས།

སྤྱི་ལོ1954ལོའི་ཟླ3པར། ཀྲུང་དབྱང་གིས་ཀྲུང་གོའི་ཚན་རིག་གླིང་ལྟེ་བར་བཟུང་ནས་རྒྱལ་ཁབ་ཀྱི་ཚན་རྩལ་མ་ལག་འཛུགས་རྒྱུ་གཏན་ཁེལ་བྱས།

སྤྱི་ལོ1954ལོའི་ཟླ9པའི་ཚེས21ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་ཁྲིམས་སྲོལ》ལ་གྲོས་འཆམ་བྱུང་ནས། ཀྲུང་གོའི་ཚན་རིག་གླིང་དེ་སྲིད་གཞུང་སྡེ་ཁག་གི་གྲས་སུ་མི་གཏོགས་པར་ཐག་བཅད།

སྤྱི་ལོ1954ལོའི་ཟླ11པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་དབྱང་དང་ས་གནས་ཀྱི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་འབྲེལ་ཡོད་དོན་ཚན་གསར་འཛུགས་དང་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས། ཀྲུང་གོའི་ཚན་རིག་གླིང་ད་ནས་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་མིན་པར་ཁྱབ་བསྒྲགས་བྱས། འོན་ཀྱང་བྱ་བ་བྱེད་ཕྱོགས་ལ་སྔར་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛུབ་སྟོན་བྱེད་དགོས་པར་ཐག་བཅད།

སྤྱི་ལོ1955ལོའི་ཟླ5པའི་ཚེས12ཉིན། ཀྲུང་གོ་ཚན་རིག་གླིང་གི་ཞིབ་འཇུག་སློབ་མའི་སློབ་བསྡུ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1955ལོའི་ཟླ6པར། ཀྲུང་གོའི་ཚན་རིག་གླིང་གི་རིག་གཞུང་པུའུ་བཙུགས་ཏེ། སྐབས་དང་པོའི་རིག་གཞུང་པུའུ་ཡི་ཨུ་ཡོན་མི233བདམས།

སྤྱི་ལོ1955ལོའི་ཟླ8པར།  ཀྲོའུ་ཨེན་ལའེ་ཡིས《ཀྲུང་གོའི་ཚན་རིག་གླིང་གི་ཞིབ་འཇུག་སློབ་མའི་གནས་སྐབས་ལག་བསྟར་སྲོལ་ཡིག》ལ་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས།

སྤྱི་ལོ1955ལོའི་ཟླ9པའི་ཚེས26ཉིན། ཀྲུང་གོའི་ཚན་རིག་གླིང་གི་རྡོ་སྣུམ་ཞིབ་འཇུག་སུའོ་ཡི་རིག་གཞུང་ཨུ་ཡོན་ལྷན་ཁང་བཙུགས། ཀྲུང་གོའི་ཚན་རིག་གླིང་གི་ཁོངས་གཏོགས་ཞིབ་འཇུག་སུའོ་སོ་སོས་རང་ཉིད་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཁང་འཛུགས་མགོ་བརྩམས།

1_2 ཚན་རིག་གི་ཕྱོགས་སུ་དཔུང་བསྐྱོད་བྱེད་པ།

སྤྱི་ལོ1956ལོའི་ཟླ1པོའི་ཚེས1ཉིན། ཀྲུང་གོའི་ཚན་རིག་གླིང་གི་ལས་ཁུངས་ལེགས་སྒྲིག་བྱས། (1) དེ་སྔའི“གཞུང་དོན་ཐིང་གི་རིག་གཞུང་སྲིད་འཛིན་ལས་དོན”དང་དེ་སྔའི་དྲུང་ཡིག་ཁྲུའུ་གཉིས་ཟླ་སྒྲིལ་བཏང་ནས་རིག་གཞུང་དྲུང་ཡིག་ཁྲུའུ་བཙུགས་པ་དང་། དེ་སྔའི་གཞུང་དོན་ཐིང་ཕྱིར་འཐེན་བྱས། (2)དོ་དམ་ཅུས་བཙུགས། (3)འབྲེལ་གཏུག་ཅུས་བཙུགས། (4)ཚན་རིག་ལས་བྱེད་གསོ་སྐྱོང་པུའུ་བཙུགས། (5)དེ་སྔའི་མི་དོན་ཅུས་དེ་ལས་བྱེད་ཅུས་སུ་བསྒྱུར། (6)དེ་སྔའི་རྩོམ་སྒྱུར་ཅུས་ཕྱིར་འཐེན་བྱས་ཏེ་དེའི་བྱ་བ་ཁ་ཤས་ཚན་རིག་དཔེ་སྐྲུན་ཁང་དུ་ཟླ་སྒྲིལ་བཏང་། (7)ཕྱོགས་བསྡུས་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བཙུགས། (8)དེ་སྔའི་རིག་གཞུང་པུའུ་བཞིའི་མིང་དང་དེ་དག་གི་འགན་འཁྲི་སོར་འཇོག་བྱས།

