གཞུང་ཞབས་པ།(རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱོད་པ་དང་རྒྱལ་ཁབ་ཀྱི་གཞུང་དོན་སྒྲུབ་པའི་མི་སྣ)སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2019-11-28 10:04ལ་འགྲུབ།

གཞུང་ཞབས་པ།(རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱོད་པ་དང་རྒྱལ་ཁབ་ཀྱི་གཞུང་དོན་སྒྲུབ་པའི་མི་སྣ)

གཞུང་ཞབས་པ།(རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་སྤྱོད་པ་དང་རྒྱལ་ཁབ་ཀྱི་གཞུང་དོན་སྒྲུབ་པའི་མི་སྣ)
གཞུང་ཞབས་པའི་མིང་ཡོངས་ལ་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཟེར་ཞིང་། རྒྱལ་ཁབ་ཁག་གིས་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ། རྒྱལ་ཁབ་ཀྱི་སྤྱིའི་ཐོན་ཁུངས་གཅིག་གྱུར་གྱིས་དོ་དམ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་འོས་འགན་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཞིག་ཡིན། ཀྲུང་གོར་གཞུང་ཞབས་པ་ཞེས་པ་ནི་ཁྲིམས་ལྟར་གཞུང་གི་ལས་འགན་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་ནང་བཅུག་པ། རྒྱལ་ཁབ་ནོར་སྲིད་ཀྱིས་གླ་ཕོགས་དང་ཕན་བདེ་སྤྲོད་པའི་ལས་དོན་མི་སྣར་ཟེར། གཞུང་ཞབས་པའི་ལས་གནས་ལ་ལས་གནས་ཀྱི་ངོ་བོ་དང་། ཁྱད་ཆོས། དོ་དམ་བཅས་ཀྱི་དགོས་མཁོར་གཞིགས་ནས་ཕྱོགས་བསྡུས་དོ་དམ་རིགས་དང་། ཆེད་ལས་ལག་རྩལ་རིགས། སྲིད་འཛིན་ཁྲིམས་སྒྱུར་རིགས་སོགས་དབྱེ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྐོར་གྱི་བཅའ་ཁྲིམས་ལ་གཞིགས་ནས་དེའི་གོ་གནས་དམིགས་བསལ་གྱི་རང་བཞིན་ལ་ལོགས་སུ་དོ་དམ་བྱ་དགོས། མི་དོན་ཅུའུ་ཡིས་ཟླ5ཚེས30ཉིན་ཁྱབ་བསྒྲགས་བྱས་པའི《སྤྱི་ལོ2015ལོའི་ལོ་འཁོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》ལས་མངོན་པར་གཞིགས་ན། སྤྱི་ལོ2016ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཁྱོན་གཞུང་ཞབས་པ་ཁྲི719ཡོད་པ་རེད། སྤྱི་ལོ2019ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིན་གིས《གཞུང་ཞབས་པའི་གོ་གནས་དང་གོ་གནས་རིམ་པའི་གཏན་འབེབས》པར་འགྲེམས་བྱས་པ་དང་འབྲེལ་ས་གནས་ཁག་དང་སྡེ་ཚན་ཁག་ལ་བརྩི་སྲུང་དང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
公务员、国家公务员
ཕྱི་ཡིག་གི་མིང་།
Civil servants
འགན་ནུས་གཙོ་བོ།
སྤྱི་ཚོགས་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་སྤྱིའི་ཐོན་ཁུངས་དོ་དམ།
བསྡུ་ལེན་བྱེད་ཐབས།
བསྡུ་ལེན་དང་། ལས་བསྒྱུར་བསྐོ་གཞག  གདན་བསྐོ །
ཚད་རིམ་མཐོ་ཤོས།
ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས།
ཚད་རིམ་དམའ་ཤོས།
ཞང་དང་གྲོང་རྡལ་གྱི་ལས་ཁུངས།
མི་གྲངས།
སྤྱི་ལོ2016ལོའི་ལོ་མཇུག་བར་དུ་མི་ཁྲི719ལྷག་ཡོད།
དཀར་ཆག
1   གཞུང་ཞབས་པའི་དབྱེ་མཚམས་ཚད་གཞི་དང་ཁྱབ་ཁོངས།
1.1 ཁྲིམས་ལྟར་གཞུང་གི་ལས་འགན་བསྒྲུབ་དགོས།
1.2 རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་སུ་འཇུག་དགོས།
1.3 ​རྒྱལ་ཁབ་ནོར་སྲིད་ཀྱིས་གླ་ཕོགས་དང་ཕན་བདེའི་འགན་འཁུར་དགོས།
2   གཞུང་ཞབས་པའི་ལམ་ལུགས།
2.1 རྒྱལ་ཁབ་ཀྱི་གཞུང་ཞབས་པ།
3   ཁྱབ་ཁོངས་གཏན་འཁེལ།
4   གཞི་རྩའི་བྱང་ཚད།
5   ཆབ་སྲིད་ཀྱི་བྱང་ཚད།
6   ཆེད་ལས་ཤེས་བྱ།
7   སེམས་ཁམས་ཀྱི་བྱང་ཚད།
8   འོས་འགན་སྒྲུབ་པ།
9   གནས་བསྒྱུར་བསྐོ་གཞག་ཆ་རྐྱེན།
10   སྤྱིའི་དོན་ཚན།
11   གནས་སྤོར་བསྐོ་གཞག་གི་ཐོབ་ཐང་ཆ་རྐྱེན།
12   བསྐོ་འཐེན་ལས་རིམ།
13   གོ་གནས་འཕར་བའི་ཆ་རྐྱེན།
13.1 གཞུང་ཞབས་པའི་རིམ་པ།
13.2 གོ་གནས་དང་འགན་རིམ།
14   ཚད་རིམ་གཏན་འབེབས།
15   རིམ་པ 27
15.1 ཆེད་ལས་ལག་རྩལ་རིགས་ཀྱི་གཞུང་ཞབས་པ།
15.2 སྲིད་འཛིན་ཁྲིམས་བསྟར་རིགས་ཀྱི་གཞུང་ཞབས་པ།
16   གླ་ཕོགས་གནས་ཚུལ།
16.1 གླ་ཆའི་གྲུབ་ཆ།
16.2 བྱ་གཞག་ཚན་ཁག།
17   འདེམས་སྤོར་སློབ་མ།
18   མིང་ཐོ་འགོད་པའི་ཆ་རྐྱེན།
19   གསོ་སྐྱོང་དམིགས་འབེན།
20   འདེམས་སྒྲུག་ལས་རིམ།
21   འཕེལ་རྒྱས་ཀྱི་མདུན་ལྗོངས།
22   བསྒྱུར་བཅོས་གནས་ཚུལ།


1 གཞུང་ཞབས་པའི་དབྱེ་མཚམས་ཚད་གཞི་དང་ཁྱབ་ཁོངས།

གཞུང་ཞབས་པའི་ཁྱབ་ཁོངས་ཀྱི་བསམ་འཆར་མི་འདྲ་བ་སྣ་ཚོགས་ལ་དམིགས་ཏེ་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞིབ་འཇུག་ཡང་ཡང་བྱས་པ་བརྒྱུད་ལས་བྱེད་པའི་དོ་དམ་ལམ་ལུགས་དེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ནང་གནས་ཡོད། གཞུང་ཞབས་པའི་ཁྱབ་ཁོངས་དེ་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཀྱི་འཕེལ་རིམ་དང་འཚམ་དགོས་པ་དང་། རང་རྒྱལ་གྱི་ད་ལྟའི་དུས་མཚམས་ཀྱི་ལས་བྱེད་པའི་དོ་དམ་སྒྲིག་སྲོལ་དང་གཞུང་ཞབས་པའི་འཆར་ཟིན་གྱི་གཏན་འབེབས་གནས་ཚུལ་ལ་གཞིགས་ནས་འཆར་ཟིན་ནང་གཏན་འབེབས་བྱས་པའི་ཁྱབ་ཁོངས་རྒྱུན་འཁྱོངས་བྱེད་དགོས་པ། དེ་དང་ཆབས་ཅིག་གཞུང་ཞབས་པའི་མཚན་ཉིད་སྐོར་གྱི་ཞིབ་གླེང་ལ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཚད་ལྡན་གྱི་གཞུང་ཞབས་པའི་ཁྱབ་ཁོངས་དང་མཐུན་པ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། མཇུག་མཐར་བསམ་འཆར་འདི་དང་ལེན་བྱས།

གཞུང་ཞབས་པའི་བཅའ་ཁྲིམས་ནང“བཅའ་ཁྲིམས་འདིའི་ནང་འཁོད་པའི་གཞུང་ཞབས་པ་ཞེས་པ་ནི་ཁྲིམས་ལྟར་གཞུང་དོན་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་ནང་བཅུག་པ། རྒྱལ་ཁབ་ནོར་སྲིད་ཀྱིས་གླ་ཕོགས་དང་ཕན་བདེ་སྤྲོད་པའི་ལས་དོན་མི་སྣར་ཟེར”གོང་གསལ་གཏན་འབེབས་གཞིར་བཟུང་ནས་གཞུང་ཞབས་པར་གཏོགས་མིན་ཐད་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པ་སྟེ།

