དམག་དོན་ལོ་རྒྱུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-09 11:06ལ་འགྲུབ།

དམག་དོན་ལོ་རྒྱུས།

དམག་དོན་ལོ་རྒྱུས།
དམག་དོན་ལོ་རྒྱུས་ནི་ལོ་རྒྱུས་སྟེང་བྱུང་པའི་དམག་འཁྲུག་དང་དམག་དཔུང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་དེའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ལ། རིག་ཚན་ལྟར་དབྱེ་ན། དམག་འཁྲུག་གི་ལོ་རྒྱུས་དང་། དམག་དཔུང་འཛུགས་སྐྱོང་གི་ལོ་རྒྱུས། དམག་དོན་བསམ་བློའི་ལོ་རྒྱུས། དམག་དོན་ལག་རྩལ་གྱི་ལོ་རྒྱུས་སོགས་འདུས་ཡོད། དུས་རབས་ལྟར་དབྱེ་ན། གནའ་རབས་ཀྱི་དམག་དོན་ལོ་རྒྱུས་དང་། ཉེ་རབས་ཀྱི་དམག་དོན་ལོ་རྒྱུས། དེང་རབས་ཀྱི་དམག་དོན་ལོ་རྒྱུས་བཅས་ཚུད་ཡོད། ས་ཁོངས་ལྟར་དབྱེ་ན། ཀྲུང་གོའི་དམག་དོན་ལོ་རྒྱུས་དང་ཕྱི་རྒྱལ་གྱི་དམག་དོན་ལོ་རྒྱུས་སོགས་ཡོད། འཛམ་གླིང་གི་དམག་དོན་རྒྱལ་ཁབ་ཆེན་པོ་ཚང་མས་རིག་ཚན་དེ་དམག་དོན་སློབ་གྲྭ་ཆེན་མོའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། ཆེད་དུ་དེར་ཞིབ་འཇུག་བྱེད་སའི་ལས་ཁུངས་བཙུགས་ནས། ཉམས་མྱོང་ཕྱོགས་བསྡོམས་དང་མི་སྣ་གཙོ་སྐྱོང་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
军事历史
མཚན་ཉིད།
ལོ་རྒྱུས་རིག་པ་དང་དམག་དོན་རིག་པ་བསྣོལ་ནས་གྲུབ་པའི་རིག་ཚན་ཞིག་ཡིན།
ནང་དོན།
སྔོན་ཆད་ཀྱི་དམག་འཁྲུག་དང་དམག་དོན་བྱེད་སྒོ་གཞན་དག།
ངོ་བོ།
རྨང་གཞིའི་རང་བཞིན་གྱི་རིག་ཚན།
1 བྱེད་ནུས་དང་འཕེལ་རྒྱས།

དམག་དོན་ལོ་རྒྱུས་ཀྱི་ཞིབ་འཇུག་གིས་དངོས་ཡོད་ཀྱི་དམག་དོན་བྱེད་སྒོ་དང་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ལོ་རྒྱུས་ཀྱི་དཔྱད་གཞི་མཁོ་སྤྲོད་དང་བློ་སྒོ་འབྱེད་པའི་ནུས་པ་ཐོན་ཡོད། ལོ་རྒྱུས་རིག་པ་དང་དམག་དོན་རིག་པ་ཕན་ཚུན་བསྣོལ་ནས་གྲུབ་པའི་རིག་ཚན་ཞིག་ཡིན་པའི་ཆ་ནས། དམག་དོན་ལོ་རྒྱུས་ཀྱི་གྲུབ་རིམ་ལ་དུས་ཡུན་རིང་པོ་ཞིག་བརྒྱུད་ཡོད། གནའ་རབས་ཀྱི་དུས་སུ། དམག་དོན་གྱི་ལོ་རྒྱུས་ནི་གཞི་རྩའི་ཐོག་ལོ་རྒྱུས་རིག་པའི་ནང་དོན་གཙོ་བོ་ཞིག་ལ་བརྩིས་ནས་གནས་ཡོད། རྗེས་སུ་ལོ་རྒྱུས་རིག་པའི་གཞུང་ལུགས་དང་དམག་དོན་གཞུང་ལུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་རྒྱས་བྱུང་སྟེ། དམག་དོན་ལོ་རྒྱུས་དེ་ལོ་རྒྱུས་རིག་པའི་ཁྲོད་ནས་ལོགས་སུ་ཕྱེས་ནས། རང་ཚུགས་ཀྱི་དམག་དོན་རིག་པའི་རིག་ཚན་ཞིག་ཏུ་གྲུབ། དུས་རབས20པའི་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ། ད་དུང་དམག་འཁྲུག་མཇུག་བསྒྲིལ་རྗེས་ཀྱི་ས་ཁུལ་བྱེ་བྲག་པའི་དམག་འཁྲུག་སོགས་ཀྱིས་དམག་དོན་ལོ་རྒྱུས་རིག་ཚན་གྱི་འཕེལ་རྒྱས་ལ་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་བསྐྲུན། གཞན་ཡང་རྒྱལ་ཁབ་ཁག་གི་དམག་དོན་ལོ་རྒྱུས་ཀྱི་གསུང་རྩོམ་འབོར་ཆེན་དཔེ་སྐྲུན་བྱས་ནས་དམག་དོན་ལོ་རྒྱུས་ཀྱི་རིག་ཚན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་པ་དང་། དམག་དོན་ལོ་རྒྱུས་ནི་རྨང་གཞིའི་རང་བཞིན་གྱི་རིག་ཚན་ཞིག་ཡིན་ལ། དེས་ཁྱིམ་མཚེས་རིག་ཚན་གྱི་ཞིབ་འཇུག་ལ་ལོ་རྒྱུས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པ་དང་། ཁྱིམ་མཚེས་རིག་ཚན་གྱི་འཕེལ་རྒྱས་ཀྱིས་དམག་དོན་ལོ་རྒྱུས་རིག་ཚན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།