སྤྱི་ལོ1956ལོའི་ཟླ7པར། རྩིས་རྒྱག་ལག་རྩལ་སུའོ་སོགས་ཞིབ་འཇུག་ཁང་གསུམ་གྱི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1957ལོའི་ཟླ1པོའི་ཚེས1ཉིན། ཀྲུང་གོའི་ཚན་རིག་གླིང་གིས་ལས་ཁུངས་ལེགས་སྒྲིག་བྱས། (1)རིག་གཞུང་དྲུང་ཡིག་ཁྲུའུ་ཕྱིར་འཐེན་བྱས། (2)གཞུང་ལས་ཐིང་དང་འཆར་འགོད་ཅུས་སླར་གསོ་བྱས་པ་དང་། དྲིལ་བསྒྲགས་ཅུས་དང་ཡོ་ཆས་ཅུས་བཙུགས། (3)ལས་བྱེད་པ་གསོ་སྐྱོང་པུའུ་དེ་ལས་བྱེད་པ་གསོ་སྐྱོང་ཅུས་སུ་བསྒྱུར།

སྤྱི་ལོ1957ལོར། ཀྲུང་གོའི་ཚན་རིག་གླིང་གི་ཏང་ཙུའུ་ཡིས“མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་ཡི་ཏང་ཙུའུ་ཁག་གཅིག”བཙུགས།

སྤྱི་ལོ1958ལོར། ཀྲུང་གོའི་ཚན་རིག་གླིང་གིས་ཁྲང་ཁྲུན་འོད་རིག་པ་ཞིབ་ཚགས་འཕྲུལ་ཆས་སློབ་གླིང་བཙུགས་པ་དང་། སྤྱི་ལོ1971ལོར་སློབ་གྲྭ་དེ་འཕྲུལ་ཆས་པུའུ་ཨང་ལྔ་པའི་འགོ་ཁྲིད་ཀྱི་ཁོངས་སུ་བསྡུས།  

སྤྱི་ལོ1958ལོའི་ཟླ7པར། ཀྲུང་གོ་ཚན་རིག་ཁང་གིས་རྡུལ་ཕྲན་དང་ཉིང་རྡུལ་ཚན་རིག་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1958ལོའི་ཟླ9པའི་ཚེས20ཉིན། ཀྲུང་གོའི་ཚན་རིག་གླིང་གི་ཁོངས་གཏོགས་ཀྱི་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་པེ་ཅིང་དུ་བཙུགས་པ་དང་། ཀྲུང་གོའི་ཚན་རིག་གླིང་གིས་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་ལ“གླིང་ཡོངས་ནས་སློབ་གྲྭ་འཛུགས་རྒྱུ་དང་། སུའོ་དང་སྡེ་ཁག་མཉམ་འབྲེལ་བྱེད་པའི”སློབ་གཉེར་བྱེད་ཕྱོགས་ལག་བསྟར་བྱས།

སྤྱི་ལོ1958ལོའི་ཟླ9པའི་ཚེས13ཉིན། ཀྲུང་གོའི་ཚན་རིག་གླིང་གི་ཏང་ཙུའུ་ཡིས་ཀྲུང་གོའི་ཚན་རིག་གླིང་གི་ཏང་ཙུའུ་ཡི་ལག་རྩལ་གསར་པའི་གཞུང་ལས་ཁང་བཙུགས།

སྤྱི་ལོ1960ལོའི་ཟླ1པོར། ཀྲུང་གོའི་ཚན་རིག་གླིང་ལ་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱེད་པའི་བཟོ་གྲྭ་བཞི་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་ཐོབ།

སྤྱི་ལོ1960ལོའི་ཟླ7པའི་ཚེས2ཉིན། ཀྲུང་གོའི་ཚན་རིག་གླིང་གི་ལག་རྩལ་གསར་བ་ཅུས་བཙུགས།

སྤྱི་ལོ1960ལོའི་ཟླ9པར། ཀྲུང་གོའི་ཚན་རིག་གླིང་གི་ལན་ཀྲོའུ་ཡན་ལག་ཞིབ་འཇུག་ཁང་གིས་ཀན་སུའུ་ཚན་རིག་ལག་རྩལ་སློབ་ཆེན་བཙུགས་ནས་དངོས་སུ་སློབ་འགོ་བརྩམས། སྤྱི་ལོ1961ལོའི་ཟླ8པར་ཀན་སུའུ་ཚན་རིག་ལག་རྩལ་སློབ་ཆེན་དང་ལན་ཀྲོའུ་སློབ་ཆེན་གཉིས་ཟླ་སྒྲིལ་བྱས།

སྤྱི་ལོ1961ལོའི་ཟླ6པ་ནས་སྤྱི་ལོ1962ལོའི་ལོ་མཇུག་བར། ཕྱོགས་ཡོངས་ནས་ཁུ་བསྡུ་བྱས་ཏེ་ཤིན་ཅང་མ་གཏོགས་པའི་ཞིང་ཆེན་རིམ་པ་ཁག་དང་ཞིབ་འཇུག་ཁང་འབོར་ཆེན་ཕྱིར་འཐེན་བྱས་ནས་ས་ཁུལ་ཆེན་པོ5ཡི་ཡན་ལག་ཞིབ་འཇུག་ཁང་དང་། ཧྭ་བྱང་དོན་གཅོད་ཁྲུའུ་བཙུགས།

སྤྱི་ལོ1961ལོའི་ཟླ7པར། “ཚན་རིག་གི་དོན་ཚན་བཅུ་བཞི”ལ་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་དབྱང་གིས་དངོས་སུ་ཡིག་ཆ་བཀྲམ་ནས་ལག་བསྟར་བྱས།