1_1 ཁྲིམས་ལྟར་གཞུང་གི་ལས་འགན་བསྒྲུབ་དགོས།

ཁྲིམས་ལྟར་གཞུང་དོན་སྒྲུབ་མཁན་གྱིས་རང་ཉིད་ཀྱི་ཆེད་དུ་ལས་ཀ་བྱེད་པ་མིན་ལ་མི་སྒེར་གྱི་ཁེ་ལས་ཤིག་གམ་ཡང་ན་རྩ་འཛུགས་ཤིག་གི་ཆེད་དུ་ལས་ཀ་བྱེད་པའམ་ཡང་ན་ཞབས་འདེགས་ཞུ་བའང་མིན། འདིར་བརྟེན་སའི“ཁྲིམས”ནི་ཁྱབ་ཆེ་བའི“ཁྲིམས”ཞེས་པ་སྟེ། རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སོགས་ཚུད་ཡོད། རྩ་ཁྲིམས་ནང་ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་འགོ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་སྲིད་འཛིན་ཏང་ཡིན་པ་དང་། དམངས་གཙོའི་ཏང་ཤོག་ཁག་ནི་སྲིད་ཞུགས་ཏང་ཡིན། དེར་བརྟེན་སྲིད་ཏང་ལས་ཁུངས་དང་དེའི་ལས་དོན་མི་སྣས་བྱེད་སྟངས་མི་འདྲ་བའི་ཐོག་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ལས་དོན་ལ་ཐབས་ཇུས་འགོད་པ་དང་ལག་བསྟར་བྱེད་པའི་བྱེད་སྒོའི་ནང་ཞུགས་པ་དེའང་གཞུང་གི་ལས་འགན་སྒྲུབ་པའི་བྱ་སྤྱོད་ཅིག་རེད།

1_2 རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་སུ་འཇུག་དགོས།

གཞུང་གི་ལས་འགན་སྒྲུབ་པ་ཁོ་ན་ཚད་གཞིར་བཟུང་ན་ད་དུང་དབྱེ་མཚམས་གསལ་པོ་འབྱེད་མི་ཐུབ། རྒྱལ་ཁབ་ཀྱིས་གཉེར་བའི་བྱ་གཞག་ཚན་པའི་ནང་ལས་ཀ་བྱེད་མཁན་ཁག་གཅིག་གིས་གཞུང་དོན་གྱི་བྱེད་སྒོ་ཞིག་ཡིན་མོད། འོན་ཀྱང་རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་ཀྱི་གོ་རིམ་ནང་བཅུག་མེད་པས་གཞུང་ཞབས་པར་གཏན་འཁེལ་བྱེད་མི་ཐུབ། ངེས་པར་དུ་རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་ཀྱི་གོ་རིམ་ནང་འཇུག་པ་དང་གཞུང་གི་ལས་འགན་སྒྲུབ་པའི་མི་སྣ་ཡིན་དགོས། ད་དུང་སྲིད་ཁྲིམས་སྒྲིག་ཁོངས་དང་། རྒྱལ་ཁབ་ཀྱི་སྒྲིག་ཁོངས། ལས་ཁུངས་ཀྱི་སྒྲིག་ཁོངས་སོགས་ཡོད། འདིར་བརྗོད་པའི“སྒྲིག་ཁུངས”ནི་རྒྱལ་ཁབ་ཀྱི་སྒྲིག་ཁོངས་དོ་དམ་ལས་ཁུངས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་པའི་ལས་ཁུངས་ཀྱི་གོ་རིམ་དང་མི་སྣ་སྣ་ཚོགས་ལ་ཟེར་ཞིང་། སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་ཁོངས་ཁོ་ན་ཙམ་མིན།

1_3 ​རྒྱལ་ཁབ་ནོར་སྲིད་ཀྱིས་གླ་ཕོགས་དང་ཕན་བདེའི་འགན་འཁུར་དགོས།

དེ་ཡང་གསལ་པོར་བཤད་ན་རྒྱལ་ཁབ་ཀྱིས་ཁོ་ཚོར་གླ་ཕོགས་དང་། ལས་འཁྱུར་ངལ་གསོ། ཕན་བདེ་སོགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་དགོས། གཞུང་ཞབས་པ་ནི་རྒྱལ་ཁབ་ནོར་སྲིད་ཀྱིས་འཚོ་སྐྱོང་བྱེད་པའི་མི་སྣར་གཏོགས་མོད། འོན་ཀྱང་ནོར་སྲིད་ཀྱིས་འཚོ་སྐྱོང་བྱེད་པའི་མི་སྣ་ཚང་མ་གཞུང་ཞབས་པ་ཡིན། ནོར་སྲིད་ཀྱིས་འཚོ་སྐྱོང་བྱེད་པའི་མི་སྣའི་ཆ་ཤས་ཧ་ཅང་ཆེ་བ་དཔེར་ན། གཞུང་བཙུགས་སློབ་གྲྭའི་དགེ་རྒན་དང་ཚན་རིག་ཞིབ་འཇུག་ཁང་གི་ཚན་རིག་ཞིབ་འཇུག་མི་སྣ་སོགས་ལ་རྒྱལ་ཁབ་ཀྱིས་གླ་ཕོགས་དང་ཕན་བདེ་སྤྲོད་འགན་འཁུར་དགོས་མོད། འོན་ཀྱང་གཞུང་ཞབས་པའི་ཁོངས་སུ་མི་གཏོགས། གང་ལགས་ཤེ་ན། ཁོ་ཚོར་ཆ་རྐྱེན་གཞན་པ་གཉིས་ཡོད་པའི་རྐྱེན་གྱིས་རེད།

2 གཞུང་ཞབས་པའི་ལམ་ལུགས།
2_1 རྒྱལ་ཁབ་ཀྱི་གཞུང་ཞབས་པ།

“གཞུང་ཞབས་པ”ནི་འཇར་པན་གྱི་ཡི་གེ“གཞུང་ཞབས་པ(こうむいん)”ནས་སྐད་སྒྱུར་བྱས་པ་དང་།  འཇར་པན་གྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྔོན་དུ་“ཞི་དཔོན”ཞེས་འབོད་པ་དང་། དམག་འཁྲུག་མཇུག་བསྒྲིལ་རྗེས“གཞུང་ཞབས་པ”ཞེས་པར་བསྒྱུར། ཧྥ་རན་སར“གཞུང་ཞབས་པ”ཟེར་བ་དང་། འཇར་མན་ལ“མཉམ་འབྲེལ་གཞུང་ཞབས་པ”འམ་ཡང་ན“མཉམ་འབྲེལ་དཔོན་རིགས”ཞེས་བརྗོད་ཀྱི་ཡོད། དེང་སྐབས་འཛམ་གླིང་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁ་ཤས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ཁབ་ལ་ལད་ཟློས་བྱས་ནས་རང་ཉིད་ཀྱི་གཞུང་ཞབས་པའི་ལམ་ལུགས་བཙུགས་ཏེ་སྲིད་གཞུང་ནང་གཞུང་དོན་སྒྲུབ་མཁན་ལ“གཞུང་ཞབས་པ”ཟེར་གྱི་ཡོད།

འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་རྗེས་ཀྱི་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང(དུས་རབས19པའི་དུས་མཇུག་བར)སྲིད་གཞུང་གི་དོ་དམ་འགན་ནུས་ཧ་ཅང་ཉུང་ཉུང་ཡིན་ཞིང་། གཙོ་བོ་ནི་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་ནས“མཚན་མོ་སྲུང་མཁན”བྱེད་ཀྱི་ཡོད། གཞུང་ལས་མི་སྣའི་གོ་གནས་བསྐོ་གཞག་བྱ་རྒྱུ་དེ་སྔར་བཞིན་བསྐོ་གཞག་བྱ་རྒྱུ་གཙོ་བོར་འཛིན་དགོས། བྱེ་བྲག་ཏུ་དབྱེ་ན་གཤམ་གྱི་བྱེད་ཐབས་གསུམ་ཡོད།

གཅིག  རྒྱལ་པོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཏུ་དཔོན་གནས་ནི་རྒྱལ་པོས་བསྩལ་བ་དང་སྐུ་དྲག་གིས་བསྩལ་བ་འམ་ཡང་ན་རྒྱུད་འཛིན་བྱེད་པ།

གཉིས།  སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཏུ་ཙུང་ཐུང་སོགས་སྲིད་འཛིན་དཔོན་གྱིས་ཐག་གཅོད་བྱེད་པ།

གསུམ།  དེང་རབས་འབྱོར་ལྡན་གྲལ་རིམ་གྱི་སྲིད་ཏང་ལམ་ལུགས་བཙུགས་རྗེས། སྲིད་ཏང་ཆབ་སྲིད་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་བགོ་བཤའ་ལ་ཁ་ལོ་སྒྱུར་བཞིན་ཡོད་ལ། སྲིད་གཞུང་གིས་ཀྱང་སྲིད་འཛིན་ཏང་བརྗེ་རེས་བྱེད་པ་དང་བསྟུན་ནས་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད། དཔོན་པོའི་གོ་གནས་དང་སྲིད་ཏང་གི་རྒྱུ་ནོར་བགོས་ནས་ལྐོག་ཟ་དང་རུལ་སུངས་སུ་གྱུར་ཡོད། རྒྱབ་ལྗོངས་འདི་འདྲའི་འོག་ཏུ་རྒྱལ་ཁབ་ཀྱི་དོ་དམ་ལ་ཚན་རིག་དང་མཐུན་པའི་ཚད་ལྡན་དང་བབ་མཚུངས་ཀྱི་ལམ་ལུགས་ཆགས་མེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ལམ་ལུགས་དེ་དབྱིན་ཇིའི་ཞི་དཔོན་ལམ་ལུགས་དང་། ཡོངས་ཁྱབ་ཏུ་འཛམ་གླིང་ཐོག་ཡིག་རྒྱུགས་ཀྱི་རྣམ་པའི་ཐོག་ནས་ཕབ་སྔ་ཤོས་ནི་ཀྲུང་གོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སུའེ་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་གོར་དཔོན་རིགས་དང་དམག་མིས་ཞི་དཔོན་དང་དྲག་དཔོན་འདེམས་སྒྲུག་བྱས་པ་དང་། དེ་རྗེས་ཚན་འདེམ་ལམ་ལུགས་ཀྱང་ཡོད། གཞུང་ཞབས་པའི་ལམ་ལུགས་གསར་དུ་བཙུགས་པ་སྟེ། དུས་རབས19པའི་རྗེས་ཀྱི་ལོ30ནང་དུ། ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་ཐེངས་གཉིས་ཀྱི་སྐུལ་འདེད་འོག་ཏུ། བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་སྟེ། མ་རྩ་རིང་ལུགས་སྒེར་སྡེམ་གྱི་དུས་རིམ་དུ་སླེབས་པ་རེད། “དབྱི་ཧུའེ་གྲོས་ཚོགས”ཀྱི་དུས་རབས་མཇུག་བསྒྲིལ་རྗེས་དེ་དང་བསྟུན་ནས་“སྲིད་འཛིན་སྒེར་གཅོད” བྱུང་བ་རེད། རྒྱལ་ཁབ་ཀྱི་སྲིད་འཛིན་དོ་དམ་འགན་ནུས་མགྱོགས་མྱུར་ངང་ཆེ་རུ་ཕྱིན་པ་དང་། གཞུང་དོན་བསྐོ་སྤྱོད་ལམ་ལུགས་སྒྱུར་བཅོས་བྱས་ནས་སྲིད་འཛིན་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས། དུས་རབས19པའི་དུས་མཇུག་དང་དུས་རབས20པའི་དུས་འགོར། ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཙོ་བོ་འགས་སྔ་གཞུག་ཏུ་གཞུང་ཞབས་པའི་ལམ་ལུགས་བཙུགས།

3 ཁྱབ་ཁོངས་གཏན་འཁེལ།

དོན་ཚན་དང་པོ། གཞུང་ཞབས་པའི་ཁྱབ་ཁོངས་ཁ་གསལ་བཟོ་བ་དང་གཞུང་ཞབས་པའི་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》གཞིར་བཟུང་གཏན་འབེབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། གཞུང་ཞབས་པའི་ཁྱབ་ཁོངས་ནང་བཅུག་པའི་ལས་དོན་མི་སྣས་ངེས་པར་དུ་གཤམ་གསལ་ཆ་རྐྱེན་དང་མཐུན་དགོས་པ་སྟེ།

(གཅིག) ཁྲིམས་ལྟར་གཞུང་གི་ལས་འགན་བསྒྲུབ་དགོས།

(གཉིས) རྒྱལ་ཁབ་ཀྱི་སྲིད་འཛིན་སྒྲིག་ཁོངས་ནང་འཇུག་དགོས།

(གསུམ) རྒྱལ་ཁབ་ཀྱི་ནོར་སྲིད་ནས་གླ་ཕོགས་དང་ཕན་བདེ་སྤྲོད་འགན་འཁུར་དགོས།

དོན་ཚན་གསུམ་པ། གཤམ་གསལ་ལས་ཁུངས་ནང་གི་ཞབས་འདེགས་པ་ཕུད་པའི་ལས་བྱེད་མི་སྣ་རྣམས་གཞུང་ཞབས་པའི་ཁོངས་སུ་འཇུག་དགོས་པ་སྟེ།

(གཅིག) ཀྲུང་གོའི་གུང་ཁྲན་ཏང་གི་ཚད་རིམ་སོ་སོའི་ལས་ཁུངས་།

(གཉིས) ཚད་རིམ་སོ་སོ་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས།

(གསུམ) ཚད་རིམ་སོ་སོའི་སྲིད་འཛིན་ལས་ཁུངས།

(བཞི) ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ལས་ཁུངས།

(ལྔ) རིམ་པ་ཁག་གི་ལས་ཁུངས།

(དྲུག) ཞིབ་དཔྱོད་ལས་ཁུངས་རིམ་པ་ཁག

(བདུན) དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ལས་ཁུངས་རིམ་པ་ཁག

དོན་ཚན་བཞི་པ། ཀྲུང་གོའི་གུང་ཁྲན་ཏང་གི་རིམ་ཁག་ལས་ཁུངས་ནང་གི་གཞུང་ཞབས་པའི་ཁྱབ་ཁོངས་སུ་བཅུག་པའི་མི་སྣ་ནི།

(གཅིག) ཀྲུང་དབྱང་དང་ས་གནས་ཀྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད།

(གཉིས) ཀྲུང་དབྱང་དང་ས་གནས་ཀྱི་ཏང་ཨུ་རིམ་པ་ཁག་གི་ལས་སྒྲུབ་སྡེ་ཁག་དང་། ལས་སྒྲུབ་སྒྲིག་གཞི། མངགས་གཏོང་ལས་ཁུངས་བཅས་ཀྱི་ལས་སྒྲུབ་མི་སྣ།

(གསུམ) ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ལས་ཁུངས་དང་མངག་གཏོང་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ།

(བཞི) ཁྲོམ་སྲང་དང་། ཞང་། གྲོང་རྡལ་བཅས་ཀྱི་ཏང་ཨུའི་ལས་ཁུངས་ཀྱི་ལས་བྱེད་མི་སྣ།

དོན་ཚན་ལྔ་པ། མི་དམངས་འཐུས་མི་ཚོགས་ཆེན་རིམ་པ་ཁག་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ནང་གི་གཞུང་ཞབས་པའི་ཁྱབ་ཁོངས་སུ་བཅུག་པའི་མི་སྣ་ནི།

(གཅིག) རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་མི་སྣ་དང་། ཞང་དང་གྲོང་རྡལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་རྒན་གཞོན།

(གཉིས) རྫོང་རིམ་པ་ཡན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་དང་དོན་གཅོད་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ།

(གསུམ) མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣའི་ནང་།

དོན་ཚན་དྲུག་པ། སྲིད་འཛིན་ལས་ཁུངས་རིམ་པ་ཁག་གི་ནང་གཞུང་ཞབས་པའི་ཁྱབ་ཁོངས་སུ་བཅུག་པའི་མི་སྣ་ནི།

(གཅིག) མི་དམངས་སྲིད་གཞུང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ།

(གཉིས) རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་རིམ་པ་ཁག་གི་ལས་སྒྲུབ་སྡེ་ཁག་དང་མངག་གཏོང་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ།

(གསུམ) ཞང་དང་གྲོང་རྡལ་མི་དམངས་སྲིད་གཞུང་ལས་ཁུངས་ཀྱི་ལས་བྱེད་མི་སྣ།

དོན་ཚན་བདུན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ལས་ཁུངས་ནང་གི་གཞུང་ཞབས་པའི་ཁྱབ་ཁོངས་སུ་བཅུག་པའི་མི་སྣ་ནི།

(གཅིག) ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད།

(གཉིས) ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ལས་ཁུངས་ཀྱི་ལས་བྱེད་མི་སྣ།

དོན་ཚན་བརྒྱད་པ། རིམ་པ་ཁག་གི་གཞུང་ཞབས་པའི་ཁྱབ་ཁོངས་སུ་བཅུག་པའི་མི་སྣ་ནི།

(གཅིག) ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག་གི་ཁྲིམས་དཔོན་དང་འདྲི་གཅོད་རམ་འདེགས་མི་སྣ་དང་།

(གཉིས) ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་རིམ་པ་ཁག་གི་ཁྲིམས་འཛིན་སྲིད་འཛིན་མི་སྣ།

དོན་ཚན་དགུ་པ། ཞིབ་དཔྱོད་ལས་ཁུངས་རིམ་པ་ཁག་གི་ནང་གཞུང་ཞབས་པའི་ཁྱབ་ཁོངས་སུ་བཅུག་པའི་མི་སྣ་ནི།