སྤྱི་ལོ1964ལོའི་ཟླ9པར། ཀྲུང་གོ་ཚན་རིག་གླིང་གིས་པེ་ཅིང་ཀྲུང་ཀོན་གྲོང་ཚོར“ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་སློབ་མའི་སློབ་གླིང”ཚོད་གཉེར་བྱས་པ་དང་། སྤྱི་ལོ1966ལོར“རིག་གནས་གསར་བརྗེ་ཆེན་པོའི”མགོ་ཚུགས་རྗེས་ཞིབ་འཇུག་སློབ་མའི་སློབ་གླིང་གཉེར་མཚམས་བཞག

སྤྱི་ལོ1964ལོའི་ཟླ10པའི་ཚེས16ཉིན། ཀྲུང་གོས་ཞིབ་འཇུག་དང་གསར་བཟོ་བྱས་པའི་རྡུལ་ཕྲན་མཚོན་ཆ་ཐོག་མ་ལེགས་འགྲུབ་བྱུང་པ་དང་། དེ་ལ་ཀྲུང་གོ་ཚན་རིག་གླིང་གིས་གནད་འགག་རང་བཞིན་གྱི་བྱ་བ་མང་པོ་བསྒྲུབས།

སྤྱི་ལོ1964ལོའི་ཟླ12པར། ཀྲའོ་ཅིའུ་ཀྲང་གིས་ཀྲོའུ་ཨེན་ལའེ་ལ་འཕྲིན་ཡིག་བསྐུར་ནས། མི་འགྱངས་པར་མིས་བཟོས་སྲུང་སྐར་ཞིབ་འཇུག་གི་བྱ་བ་སླར་ཡང་མགོ་རྩོམ་རྒྱུ་ཡིན་ཞེས་བཤད།

སྤྱི་ལོ1965ལོའི་ཟླ9པར། ཧྲང་ཧའེ་སྐྱེ་དངོས་རྫས་འགྱུར་སུའོ་དང་། ཧྲང་ཧའེ་སྐྱེ་ལྡན་རྫས་འགྱུར་སུའོ་ཡིས་པེ་ཅིང་སློབ་ཆེན་རྫས་འགྱུར་ཚན་ཁག་དང་མཉམ་འབྲེལ་བྱས་ཏེ། འཛམ་གླིང་ཐོག་ཐེངས་དང་པོར་མིའི་ཐབས་ཀྱིས་སྐྱེ་དངོས་ཀྱི་གྲུང་གཤིས་ཅུང་མཐོ་བའི་བ་གླང་གཤེར་མའི་ཕུང་རྩི་འདྲེས་སྦྱོར་བྱས།

1_3 རིག་གསར་གྱི་གོད་ཆག

སྤྱི་ལོ1967ལོའི་ཟླ6པར། ཀྲུང་གོས་ཆིང་མདེལ་ཐོག་མར་འབར་གས་ལེགས་འགྲུབ་བྱུང་། ཀྲུང་གོའི་ཚན་རིག་གླིང་གིས་དེར་བྱས་རྗེས་ཆེན་པོ་བཞག་ཡོད།

སྤྱི་ལོ1967ལོའི་ཟླ7པའི་ཚེས30ཉིན། ཀྲུང་གོའི་ཚན་རིག་གླིང་གི་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1967ལོའི་ཟླ11པའི་ཚེས28ཉིན། ཀྲུང་གོའི་ཚན་རིག་གླིང་གི་ས་ཡོམ་གཞུང་ལས་ཁང་བཙུགས།

སྤྱི་ལོ1968ལོ་ནས་སྤྱི་ལོ1972ལོའི་བར། ཀྲུང་གོའི་ཚན་རིག་གླིང་གི་ཁོངས་གཏོགས་ལས་ཁུངས་འབོར་ཆེན་ཞིག་རྒྱལ་སྲུང་སྡེ་ཁག་གི་ཁོངས་སུ་བསྡུས་པའམ་ཡང་ན་ས་གནས་སུ་མངགས་པ། ཡང་ན་ཕྱིར་འཐེན་བྱས།

སྤྱི་ལོ1970ལོའི་ཟླ4པར། ཀྲུང་གོའི་ཚན་རིག་གླིང་གཙོ་བྱས་ཏེ་བཟོས་པའི་སའི་གོ་ལའི་མིས་བཟོས་སྲུང་སྐར་དང་པོ་ལེགས་འགྲུབ་བྱུང་།

སྤྱི་ལོ1970ལོའི་ཟླ7པའི་ཚེས1ཉིན། རྒྱལ་ཁབ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་ཚན་རིག་གླིང་གཉིས་ཟླ་སྒྲིལ་བཏང་སྟེ་ཀྲུང་གོ་ཚན་རིག་གླིང་གསར་བརྗེ་ཨུ་ཡོན་ལྷན་ཁང་གསར་བ་བཙུགས།

སྤྱི་ལོ1973ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རིག་སློབ་དཔྱོད་ཚན་ཆུང་གི་ཚན་རྩལ་ཚན་ཆུང་ཀྲུང་གོའི་ཚན་རིག་གླིང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1975ལོའི་ཟླ6པའི་ཚེས20ཉིན། ཀྲུང་གོའི་ཚན་རིག་གླིང་གིས་སྤྱི་ལོ1968ལོར་རྒྱལ་སྲུང་སྡེ་ཁག་ལ་སྤྲད་པའི་ཚན་རིག་ཞིབ་འཇུག་གི་ལས་དོན་ལས་ཁུངས་སུམ་ཅུའི་ནང་གི་དྲུག་རྒྱལ་སྲུང་སྡེ་ཁག་ནས་ཕྱིར་བླངས།