(གཅིག) ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གི་ཞིབ་དཔྱོད་དཔོན་དང་། ཞིབ་དཔྱོད་རམ་འདེགས་མི་སྣ།

(གཉིས) ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གི་ཁྲིམས་འཛིན་སྲིད་དོན་མི་སྣ།

དོན་ཚན་བཅུ་པ། དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་ཁག་ལས་ཁུངས་ནང་གི་གཞུང་ཞབས་པའི་ཁྱབ་ཁོངས་སུ་བཅུག་པའི་མི་སྣ་ནི།

(གཅིག) ཀྲུང་གོའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་། ལས་ཀའི་སྒྲིག་གཞིའི་ལས་བྱེད་མི་སྣ།

(གཉིས) ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་། ལས་ཀའི་སྒྲིག་གཞིའི་ལས་སྒྲུབ་མི་སྣ།

(གསུམ) རྒྱལ་ཚོགས་འཛུགས་རྒྱུའི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་། ལས་ཀའི་སྒྲིག་གཞིའི་ལས་སྒྲུབ་མི་སྣ།

(བཞི) ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་། ལས་ཀའི་སྒྲིག་གཞིའི་ལས་བྱེད་མི་སྣ།

(ལྔ) ཀྲུང་གོའི་ཞིང་བཟོ་དམངས་གཙོ་ཏང་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་། ལས་ཀའི་སྒྲིག་གཞིའི་ལས་སྒྲུབ་མི་སྣ།

(དྲུག) ཀྲུང་གོ་ཀྲི་ཀུང་ཏང་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་ལས་ཀའི་སྒྲིག་གཞིའི་ལས་བྱེད་མི་སྣ།

(བདུན) དགུ་གསུམ་སློབ་ཚོགས་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་། ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ།

(བརྒྱད) ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་འགོ་ཁྲིད་མི་སྣ་དང་། ལས་ཀའི་སྒྲིག་གཞིའི་ལས་བྱེད་མི་སྣ་བཅས་ཡིན།

ཀྲུང་ཧྭ་རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་དངས་གནས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་མི་སྣ་དང་ལས་ཀའི་སྒྲིག་གཞིའི་ལས་དོན་མི་སྣ།

དོན་ཚན་བཅུ་གཅིག་པ། གཤམ་གསལ་མི་སྣ་དང་མི་དོན་འབྲེལ་བ་གནས་སའི་སྡེ་ཚན་དང་ཚན་པ་དེ་གཏན་འབེབས་འདིའི་དོན་ཚན་གསུམ་པར་འཁོད་པའི་ལས་ཁུངས་སུ་མི་གཏོགས་ཚེ་གཞུང་ཞབས་པའི་ཁོངས་སུ་མི་ཚུད་པ་སྟེ།

(གཅིག) ཀྲུང་གོའི་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་དང་། ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།

(གཉིས) མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མི་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཡིན།

(གསུམ) ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན།

(བཞི) དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ས་གནས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཨུ་ཡོན་དང་། རྒྱུན་ཨུ། ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཁོངས་མི། ཀྲུང་ཧྭ་རྒྱལ་ཡོངས་མཉམ་འབྲེལ་ལྷན་ཚོགས་དངས་གནས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ཡིན།

དོན་ཚན་བཅུ་གཉིས་པ། གཞུང་ཞབས་པའི་ཁྱབ་ཁོངས་ནང་བཅུག་པའི་མི་སྣས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐོ་འགོད་བྱས་རྗེས་གཞི་ནས་གཞུང་ཞབས་པ་གཏན་འཁེལ་བྱེད་ཆོག

དོན་ཚན་བཅུ་གསུམ་པ། གཏན་འབེབས་འདི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་འགྲེལ་བཤད་འགན་འཁུར་དགོས།

མི་དམངས་ཉེན་རྟོག་པ་རང་ངོས་ནས་གོ་གནས་ཀྱི་ཁྱད་ཆོས་དབང་གིས་གཞུང་ཞབས་པའི་ཁོངས་སུ་གཏོགས།

4 གཞི་རྩའི་བྱང་ཚད།

རྒྱལ་ཁབ་ཀྱི་གཞུང་ཞབས་པར་འཛོམ་དགོས་པའི་བྱང་ཚད།

5 ཆབ་སྲིད་ཀྱི་བྱང་ཚད།

1 ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་འགྱུར་མེད་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་ལྡན་དགོས།

2 བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།

3 བདེན་འཚོལ་དངོས་གཉེར་གྱི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་དང་། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བྱ་བ་གང་བྱེད་དོན་དངོས་ལ་གཞིགས་ནས་གསར་གཏོད་དང་མདུན་སྐྱོད་བྱེད་ཕོད་པ་བཅས་བྱ་དགོས།

4 མིག་དཔེ་ལྡན་པའི་སྒོ་ནས་སྒྲིག་ཁྲིམས་བརྩི་སྲུང་དང་། སྤྱོད་གཙང་གཞུང་དྲང་གི་སྤྱི་ཞབས་པའི་གཟུགས་བརྙན་འཛུགས་དགོས།

5 སྙིང་རུས་ཆེན་པོས་སློབ་སྦྱོང་དང་ལས་ལ་བརྩོན་ནས་ཤེས་བྱ་གསོག་འཇོག་དང་ཉམས་མྱོང་གསོག་འཇོག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས།

6 ཆེད་ལས་ཤེས་བྱ།

གཞུང་ཞབས་པའི་ཤེས་བྱ་ཁག་གཉིས་སུ་དབྱེ་ཡོད་པ་སྟེ། ཆེད་ལས་ཤེས་བྱ་དང་འབྲེལ་ཡོད་ཤེས་བྱ། ཆེད་ལས་ཤེས་བྱ་ལ་ཆེད་ལས་འདིའི་གཞི་རྩའི་གོ་དོན་དང་། རྨང་གཞིའི་གཞུང་ལུགས། གཞི་རྩའི་སྒྲོམ་གཞི་དང་གཞི་རྩའི་རྒྱུན་ཤེས། དེ་བཞིན་ཆེད་ལས་འདིའི་འབྱུང་ལུགས་འབྱུང་སྟངས། སྔ་ཕྱིའི་འགུལ་རྣམ་བཅས་ཚུད་ཡོད། འབྲེལ་ཡོད་ཤེས་བྱ་ཞེས་པ་ནི་ཆེད་ལས་སྣོལ་བའི་འབྲེལ་ཡོད་ཤེས་བྱར་ཟེར་ཞིང་། ཤེས་བྱ་དེ་དག་ཤེས་རྟོགས་ཐུབ་ཚེ་རང་འཁྲིའི་ཆེད་ལས་ཤེས་བྱ་གཏིང་ཟབ་ཏུ་དང་གོང་མཐོར་འགྲོ་རྒྱུར་ཕན་ཐོགས་ཡོད།

7 སེམས་ཁམས་ཀྱི་བྱང་ཚད།

གཞུང་ཞབས་པའི་སེམས་ཁམས་བྱང་ཚད་ནི་གཞུང་ཞབས་པའི་ཕྱི་ནང་ཁོར་ཡུག་གི་ཤུགས་རྐྱེན་འོག་གྲུབ་པའི་སེམས་ཁམས་ཀྱི་མྱོང་ཚོར་ལ་ཟེར། དེའི་ནང་གཙོ་བོ་བློ་ཁ་དང་བརྟན་ལྷིང་རང་བཞིན། མཐུན་སྒྲིལ་རོགས་ལས་ཀྱི་གཅིག་རམ་གཅིག་འདེགས་དང་། ལས་ཀའི་ཁེར་གཉེར། ཞབས་འདེགས་ཞུ་ཡུལ་གྱི་ཁེངས་སྐྱུང་དང་རྣམ་འགྱུར། སེམས་ཁམས་ཀྱི་རང་ངོས་མཐུན་སྒྲིག་སོགས་ཚུད་ཡོད། གཟུགས་པོའི་བྱང་ཚད་ནི་གཙོ་བོ་གཞུང་ཞབས་པའི་ལུས་ཤུགས་དང་འཕྲོད་ནུས་ལ་ཟེར་ཞིང་། གཞུང་ཞབས་པར་ངེས་པར་དུ་མུ་མཐུད་དམག་འཐབ་བྱེད་པའི་སེམས་ཤུགས་ལྡན་དགོས་པ་དང་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་སྣ་ཚོགས་དང་འཚམ་པ་བྱེད་དགོས།

8 འོས་འགན་སྒྲུབ་པ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པ། གཞུང་ཞབས་པས་གཤམ་གསལ་འོས་འགན་བསྒྲུབ་དགོས་པ་སྟེ།

(གཅིག) མིག་དཔེའི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་ཞུ་དགོས་པ་དང་།

(གཉིས) གཏན་འབེབས་བྱས་པའི་དབང་ཚད་དང་གོ་རིམ་ལྟར་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ་ལས་ཆོད་ཆེ་རུ་ཧུར་ཐག་གཏོང་དགོས་པ།

(གསུམ) བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ།

(བཞི) རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཚན་སྙན། ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུ།

(ལྔ) འགན་འཁྲི་གཙང་སྒྲུབ་ཀྱིས་གོང་རིམ་གྱིས་ཁྲིམས་ལྟར་གཏན་འབེབས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་དང་ལེན་དང་ལག་བསྟར་བྱེད་པ།

(དྲུག) རྒྱལ་ཁབ་ཀྱི་གསང་བ་དང་ལས་ཀའི་གསང་བ་དམ་སྲུང་བྱ་རྒྱུ།

(བདུན) སྒྲིག་ཁྲིམས་བརྩི་སྲུང་དང་། ལས་རིགས་ཀྱི་ཀུན་སྤྱོད་དམ་སྲུང་། དཔེ་སྟོན་གྱི་སྒོ་ནས་སྤྱི་ཚོགས་ཀྱི་ཀུན་སྤྱོད་བརྩི་སྲུང་བཅས་བྱ་རྒྱུ།

(བརྒྱད) སྤྱོད་གཙང་གཞུང་དྲང་དང་། གཞུང་དྲང་ཚུལ་མཐུན།

(དགུ) བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་ཡིན།

9 གནས་བསྒྱུར་བསྐོ་གཞག་ཆ་རྐྱེན།
10 སྤྱིའི་དོན་ཚན།

དོན་ཚན་དང་པོ། མི་འདེམས་ཐབས་རྒྱ་ཆེར་གཏོང་བ་དང་། གཞུང་ཞབས་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། གཞུང་ཞབས་པའི་གནས་སྒྱུར་བསྐོ་གཞག་ལས་དོན་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཆེད་དུ་གཞུང་ཞབས་པའི་བཅའ་ཁྲིམས་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་གཏན་འབེབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། གཏན་འབེབས་འདིར་བརྗོད་པའི་གནས་བསྒྱུར་བསྐོ་གཞག་ཅེས་པ་ནི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་བྱ་ལས་སྡེ་ཚན་དང་། མི་དམངས་ཚོགས་པ། ཅའོ་ཀྲུང་དུ་གཞུང་དོན་སྒྲུབ་མཁན་མི་སྣ་བཅས་ལས་ཁུངས་ནང་སྤོས་ནས་འགོ་ཁྲིད་ཀྱི་ལས་གནས་འཁུར་བའམ་ཡང་ན་མི་སྣ་གཞོན་པ་ཡན་དང་དེ་བཞིན་གོ་གནས་དང་མཉམ་པའི་རིམ་པ་ལྡན་པའི་འགོ་ཁྲིད་མིན་པའི་གོ་གནས་ལ་ཟེར། གནས་སྤོར་བསྐོ་གཞག་བྱ་རྒྱུའི་འགོ་ཁྲིད་ཁོངས་མིར་གཏན་འབེབས་ལོགས་སུ་བྱས་ཡོད་ན། གཏན་འབེབས་དེ་ལྟར་བྱ་རྒྱུ།

དོན་ཚན་གསུམ་པ། གནས་སྤོར་བསྐོ་གཞག་བྱེད་སྐབས་ངེས་པར་དུ་སྤྱོད་ཡོན་གྱི་བྱང་ཚད་དང་ལས་གནས་ཀྱི་བླང་བྱ་དང་འཚམ་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལས་ཀའི་དགོས་མཁོ་དང་ཐོབ་ཐང་གི་ཆ་རྐྱེན་གཞིར་བཟུང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་མི་སྒེར་གྱི་འདོད་བློ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྟངས་འཛིན་ནན་པོ་དང་བསྐོ་སྤྱོད་བྱེད་དགོས།

དོན་ཚན་བཞི་པ། གནས་སྒྱུར་བསྐོ་གཞག་བྱ་རྒྱུ་དེ་ངེས་པར་དུ་གཏན་འབེབས་བྱས་པའི་སྒྲིག་གྲངས་ཀྱི་ཚད་གཞི་དང་གནས་གྲངས་ནང་བྱེད་དགོས་པ་མ་ཟད་དེ་མཚུངས་ཀྱི་ལས་གནས་ཡོད་དགོས།གཞུང་ཞབས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འགན་འཁྲིར་གཞིགས་ཏེ་གཞུང་ཞབས་པའི་གནས་སྤོར་ལས་དོན་ལ་ཕྱོགས་བསྡུས་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

11 གནས་སྤོར་བསྐོ་གཞག་གི་ཐོབ་ཐང་ཆ་རྐྱེན།

དོན་ཚན་དྲུག་པ། གནས་སྤོར་བསྐོ་གཞག་འོས་མིར་གཞུང་ཞབས་པའི་སྐོར་གྱི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཅིག་པར་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་དགོས་པ་མ་ཟད། གཤམ་གསལ་གྱི་ཐོབ་ཐང་ཆ་རྐྱེན་ཡང་འཛོམས་དགོས་པ་སྟེ།

(གཅིག) ཆབ་སྲིད་དང་ལས་ཀའི་སྤུས་ཚད་ཅུང་བཟང་བ།  བྱ་བིའ་ནུས་པ་ཆེ་བ།  བརྩོན་འགྲུས་ལས་བཀུར། བྱས་འབྲས་མངོན་གསལ་ཡིན་པ་བཅས་ཡིན།

(གཉིས) ལས་སྤོར་བསྐོ་གཞག་བྱ་རྒྱུའི་ལས་གནས་ཀྱི་བླང་བྱ་དང་འདྲ་མཚུངས་ཡིན་པའི་ལས་ཀའི་མྱོང་བ་དང་ལས་འགན་འཁུར་བའི་བསླབ་པ་ཡོད་དགོས།

(གསུམ) གཞུང་ཞབས་པའི་སྐོར་གྱི་བཅའ་ཁྲིམས་དང་དེའི་ཆ་འགྲིག་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གོ་གནས་སྤར་བར་སྔ་ཕྱི་སྡེབ་རྩིས་བྱས་ན་མཁོ་བའི་ལས་ཞུགས་ལོ་ཚད་དམའ་ཤོས་ཡོད་དགོས་པ་བཅས་ཡིན།

ཆེད་ལས་ལག་རྩལ་མི་སྣས་ལས་གནས་སྤོ་འདྲེན་བྱས་རིགས་ཀྱིས་མཐོ་རིམ་གཞོན་པའི་ཆེད་ལས་ལག་རྩལ་གྱི་གོ་གནས་ལོ་གཉིས་ཡན་འཁུར་བའམ་ཡང་ན་མཐོ་རིམ་རྒན་པའི་ཆེད་ལས་ལག་རྩལ་གྱི་གོ་གནས་འཁུར་དགོས།

(བཞི) ཀྲུང་དབྱང་ལས་ཁུངས་དང་ཞིང་ཆེན་རིམ་པའི་ལས་ཁུངས་སུ་སྤོས་ནས་ལས་གནས་འཛིན་རིགས་ལ་སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་ཡན་གྱི་རིག་གནས་ཆུ་ཚད་ཡོད་དགོས། གྲོང་ཁྱེར(ས་གནས)རིམ་པ་མན་གྱི་ལས་ཁུངས་སུ་ལས་གནས་འཛིན་པར་མངགས་པར་སློབ་གྲྭ་ཆེ་བའི་ཆེད་སྦྱོང་ཚན་ཁག་ཡན་གྱི་རིག་གནས་ཆུ་ཚད་ཡོད་དགོས།

(ལྔ) ཐིན་ཅུའུ་རིམ་པའི་གོ་གནས་གནས་སྤོར་བསྐོ་གཞག་བྱས་རིགས་རྩ་དོན་ཐོག་ལོ55ལས་བརྒལ་མི་ཆོག    རྫོང(གྲོང་ཁྱེར)གི་འགོ་ཁྲིད་ཚན་པའི་ཁོངས་མིའི་གོ་གནས་གནས་སྒྱུར་བསྐོ་གཞག་བྱས་རིགས་རྩ་དོན་ཐོག་ལོ50ལས་བརྒལ་མི་ཆོག་པ་དང་། ཁྲུའུ་རིམ་པའི་གོ་གནས་གཞན་དག་གནས་སྒྱུར་བསྐོ་གཞག་བྱས་རིགས་རྩ་དོན་ཐོག་ལོ45ལས་བརྒལ་མི་ཆོག་པ་དང་། ཚན་ཁག་རིམ་པའི་འགོ་ཁྲིད་ལས་གནས་སྤོར་བསྐོ་བྱེད་སྐབས་རྩ་དོན་ཐོག་ལོ40ལས་བརྒལ་མི་ཆོག

(དྲུག) བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ཡིག་བཅས་ཀྱི་གཏན་འབེབས་དང་མཐུན་པའི་ཆ་རྐྱེན་གཞན་དག་བཅས་སོ།