སྤྱི་ལོ1975ལོའི་ཟླ7པ་ནས་ཟླ11པའི་བར། ཧུའུ་ཡུས་པང་སོགས་ཀྱིས་ཀྲུང་གོའི་ཚན་རིག་གླིང་དག་ཐེར་བྱས།

སྤྱི་ལོ1977ལོའི་ཟླ5པར། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པུའུ་དེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དུ་བསྒྱུར།

སྤྱི་ལོ1977ལོའི་ཟླ8པར། ཀྲུང་གོའི་ཚན་རིག་གླིང་དང་སློབ་གསོ་པུའུ་ཡིས་ཏེང་ཞའོ་ཕིང་གི་མངགས་བཅོལ་ལྟར་ཚན་རིག་སློབ་དཔྱོད་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

སྤྱི་ལོ1977ལོའི་ཟླ9པའི་ཚེས18ཉིན་ནས་བཟུང་། ཀྲུང་གོའི་ཚན་རིག་གླིང་གིས་དེ་སྔའི་རྒྱལ་ཁབ་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་འགན་ནུས་འཁུར་མི་དགོས་པར་ཐག་བཅད།

སྤྱི་ལོ1978ལོའི་ཟླ3པའི་ཚེས1ཉིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་གསར་དུ་བཙུགས་པའི་ཀྲུང་གོ་གསར་པའི་ཞིབ་འཇུག་སློབ་མའི་སློབ་གླིང་དང་པོ་སྟེ་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གླིང་པེ་ཅིང་དུ་བཙུགས་པ་དང་། སྤྱི་ལོ1982ལོའི་ཟླ5པར། ཀྲུང་གོའི་ཚན་རིག་གླིང་གི་ཏང་ཙུའུ་ཡིས་ཆོག་མཆན་ཐོབ་པ་དང་མཉམ་དུ་ཀྲུང་གོའི་ཚན་རིག་གླིང་གི་ཞིབ་འཇུག་སློབ་མའི་སློབ་གླིང་དང་། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གླིང་ཞེས་པའི་མིང་བཀོལ་པ་དང་། སྤྱི་ལོ2000ལོའི་ཟླ12པར་སློབ་གྲྭའི་མིང་དེ་ཀྲུང་གོའི་ཚན་རིག་གླིང་གི་ཞིབ་འཇུག་སློབ་མའི་སློབ་གླིང་ཞེས་བསྒྱུར། སྤྱི་ལོ2012ལོའི་ཟླ6པའི་ཚེས27ཉིན། ཀྲུང་གོའི་ཚན་རིག་གླིང་སློབ་ཆེན་ཞེས་བསྒྱུར།

2 རྩ་འཛུགས་མ་ལག
2_1 ལས་ཁུངས་ཀྱི་ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2016ལོའི་ཟླ1པོའི་ཀྲུང་གོའི་ཚན་རིག་གླིང་གི་གཞུང་ཕྱོགས་དྲ་ཚིགས་སུ་གཞིགས་ན། ཀྲུང་གོའི་ཚན་རིག་གླིང་ལ་ལས་ཁུངས13དང་། ཡན་ལག་ཞིབ་འཇུག་ཁང12 ཞིབ་འཇུག་སྡེ་ཁག114 སློབ་གྲྭ་དང་སྤྱི་པའི་འདེགས་སྐྱོར་སྡེ་ཁག7 སྡེ་ཁག་གཞན་པ4 མཉམ་བཙུགས་སྡེ་ཁག12བཅས་ཡོད་པ་དང་། ཀྲུང་གོའི་ཚན་རིག་གླིང་གིས་ཐད་ཀར་མ་རྩ་བཞག་པ་དང་མ་རྐང་ཚོད་འཛིན་བྱས་ཡོད་པའི་ཁེ་ལས22 རིགས་བཞི་པའི་ལས་ཁུངས34 ཁྲིམས་མི་མིན་པའི་སྡེ་ཁག113 འབྲེལ་ཡོད་རྩ་འཛུགས5བཅས་ཡོད།

ཀྲུང་གོའི་ཚན་རིག་གླིང་གི་ཡན་ལག་ཞིབ་འཇུག་ཁང་ལ། ཀྲུང་གོའི་ཚན་རིག་གླིང་གི་པེ་ཅིང་ཡན་ལག་ཞིབ་འཇུག་ཁང་དང་།  ཀྲུང་གོའི་ཚན་རིག་གླིང་གི་ཧྲེན་དབྱང་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ཁྲང་ཁྲུན་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་ཧྲང་ཧའེ་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ནན་ཅིང་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ཝུའུ་ཧན་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ཀོང་ཀྲོའུ་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ཁུན་མིང་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ཁྲིན་ཏུའུ་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ཤིས་ཨན་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ལན་ཀྲོའུ་ཡན་ལག་ཞིབ་འཇུག་ཁང་། ཀྲུང་གོའི་ཚན་རིག་གླིང་གི་ཤིན་ཅང་ཡན་ལག་ཞིབ་འཇུག་ཁང་བཅས་ཡོད།

སློབ་གྲྭ་དང་སྤྱི་པའི་འདེགས་སྐྱོར་ཚན་ཁག་ལ། ཀྲུང་གོའི་ཚན་རིག་གླིང་སློབ་ཆེན་དང་། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན། རྩིས་འཁོར་དྲ་རྒྱའི་ཆ་འཕྲིན་ལྟེ་གནས། ཡིག་ཚང་གསང་འཕྲིན་ལྟེ་གནས། ལན་ཀྲོའུ་ཡིག་ཚང་གསང་འཕྲིན་ལྟེ་གནས། ཁྲིན་ཏུའུ་ཡིག་ཚང་གསང་འཕྲིན་ལྟེ་གནས། ཝུའུ་ཧན་ཡིག་ཚང་གསང་འཕྲིན་ལྟེ་གནས་བཅས་ཡོད།

2_2 རིག་གཞུང་པུའུ་ཡི་ཡོན་ཧྲི།

སྤྱི་ལོ2017ལོའི་ཟླ11པོའི་ཀྲུང་གོའི་ཚན་རིག་གླིང་གི་གཞུང་ཕྱོགས་དྲ་ཚིགས་སུ་གཞིགས་ན། ཀྲུང་གོའི་ཚན་རིག་གླིང་ལ་ཡོན་ཧྲི800ཡོད་པ་དང་། དེའི་ཁྲོད་དུ་རྩིས་རིག་དང་དངོས་ལུགས་རིག་པའི་རིག་གཞུང་པུའུ་ཡི་ཡོན་ཧྲི154 རྫས་འགྱུར་རིག་པའི་རིག་གཞུང་པུའུ་ཡི་ཡོན་ཧྲི128 ཚེ་སྲོག་ཚན་རིག་དང་གསོ་རིག་རིག་གཞུང་པུའུ་ཡི་ཡོན་ཧྲི150 ས་གཤིས་རིག་པའི་རིག་གཞུང་པུའུ་ཡི་ཡོན་ཧྲི132 ཆ་འཕྲིན་ལག་རྩལ་ཚན་རིག་རིག་གཞུང་པུའུ་ཡི་ཡོན་ཧྲི95 ལག་རྩལ་ཚན་རིག་རིག་གཞུང་པུའུ་ཡི་ཡོན་ཧྲི141བཅས་ཡོད་པ་དང་། གཞན་ཡང་ཀྲུང་གོའི་ཚན་རིག་གླིང་ལ་ཕྱིའི་རྒྱལ་ཁོངས་ཀྱི་ཡོན་ཧྲི82ཡོད།

སྤྱི་ལོ2017ལོའི་ཟླ11པའི་བར་དུ། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲིའི་བྱ་བ་གཉེར་སའི་ས་ཁུལ་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་སོགས25རུ་ཁྱབ་ཡོད་ལ། པེ་ཅིང་གྲོང་ཁྱེར་དུ་མི386 ཧྲང་ཧའེ་གྲོང་ཁྱེར་དུ་མི96 ཅང་སུའུ་ཞིང་ཆེན་དུ་མི41 ཧུའུ་པེ་ཞིང་ཆེན་དུ་མི24 ཧྲན་ཞི་ཞིང་ཆེན་དུ་མི20 ལིའོ་ཉིང་ཞིང་ཆེན་དུ་མི19 ཀོང་ཏུང་ཞིང་ཆེན་དུ་མི17བཅས་ཡོད། གོང་གི་ཞིང་ཆེན་དང་། ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་འདི་དག་ལ་ཁྱོན་བསྡོམས་པའི་ཡོན་ཧྲི603ཡོད་ལ། དེས་ཡོན་ཧྲི་ཡོངས་ཀྱི81%ཟིན་ཡོད། ཡོན་ཧྲིའི་ཕོ་མོའི་བསྡུར་ཚད་དེ་སྐྱེས་པས94%ཟིན་ཡོད་པ་དང་བུད་མེད་ཀྱིས6%ཟིན་ཡོད། ཡོན་ཧྲིའི་ཆ་སྙོམས་ལོ་ཚོད་ནི་ལོ74ཡིན།

3 ཚན་རིག་ཞིབ་འཇུག
3_1 གསར་གཏོད་སྡེ་ཚན།

གལ་ཆེའི་ཚན་རྩལ་རྨང་གཞིའི་སྒྲིག་ཆས།

སྤྱི་ལོ2016ལོའི་ཟླ1པོའི་ཀྲུང་གོའི་ཚན་རིག་གླིང་གི་གཞུང་ཕྱོགས་དྲ་ཚིགས་སུ་གཞིགས་ན། ཚན་རྩལ་གྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་འཁོར་སྐྱོད་སྒྲིག་ཆས13དང་། འཛུགས་སྐྲུན་བྱེད་བཞིན་པའི་སྒྲིག་ཆས9 འཛུགས་སྐྲུན་བྱ་རྒྱུ་ཡིན་པའི་སྒྲིག་ཆས1བཅས་ཡོད། སྤྱོད་སྒོ་གཙོ་བོ་ལྟར་ན། སྒྲིག་ཆས་ལ་རིགས་གསུམ་དུ་དབྱེ་ཆོག་ལ། རིགས་དང་པོ་ནི་ཚན་རིག་ལག་རྩལ་གྱི་མདུན་གྲལ་ཁྱབ་ཁོངས་སམ་མདུན་གྲལ་གྱི་ཞིབ་འཇུག་ཁ་ཕྱོགས་སུ་སྤྱོད་པའི་ཆེད་སྤྱོད་ཞིབ་འཇུག་སྒྲིག་ཆས8དང་། རིགས་གཉིས་པ་ནི་རིག་ཚན་མང་པོའི་ཁྱབ་ཁོངས་ཀྱི་ཚན་རིག་ཞིབ་འཇུག་ལ་འདེགས་སྐྱོར་བྱེད་པའི་སྤྱི་པའི་ཚོད་ལྟའི་སྒྲིག་ཆས་ཆེ་གྲས5 རིགས་གསུམ་པ་ནི་སྤྱི་ཕན་རང་བཞིན་གྱི་ཚན་རིག་ཞིབ་འཇུག་གི་ཕྱོགས་སུ་སྤྱོད་པའི་སྤྱི་ཕན་ཚན་རྩལ་སྒྲིག་ཆས7བཅས་ཡིན།