ལས་ཀའི་དམིགས་བསལ་གྱི་དགོས་མཁོའི་དབང་གིས་གོང་འཁོད་ནང་གསེས(གསུམ)པ་དང་། (བཞི)(ལྔ)བཅས་ལེགས་སྒྲིག་འོས་འཚམ་བྱེད་དགོས་རིགས་ལ་གྲོང་ཁྱེར(ས་གནས)རིམ་པ་མན་གྱི་ལས་ཁུངས་ཀྱིས་ལས་བྱེད་པ་དང་རིམ་པ་གཅིག་གིས་མཐོ་བའི་གཞུང་ཞབས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་པ་དང་། ཞིང་ཆེན་རིམ་པ་ཡན་གྱི་ལས་ཁུངས་ཀྱིས་ལས་བྱེད་པ་དང་རིམ་པ་གཅིག་མཚུངས་ཀྱི་གཞུང་ཞབས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་དགོས།

དོན་ཚན་བདུན་པ། གཞུང་ཞབས་པ་ལས་གནས་ནས་ཕྱིར་འཐེན་བྱེད་མཁན་ལས་ཁུངས་ནས་བསྐྱར་དུ་ལས་གནས་སྤོར་རྩིས་ཡོད་ན། ལས་ཁུངས་ནས་ཕྱིར་འཐེན་བྱེད་སྐབས་ཀྱི་གོ་གནས་ལས་མཐོ་བ་ཡོད་ན། ལས་ཁུངས་ནས་ཕྱིར་འཐེན་བྱེད་སྐབས་ཀྱི་གོ་གནས་སྤར་ནས་ལས་གནས་སྤོར་རྩིས་བྱེད་པར་མཁོ་བའི་ལས་གནས་ཀྱི་ཐོབ་ཐང་ལོ་ཚད་ལྡན་དགོས།

དོན་ཚན་བརྒྱད་པ། གཤམ་གསལ་གྱི་གནས་ཚུལ་དག་ལས་རིགས་གཅིག་ཡོད་པའི་མི་སྣ་གནས་སྤོར་བསྐོ་གཞག་བྱས་མི་ཆོག་པ་སྟེ།

(གཅིག) བྱས་ཉེས་བསགས་པའི་རྐྱེན་གྱིས་ཉེས་དོན་གྱི་ཁྲིམས་ཆད་ཕོག་མྱོང་བ།

(གཉིས) གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་མྱོང་བ།

(གསུམ) སྒྲིག་འགལ་ཁྲིམས་འགལ་དོགས་ཡོད་ཀྱིས་འབྲེལ་ཡོད་ཆེད་དོན་ལས་ཁུངས་ཀྱི་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་ཀྱང་ད་དུང་སྡོམ་ཚིག་བཞག་མེད་པ།

(བཞི) ཆད་པ་ཕོག་རིང་ངམ་ཡང་ན་ཤུགས་རྐྱེན་ཐེབས་ཡུན་ལོངས་མེད་པ།

(ལྔ) རྩིས་བཤེར་ལས་ཁུངས་ཀྱི་རྩིས་བཤེར་དང་ལེན་བྱེད་བཞིན་པའི་རིགས།

(དྲུག) བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།

12 བསྐོ་འཐེན་ལས་རིམ།

དོན་ཚན་དགུ་པ། གནས་སྤོར་བསྐོ་གཞག་བྱེད་སྐབས་གཤམ་གསལ་གོ་རིམ་ལྟར་བྱེད་དགོས་པ་སྟེ།

(གཅིག) ལས་ཀའི་དགོས་མཁོར་གཞིགས་ནས་ལས་གནས་སྤོར་སྒྱུར་དང་གནས་སྤོར་བསྐོ་གཞག་གི་ཆ་རྐྱེན་གཏན་འཁེལ་བྱེད་དགོས།

(གཉིས) ལས་བསྒྱུར་བསྐོ་གཞག་བྱ་རྒྱུའི་འོས་མི་འདོན་རྒྱུ།

(གསུམ) ཕྱིར་འཐེན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱ་རྒྱུ།

(བཞི) རྟོག་ཞིབ་བྱེད་པར་སྒྲིག་འཛུགས་བྱ་རྒྱུ།

(ལྔ) ཐུན་མོང་གིས་གྲོས་བསྡུར་བྱས་ནས་ཐག་གཅོད་རྒྱུ།

(དྲུག) ལས་སྤོར་བསྐོ་གཞག་གི་སྤྱི་བསྒྲགས།

(བདུན) སྙན་ཞི་ཆོག་མཆན་ཐོབ་དགོས།

(བརྒྱད) ལས་གནས་སྤོར་བ་དང་། འགན་འཁུར་བ། གཞུང་ཞབས་པ་བཅས་ཀྱི་ཐོ་འགོད་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་བཅུ་པ། ལས་གནས་བསྒྱུར་ནས་བསྐོ་གཞག་བྱ་རྒྱུའི་བླང་བྱ་ལྟར་འོས་སྦྱོར་བྱེད་སྟངས་སྒྲིག་འཛུགས་བྱས་ནས་ཐོན་རྒྱུ། དགོས་ངེས་ཀྱི་དུས་སུ་གནས་སྤོར་བསྐོ་གཞག་གི་འོས་མིར་རྒྱུགས་ལེན་དགོས།

དོན་ཚན་བཅུ་གཅིག་པ། གནས་སྤོར་བསྐོ་གཞག་བྱ་རྒྱུའི་འོས་མིར་རྟོག་ཞིབ་ནན་པོ་བྱ་དགོས་པ་མ་ཟད། ཡིག་ཐོག་གི་རྟོག་ཞིབ་དཔྱད་ཡིག་ཆགས་པར་བྱ་དགོས། རྟོག་ཞིབ་ཀྱི་ནང་དོན་ལ་བསྐོ་གཞག་བྱ་རྒྱུའི་འོས་མིའི་ཀུན་སྤྱོད་དང་། འཇོན་ཐང་། བརྩོན་པ། གྲུབ་འབྲས། སྤྱོད་གཙང་སོགས་ཐད་ཀྱི་མཚོན་ཚུལ་ཚུད་ཡོད།

རྟོག་ཞིབ་གནང་སྐབས། གནས་སྤོར་བསྐོ་གཞག་བྱ་རྒྱུའི་འོས་མི་གནས་སའི་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད་དང་། མང་ཚོགས། ལས་བྱེད་པའི་མི་དོན་སྡེ་ཚན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་བཅས་ཀྱི་བསམ་འཆར་ཉན་དགོས། གནས་སའི་སྡེ་ཚན་གྱིས་གཞོགས་འདེགས་ཧུར་ཐག་བྱ་དགོས་པ་མ་ཟད། ཕྱི་རོལ་ཡུལ་དང་། གནས་བསྒྱུར་བསྐོ་གཞག་བྱ་རྒྱུའི་འོས་མིའི་དོན་དངོས་ཀྱི་མངོན་ཚུལ་དང་སྲིད་དོན་གཙང་སྐྱོང་བྱས་ཚུལ་གྱི་དཔྱད་ཡིག་ཇི་མ་ཇི་བཞིན་འདོན་སྤྲོད་བྱ་དགོས།

དོན་ཚན་བཅུ་གཉིས་པ། རྟོག་ཞིབ་བྱས་ཚུལ་ལ་གཞིགས་ཏེ་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་བསྐོ་གཞག་བྱ་རྩིས་ཡོད་པའི་མི་སྣ་བསྐོ་གཞག་གཏན་འཁེལ་བྱེད་དགོས་པ་མ་ཟད། འགན་མ་འཁུར་གོང་ཡོངས་བསྒྲགས་ལམ་ལུགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལས་གནས་སྤོར་སྒྱུར་དང་བསྐོ་གཞག་ཚན་པས་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བཅུ་གསུམ་པ། གནད་དོན་ཚབས་ཆེན་ཡོད་རུང་རྩད་ཆོད་མཐའ་གསལ་བྱུང་མེད་ཚེ་རྩད་ཆོད་མཐའ་གསལ་བྱུང་མཚམས་སུ་གཞི་ནས་ལས་གནས་བསྒྱུར་མིན་ཐག་གཅོད་བྱེད་དགོས།

དོན་ཚན་བཅུ་བཞི་པ། ལས་བྱེད་པས་བསྐྱར་དུ་བསྐོ་གཞག་བྱེད་རྩིས་ཡོད་པའི་མི་སྣ་གཏན་འཁེལ་བྱས་རྗེས་ནང་འདྲེན་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་དབང་ཚད་ལྟར་ཞིབ་མཆན་འགོད་པའམ་ཡང་ན་སྙན་ཐོ་དཔོད་དགོས།

ས་གནས་ཀྱི་ཞིང་ཆེན་རིམ་པ་མན་གྱི་ལས་ཁུངས་ནས་གཞུང་ཞབས་པ་ལས་སྒྱུར་བསྐོ་གཞག་བྱེད་སྐབས་ངེས་པར་དུ་གྲོང་ཁྱེར(ས་གནས)རིམ་པ་ཡན་གྱི་གཞུང་ཞབས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞིབ་མཆན་ཞུ་དགོས།