4 ཤེས་ལྡན་པ་གསོ་སྐྱོང་།
4_1 སློབ་གསོ་གསར་གཏོད།

སྤྱི་ལོ2016ལོའི་ཟླ1པོའི་ཀྲུང་གོའི་ཚན་རིག་གླིང་གི་གཞུང་ཕྱོགས་དྲ་ཚིགས་སུ་གཞིགས་ན། ཀྲུང་གོའི་ཚན་རིག་གླིང་གིས་ཤེས་བྱའི་དཔལ་འབྱོར་དུས་རབས་ཀྱི་གོ་སྐབས་དང་འགྲན་སློང་ལ་ཁ་གཏད་དེ་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཛུགས་རྒྱུའི་ཐད། ཤེས་བྱའི་གསར་གཏོད་བཟོ་སྐྲུན་དང“གསར་གཏོད2020”ལག་བསྟར་བྱེད་པ་དང་། ཞིབ་འཇུག་སློབ་མའི་ལམ་ལུགས་སྔོན་ལ་འཛུགས་པ། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་འཛུགས་པ། ཀྲུང་གོ་གསར་པའི་ཞིབ་འཇུག་སློབ་མའི་སློབ་གླིང་དང་པོ་འཛུགས་པ། བསླབ་གནས་ལམ་ལུགས་སྔོན་ལ་ལག་བསྟར་བྱེད་པ། འབུམ་རམས་པ་འཕར་མའི་ལམ་ལུགས་སྔོན་ལ་འཛུགས་པ་སོགས་ཀྱི་འཆར་བཀོད་བཏོན་པ་མ་ཟད། ཤེས་བྱ་གསར་གཏོད་བཟོ་སྐྲུན་ལག་བསྟར་དང“གསར་གཏོད2020”ཡི་ཚུན་ལ་སྤུས་ཚད་མཐོ་ལ་གཞི་ཁྱོན་ཚད་ལྡན་ཅན་གྱི་ཞིབ་འཇུག་སློབ་མའི་སློབ་གསོ་འཕེལ་རྒྱས་བཏང་སྟེ། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་དང་ཀྲུང་གོའི་ཚན་རིག་གླིང་སློབ་ཆེན(དེ་སྔའི་ཀྲུང་གོའི་ཚན་རིག་གླིང་གི་ཞིབ་འཇུག་སློབ་མའི་སློབ་གླིང)ལྟེ་བར་བཟུང་ནས་སློབ་གླིང་ཡོངས་དང་ཞིབ་འཇུག་སུའོ་ཡོངས་ལ་ཁྱབ་པའི་སློབ་གསོའི་མ་ལག་ཆགས་ཡོད་པ་དང་། སློབ་གྲྭར་ཡོད་པའི་ཞིབ་འཇུག་སློབ་མ་ཁྲི5.2ལྷག་ཡོད། རང་བྱུང་ཚན་རིག་གི་རིག་ཚན་མ་ལག་ཆ་ཚང་བ་ཞིག་བཙུགས་ཡོད། དངོས་ལུགས་དང་། རྫས་འགྱུར། རྒྱུ་ཆའི་ཚན་རིག རྩིས་རིག ཁོར་ཡུག་དང་སྐྱེ་ཁམས་རིག་པ། ཚན་རིག་སོགས་རིག་ཚན་ཧྲིལ་པོའི་ཆུ་ཚད་འཛམ་གླིང་གི་མདུན་གྲས་སུ་ཚུད་ཡོད།

5 ཚན་རིག་གླིང་འཛུགས་པའི་བྱེད་ཕྱོགས།

རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་ཤིག་ཡིན་པའི་ཆ་ནས། ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དུས་སྐབས་མི་འདྲ་བར་གཞིགས་ཏེ་སྔ་གཞུག་ཏུ་ཚན་རིག་གླིང་འཛུགས་པའི་བྱེད་ཕྱོགས5བཏོན་པ་སྟེ།

དང་པོ། མི་དམངས་སྲིད་གྲོས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ལྟར། དེ་སྔའི་ཚན་རིག་ཞིབ་འཇུག་ལས་ཁུངས་བསྒྱུར་བཅོས་བྱས་ཏེ་ཚན་རིག་འཛུགས་སྐྲུན་བྱེད་མཁན་གྱི་ཤེས་ཡོན་པ་གསོ་སྐྱོང་བྱས་ནས། ཚན་རིག་ཞིབ་འཇུག་གིས་དོན་དངོས་ཐོག་རྒྱལ་ཁབ་ཀྱི་བཟོ་ལས་དང་། ཞིང་ལས། ལུས་ཁམས་བདེ་སྲུང་། རྒྱལ་སྲུང་བྱ་གཞག་བཅས་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་བྱེད་ཐུབ་དགོས། (སྤྱི་ལོ1950ལོར)

གཉིས་པ། རྨང་གཞི་དང་མཐོར་འདེགས་གཙོ་བོར་བཟུང་ནས་རྒྱལ་དམངས་དཔལ་འབྱོར་དང་རྒྱལ་སྲུང་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས། (སྤྱི་ལོ1978ལོར)

གསུམ་པ། ཉེར་སྤྱོད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། ཧུར་བརྩོན་དང་གདམ་གསེས་ཡོད་པའི་སྒོ་ནས་བྱ་བ་འཕེལ་རྒྱས་གཏོང་པར་ཞུགས་པ་དང་། རྨང་གཞིའི་ཞིབ་འཇུག་ལ་མུ་མཐུད་དུ་མཐོང་ཆེན་བྱ་དགོས། (སྤྱི་ལོ1984ལོར)

བཞི་པ། སྟོབས་ཤུགས་གཙོ་བོ་རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ས་ཁུལ་དུ་རྩ་འཛུགས་བྱེད་པ་དང་། དུས་མཚུངས་སུ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རྨང་གཞིའི་ཞིབ་འཇུག་དང་ལག་རྩལ་མཐོ་གྲས་གསར་གཏོད་ཀྱི་ཕྱོགས་སུ་བཀོལ་དགོས། (སྤྱི་ལོ1987ལོར)

ལྔ་པ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཁ་ཕྱོགས་པ་དང་། འཛམ་གླིང་གི་ཚན་རིག་མདུན་གྲས་ལ་ཁ་ཕྱོགས་པ། ཐོག་མའི་ཚན་རིག་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། འགག་རྩའི་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་གི་ཚན་རྩལ་གྱི་ཡང་རྩེར་འཛེགས་ནས་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་བཅས་ལ་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྒྱང་ལྟའི་རང་བཞིན་བཅས་ལྡན་པའི་གསར་གཏོད་ཀྱི་བྱས་རྗེས་གལ་ཆེན་ཟམ་མི་ཆད་པར་འབུལ་དགོས། (སྤྱི་ལོ2002ལོར)

དྲུག་པ་ནི། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། རྒྱལ་དམངས་དཔལ་འབྱོར་ལ་ཁ་ཕྱོགས་པ། ཚན་རིག་ལག་རྩལ་གྱི་མཆོང་བསྐྱོད་འཕེལ་རྒྱས་སྔོན་ལ་མངོན་འགྱུར་བྱེད་པ། རྒྱལ་ཁབ་ཀྱི་གསར་གཏོད་ཤེས་ལྡན་མི་སྣའི་དཔུང་ཁག་སྔོན་ལ་འཛུགས་པ། རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཚན་རྩལ་རིག་མཛོད་སྔོན་ལ་འཛུགས་པ། རྒྱལ་སྤྱིའི་ཚན་རིག་ཞིབ་འཇུག་ལས་ཁུངས་རྩེ་གྲ་སྔོན་ལ་འཛུགས་སྐྲུན་བྱེད་དགོས། (སྤྱི་ལོ2015ལོར)

6 འགོ་ཁྲིད་ཚོགས་པ།
6_1 ད་ལྟའི་འགོ་ཁྲིད།

གླིང་གཙོ་དང་ཏང་ཙུའུ་ཧྲུའུ་ཅི།

པེ་ཁྲུན་ལི།

གླིང་གཙོ་གཞོན་པ།

ཏིང་ཀྲུང་ལི།

ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་གླིང་གཙོ་གཞོན་པ།

ཧོའུ་ཅན་གོ

གླིང་གཙོ་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།

ཀྲང་ཡ་ཕིང་།

གླིང་གཙོ་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།

ཞང་ལི་པིན།

གླིང་གཙོ་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།

ཀྲང་ཐའོ།

བཅའ་སྡོད་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་དང་ཏང་ཙུའུ་ཡི་ཁོངས་མི།

སུན་ཡེ་ཀང་།

གླིང་གཙོ་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི།

ལི་ཧྲུའུ་ཧྲེན།

ཏང་ཙུའུ་ཡི་ཁོངས་མི་དང་དྲུང་ཡིག་པ་ཆེན་མོ།

ཏེང་མའེ་ཚོན།

ཏང་ཙུའུ་ཡི་ཁོངས་མི་དང་དྲུང་ཡིག་པ་ཆེན་མོ་གཞོན་པ།

ཧོ་ཡན།

དྲུང་ཡིག་པ་ཆེན་མོ་གཞོན་པ།

ཝང་ཁེ་ཆང་།

དྲུང་ཡིག་པ་ཆེན་མོ་གཞོན་པ།

ཀའོ་ཧུང་ཅུན།

དྲུང་ཡིག་པ་ཆེན་མོ་གཞོན་པ།

ལི་ཧོ་ཧྥེང་།

6_2 གླིང་གཙོ་རིམ་བྱོན།

སྐབས་དང་པོའི་གླིང་གཙོ། ཀུའོ་མོ་རུའོ། སྤྱི་ལོ1949ལོའི་ཟླ10པ་ནས་སྤྱི་ལོ1978ལོའི་ཟླ6པའི་བར་གླིང་གཙོའི་འགན་བཞེས།

སྐབས་གཉིས་པའི་གླིང་གཙོ། ཧྥང་དབྱི།  སྤྱི་ལོ1979ལོའི་ཟླ7པ་ནས་སྤྱི་ལོ1981ལོའི་ཟླ5པའི་བར་གླིང་གཙོའི་འགན་བཞེས།