ལས་སྒྱུར་བསྐོ་གཞག་བྱེད་མཁན་ལ་ཞིབ་མཆན་བཀོད་པ་དང་ཐོ་འགོད་སྙན་སེང་ཞུས་རྗེས་ལས་སྒྱུར་འགྲོ་ལུགས་སྒྲུབ་དགོས་པ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་གཞུང་ཞབས་པ་ཐོ་འགོད་བྱེད་དགོས།

དོན་ཚན་བཅོ་ལྔ་པ། གནས་སྒྱུར་བསྐོ་གཞག་བྱས་པའི་མི་སྣའི་རིམ་པ་དང་འབྲེལ་ཡོད་ཐོབ་ཐང་ནི་དེའི་གནས་སྒྱུར་བསྐོ་གཞག་བྱས་པའི་གོ་གནས་ལ་གཞིགས་ནས་རང་ཉིད་ཀྱི་དེ་སྔའི་གོ་གནས་དང་། ལས་ཀའི་ལོ་རྒྱུས། རིག་གནས་ཆུ་ཚད་སོགས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་གྱིས་ལས་ཁུངས་ནང་བཅུག་ནས་ཆ་རྐྱེན་འཛོམས་པའི་མི་སྣ་གཏན་འཁེལ་བྱེད་དགོས།

དོན་ཚན་བཅུ་དྲུག་པ། ལས་སྤོར་བསྐོ་གཞག་བྱས་པའི་མི་སྣར་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་གོ་གནས་བསྐོ་གཞག་བྱས་པ་ཕུད། སྤྱིར་བཏང་དུ་ལས་གནས་འཁུར་ཡུན་ཚོད་ལྟའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། ཚོད་ལྟའི་དུས་ཡུན་ལོ་གཅིག་ཡིན། ཚོད་ལྟ་བྱེད་ཡུན་ཐིམ་ནས་དཔྱད་ཞིབ་བྱས་ཏེ་ཚད་ལོངས་པ་ཡིན་ན། ལས་འགན་དངོས་སུ་འཁུར་རྒྱུ། དཔྱད་ཞིབ་བྱས་ནས་ཚད་མ་ལོན་པའི་ལས་ཀ་བཀོད་སྒྲིག་བྱ་དགོས།

13 གོ་གནས་འཕར་བའི་ཆ་རྐྱེན།
13_1 གཞུང་ཞབས་པའི་རིམ་པ།

རྒྱལ་ཁབ་ཀྱིས་གཞུང་ཞབས་པའི་ལས་གནས་རིགས་དབྱེ་གཞིར་བཟུང་ནས་གཞུང་ཞབས་པའི་གོ་གནས་བང་རིམ་བཟོ་རྒྱུ། གཞུང་ཞབས་པའི་གོ་གནས་དེ་འགོ་ཁྲིད་ཀྱི་གོ་གནས་དང་འགོ་ཁྲིད་མ་ཡིན་པའི་གོ་གནས་གཉིས་སུ་དབྱེ་ཡོད། འགོ་ཁྲིད་ཀྱི་གོ་གནས་ཀྱི་བང་རིམ་ནི་རྒྱལ་ཁབ་རིམ་པའི་གོ་གནས་གཙོ་བོ། རྒྱལ་ཁབ་རིམ་པའི་གོ་གནས་གཞོན་པ།  ཞིང་ཆེན་པུའུ་རིམ་པའི་གོ་གནས་གཙོ་བོ། ཞིང་ཆེན་པུའུ་རིམ་པའི་གོ་གནས་གཞོན་པ། ཐིན་ཅུས་རིམ་པའི་གོ་གནས་གཙོ་བོ། ཐིན་ཅུས་རིམ་པའི་གོ་གནས་གཞོན་པ།  རྫོང་ཁྲུའུ་རིམ་པའི་གོ་གནས་གཙོ་བོ།  རྫོང་ཁྲུའུ་རིམ་པའི་གོ་གནས་གཞོན་པ།  ཤང་ཁོའོ་རིམ་པའི་གོ་གནས་གཙོ་བོ། ཤང་ཁོའོ་རིམ་པའི་གོ་གནས་གཞོན་པ་བཅས་སུ་དབྱེ་ཡོད། འགོ་ཁྲིད་མ་ཡིན་པའི་གོ་གནས་ཀྱི་རིམ་པ་དེ་ཐིན་ཅུས་རིམ་པ་དང་དེའི་མན་ཆད་དུ་འཛུགས་དགོས།

13_2 གོ་གནས་དང་འགན་རིམ།

རྫོང་རིམ་པ་མན་གྱི་ལས་ཁུངས་ཀྱི་གཞུང་ཞབས་པའི་གོ་གནས་དང་འགན་རིམ།

སྤྱི་ལོ2015ལོ་ནས་བཟུང་གཞི་རིམ་ཕྱོགས་སྟོན་ལ་སྣང་ཆེན་དང་གཞི་རིམ་གྱི་གཞུང་ཞབས་པའི་འཕེལ་རྒྱས་ལ་དོ་ཁུར་བྱ་ཆེད། རྒྱལ་ཁབ་ཀྱིས་རྫོང་མན་གྱི་ལས་ཁུངས་ཀྱི་གཞུང་ཞབས་པའི་གོ་གནས་དང་འགན་རིམ་གཏན་འབེབས་ཁྱབ་བསྒྲགས་བྱས་ཡོད། རྫོང་རིམ་པ་མན་གྱི་ལས་ཁུངས་ཀྱི་གཞུང་ཞབས་པར་གོ་གནས་རིམ་པ5བཀོད་སྒྲིག་བྱ་རྒྱུ་གཏན་འབེབས་བྱས་ཡོད། 《རྫོང་རིམ་པ་མན་གྱི་ལས་ཁུངས་ཀྱིས་གཞུང་ཞབས་པའི་གོ་གནས་དང་འགན་རིམ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ་བསྡུས་མིང་ལ《བསམ་འཆར》ཞེས་བརྗོད་རྒྱུ)ལག་བསྟར་བྱས་པ་དེས་ཤང་དང་གྲོང་རྡལ་གྱི་གཞུང་ཞབས་པའི་གོ་གནས་སྤར་བའི་བར་མཐོངས་ཆུང་བ་དང་། ཐོབ་ཐང་མཐོ་རུ་ཕྱིན་མེད་པ། ཤང་དང་གྲོང་རྡལ་དུ་ཤེས་ལྡན་པ་ཉར་མི་ཐུབ་པའི་ད་ལྟའི་གནས་ཚུལ་མེད་པར་བཟོ་རྒྱུ་ཡིན།

ལོ་གཅིག་གི་དཔྱད་ཞིབ་ཚད་གཞི་ལོན་པའི་ལས་ཐོབ་ཀྱི་རྨང་གཞིའི་ཐོག

ཁོའོ་ཡོན་གྱི་གོ་གནས་སྤར་བར་ངེས་པར་དུ་ལས་ཀ་བྱེད་མཁན་གྱི་འགན་འཁུར་ནས་ལོ8སོང་བ་དང་། རིམ་པ25ཟིན་པ།

ཁོའོ་རིམ་པ་གཞོན་པར་ངེས་པར་དུ་ཁོའོ་ཡོན་རིམ་པའམ་ཁོའོ་ཡོན་གྱི་གོ་གནས་སྤར་ནས་ལོ12ཟིན་པ་དང་རིམ་པ23ཟིན་པ།

ཁོའོ་རིམ་པའི་གོ་གནས་སྤར་བར་ཁོའོ་རིམ་པ་གཞོན་པའམ་ཡང་ན་ཤང་ཁོའོ་རིམ་པའི་གོ་གནས་གཞོན་པ་དང་ཀྲུའུ་རེན་ཁོའོ་ཡོན་གཞོན་པའི་གོ་གནས་སྤར་ནས་ལོ15ཟིན་པ་དང་རིམ་པ20ཟིན་པ།

ཁྲུའུ་རིམ་པའི་གོ་གནས་སྤོར་བར་ཁྲུའུ་རིམ་པ་གཞོན་པའམ་ཡང་ན་ལོ15འགོར་བ་དང་རིམ་པ17ལ་སླེབས་ཡོད་པ་རེད།

སྤྱི་ལོ2016ལོའི་ཟླ12པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་ཁག་གཅིག་དང་པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་ཁག་གཅིག་ལ་གཞུང་ཞབས་པའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་བྱ་རྒྱུའི་དབང་ཆ་སྤྲད་པའི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། གཞུང་ཞབས་པའི་གོ་གནས་དང་འགན་རིམ། འགན་རིམ་དང་ཐོབ་ཐང་ཟུང་འབྲེལ་གྱི་ལམ་ལུགས་ཁྱབ་གདལ་བཏང་ནས་གཞུང་ཞབས་པའི་འགན་རིམ་རིམ་སྤོར་གྱི་ལམ་བུ་རྒྱ་ཆེར་བཏང་སྟེ་རྒྱ་ཆེའི་གཞུང་ཞབས་པའི་ཧུར་བརྩོན་རང་བཞིན་སྔར་བས་སྐོང་འཐེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