སྐབས་གསུམ་པའི་གླིང་གཙོ། ལུའུ་ཅ་ཞི། སྤྱི་ལོ1981ལོའི་ཟླ5པ་ནས་སྤྱི་ལོ1987ལོའི་ཟླ་དང་པོའི་བར་གླིང་གཙོའི་འགན་བཞེས།

སྐབས་བཞི་པའི་གླིང་གཙོ། ཀྲོའུ་ཀོང་ཝུའུ།  སྤྱི་ལོ1987ལོའི་ཟླ1པོ་ནས་སྤྱི་ལོ1997ལོའི་ཟླ7པའི་བར་གླིང་གཙོའི་འགན་བཞེས།

སྐབས་ལྔ་པའི་གླིང་གཙོ། ལམ་ཡུང་ཞང་། སྤྱི་ལོ1997ལོའི་ཟླ7པ་ནས་སྤྱི་ལོ2011ལོའི་ཟླ3པའི་བར་གླིང་གཙོའི་འགན་བཞེས།

སྐབས་དྲུག་པའི་གླིང་གཙོ། པེ་ཁྲུན་ལི། སྤྱི་ལོ2011ལོའི་ཟླ་3པར་གླིང་གཙོའི་འགན་བཞེས།

7 ཕུལ་བྱུང་སློབ་དཔོན།

ཀྲུང་གོའི་ཚན་རིག་ཁང་གིས་ཀྲུང་གོ་གསར་པའི་ཚན་རྩལ་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག་པའི་ཚན་རིག་པ་འབོར་ཆེན་ཞིག་མཉམ་དུ་འཛོམས་པ་དང་སྐྱེད་སྲིང་བྱས། དཔེར་ན་ཡུས་མིན་དང་། ཝང་ཏ་ཧེང་། ཝང་ཞི་ཅི། ཝང་ཀྲེང་ཁྲང་། ཏེང་ཅ་ཞན། ཀྲུའུ་ཀོང་ཡ། སུན་ཅ་ཏུང་། རེན་ཞིན་རྨིན། ཝུའུ་ཙི་ལིའང་། ཁྲེན་ཧྥང་ཡུན། ཁྲེན་ནེང་ཁོན། དབྱང་ཅ་ཆི། ཀྲོའུ་ཀོང་ཙུའུ། ཀྲའོ་ཅིའུ་ཀྲང་། ཆན་ཅི། ཆན་སན་ཆང་། ཆན་ཞུའེ་སེན། ཀུའོ་ཡུང་ཧོའེ། ཐུའུ་ཧྲོའུ་ཝུའུ། ཧོང་ཝེ་ལུའུ། ཁྲེང་ཁའེ་ཅ། ཕེང་ཧོན་ཝུའུ་སོགས་ཡོད།

རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་ཝུའུ་ཝུན་ཅུན་དང་། ཝང་ཧྲེན། ཧོང་ཁུན། ལིའུ་ཏུང་ཧྲེང་། ཡེ་ཏུའུ་ཀྲེང་། ཝུའུ་མེང་ཁྲའོ། ལི་ཀྲེན་ཧྲེང་། རྨིན་ཨེན་ཙེ། ཝུའུ་ཀྲེང་ཞུའེ། ཞུས་ཀོང་ཞན། ཀུའུ་ཁྲའོ་ཧའོ། སུན་ཅ་ཏུང་། ཧྲི་ཁྲང་ཞུས། ཞེ་ཅ་ལིན། ཝུའུ་ལིའང་ཡུང་། ཀྲེང་ཀྲི་རྨིན། ཀྲང་ཚུན་ཧའོ། ཁྲེང་ཁའེ་ཅ། ཡུས་རྨིན་བཅས་ཡོད།

ཀྲུང་གོ་གསར་པའི་རིག་ཚན་གྱི་རྨང་གཞི་འདིང་མཁན་དང་སྲོལ་འབྱེད་མཁན་ཧྭ་ལུའོ་ཀེང་དང་། སུའུ་པུའུ་ཆིང་། ཝུའུ་ཡིའུ་ཞུན། ཀྲོའུ་ཕེ་ཡོན། ཡན་ཅི་ཚི། ཀྲོང་ཁྲང་ཀུང་། ཙེང་ཀྲའོ་ལུན། ཀྲང་དབྱི་ཀྲི། ཀྲུའུ་ཁོ་ཀྲེན། པེ་ཧྲི་ཀྲང་། ཐུང་ཏི་ཀྲོའུ། ཧྥེང་ཏེ་ཕེ། ཆན་ཝེ་ཁྲང་། ལི་ཞིན། ཀྲོའུ་རེན་སོགས་ད་དུང་ཧྥེང་ཁང་དང་། ཝང་ཡིང་རོན། ཁྲེན་ཅིང་རུན་སོགས་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པའི་ཕུལ་བྱུང་ཚན་རིག་མཁས་ཅན་ཁག་གཅིག་ཡོད།

ཕྱི་རྒྱལ་གྱི་རྒྱལ་ཁོངས་འདོར་མཁན་གྱི་ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་དབྱང་ཀྲེན་ཉིང་དང་ཡའོ་ཧྲི་ཀྲི་ཡང་ཡོད།

དཔྱད་གཞིའི་ཡིག་ཆ།