ཆོད་དོན་དེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐེན་ཅིན་གྲོང་ཁྱེར་དང་གྲོང་ཁྱེར་རིམ་པའི་ལས་ཁུངས་དང་། ཞི་བདེ་ཁུལ། ཞི་ཆིང་ཆུས་བཅས་ཀྱི་རིམ་པ་ཁག་གི་ལས་ཁུངས་དང་། ཧྲན་ཏུང་ཞིང་ཆེན་རིམ་པའི་ལས་ཁུངས་དང་། ཆིན་ཏའོ་གྲོང་ཁྱེར། ཝེ་ཧྥང་གྲོང་ཁྱེར་བཅས་རིམ་པ་ཁག་གི་ལས་ཁུངས། ཧུའུ་པེ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ལས་ཁུངས་དང་དེ་བཞིན་དབྱི་ཁྲང་གྲོང་ཁྱེར། ཞང་དབྱང་གྲོང་ཁྱེར་གྱི་རིམ་པ་ཁག་གི་ལས་ཁུངས་བཅས་ལ་དབང་སྐུར་བྱས། སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ལས་ཁུངས་དང་དེ་བཞིན་མན་ཅི་དང་ནེ་ཅང་གྲོང་ཁྱེར་གྱི་རིམ་ཁག་ལས་ཁུངས་དང་དེ་བཞིན་སློབ་གསོ་པུའུ་དང་། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ནད་ཡམས་བརྟག་ཞིབ་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་རིམ་པ་དེ་གའི་ལས་ཁུངས(ཐད་གཏོགས་སྒྲིག་གཞི་ཚུད་མེད)བཅས་ཀྱིས་གཞུང་ཞབས་པའི་གོ་གནས་དང་འགན་རིམ་ལམ་ལུགས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས་གཞུང་ཞབས་པའི་བཅའ་ཁྲིམས་ཀྱི་འགོ་ཁྲིད་མིན་པའི་དོ་དམ་སྐོར་གྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་སྤྱད་འཐུས།

ཞིབ་ཕྲའི་ཚོད་ལྟའི་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་བྱེད་པར་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། ཚོད་ལྟའི་དུས་ཡུན་ལོ་གཉིས་ཡིན། ཆོད་དོན་འདི་སྤྱི་ལོ2016ལོའི་ཟླ12བའི་ཚེས26ཉིན་ནས་ལག་བསྟར་བྱེད་དགོས།

14 ཚད་རིམ་གཏན་འབེབས།

《གསར་དུ་བསྡུ་སྤྱོད་བྱས་པའི་གཞུང་ཞབས་པའི་འགན་འཛིན་དང་རིམ་པ་གཏན་འཁེལ་གྱི་གཏན་འབེབས》

དོན་ཚན་དང་པོ། གསར་དུ་བསྡུ་སྤྱོད་བྱས་པའི་གཞུང་ཞབས་པའི་གོ་གནས་དང་རིམ་པ་གཏན་འཁེལ་ལུགས་མཐུན་དང་། གསར་དུ་བསྡུ་སྤྱོད་བྱས་པའི་གཞུང་ཞབས་པའི་གོ་གནས་དང་རིམ་པ་གཏན་འཁེལ་གྱི་ལས་དོན་ཚད་ལྡན་ཡོང་ཆེད་གཞུང་ཞབས་པའི་བཅའ་ཁྲིམས་དང་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་གཏན་འབེབས་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། གཞུང་ཞབས་པ་གསར་དུ་བསྡུ་སྤྱོད་བྱེད་སྐབས་གཏན་འབེབས་བྱས་པའི་སྒྲིག་གཞིའི་ཚད་གཞི་དང་། སྒྲིག་ཁོངས། གནས་གྲངས་ཀྱི་བཅད་གྲངས། དེ་བཞིན་ཀྲུའུ་རེན་ཁོའོ་ཡོན་མན་ཆད་དང་དེ་བཞིན་གོ་གནས་རིམ་པ་དང་མཚུངས་པའི་འགོ་ཁྲིད་མིན་པའི་གོ་གནས་ཁྱབ་ཁོངས་ནང་ངེས་པར་དུ་བསྐོ་གཞག་བྱེད་རྩིས་ཡོད་པའི་གོ་གནས་དང་དེའི་དེ་མཚུངས་ཀྱི་རིམ་པ་གཞིར་བཟུང་བྱེད་དགོས།

དོན་ཚན་གསུམ་པ། གཞུང་ཞབས་པ་གསར་དུ་བསྡུས་ནས་ཚོད་ལྟའི་བཀོལ་སྤྱོད་བྱེད་ཡུན་ཉིན་སུམ་ཅུའི་ནང་ཚུན་དུ་བསྐོ་གཞག་བྱེད་རྩིས་ཡོད་པའི་གོ་གནས་ཀྱི་བླང་བྱ་གཞིར་བཟུང་གཞུང་ཞབས་པའི་ཆ་རྐྱེན་དང་། འོས་འགན། སྒྲིག་ཁྲིམས་བཅས་ཀྱི་བླང་བྱ་གཞིར་བཟུང་གཞུང་ཞབས་པར་ལས་ཐོག་དཔྱད་ཞིབ་བྱེད་དགོས། གསར་དུ་བསྡུས་བའི་གཞུང་ཞབས་པ་དག་ལ་ལས་གནས་དཔྱད་ཞིབ་བྱེད་པ། 

དོན་ཚན་བཞི་པ། དཔྱད་ཞིབ་ཚད་ལོན་གྱི་གཞུང་ཞབས་པ་གསར་པ་བསྡུ་སྐབས་གཤམ་གསལ་གཏན་འབེབས་གཞིར་བཟུང་གོ་གནས་དང་རིམ་པ་གཏན་འཁེལ་བྱེད་དགོས་པ་སྟེ།

(གཅིག) ཐད་ཀར་སློབ་གྲྭ་རིགས་ཁག་གི་སློབ་ཐོན་སློབ་མའི་ཁྲོད་ནས་བསྡུ་ལེན་བྱས་པ་དང་ལས་ཀའི་ཉམས་མྱོང་མེད་པའི་གཞུང་ཞབས་པ་སྟེ། མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་ཐོན་སློབ་མས་ལས་སྒྲུབ་པར་བསྐོ་གཞག་བྱ་རྒྱུ་དང་། རིམ་པ་ཉེར་བདུན་པ་གཏན་འཁེལ་བྱ་རྒྱུ་དང་། སློབ་གྲྭ་ཆེན་མོའི་ཆེད་སྦྱོང་ཚན་ཁག་ནས་ཐོན་པའི་སློབ་མ་རྣམས་ཁོའོ་ཡོན་ལ་བསྐོ་གཞག་བྱ་རྒྱུ་དང་། སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་དང་། ཤེས་རམས་པའི་སློབ་གནས་གཉིས་ལྡན་གྱི་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ(སློབ་གྲྭའི་ལམ་ལུགས་ལོ་དྲུག་ཡན་གྱི་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་ཚུད་པ)ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་ཐོན་པ་དང་རབ་འབྱམས་པའི་སློབ་གནས་ཐོབ་མེད་པའི་ཞིབ་འཇུག་སློབ་མ་བཅས་ཁོའོ་ཡོན་ལ་བསྐོ་གཞག་བྱ་རྒྱུ་དང་། རིམ་པ་ཉེར་ལྔ་པར་གཏན་འཁེལ་བྱ་རྒྱུ་དང་། རབ་འབྱམས་པའི་མིང་བཏགས་ཐོབ་པའི་ཞིབ་འཇུག་སློབ་མ་རྣམས་ཀྲུའུ་རེན་ཁོའོ་ཡོན་གཞོན་པར་བསྐོ་གཞག་བྱ་རྒྱུ་དང་། རིམ་པ་ཉེར་བཞི་པར་གཏན་འཁེལ་བྱ་རྒྱུ། འབུམ་རམས་པའི་མིང་བཏགས་ཐོབ་པའི་ཞིབ་འཇུག་སློབ་མ་རྣམས་ཀྲུའུ་རེན་ཁོའོ་ཡོན་དུ་བསྐོ་གཞག་བྱ་རྒྱུ་དང་། རིམ་པ་ཉེར་གཉིས་པར་གཏན་འཁེལ་བྱ་རྒྱུ།

(གཉིས) གསར་དུ་བསྡུ་སྤྱོད་བྱས་པའི་གཞུང་ཞབས་པ་གཞན་དག་སྟེ། དེ་སྔ་གཞུང་ཞབས་པའི་ཐོབ་ཐང་ཡོད་ན་དེའི་གོ་གནས་དང་རིམ་པ་དཔྱད་གཞིར་འཛིན་ཆོག་པ་དང་། ལས་ཁུངས་དེ་གའི་ཆ་རྐྱེན་འཛོམས་པའི་མི་སྣ་དང་གོ་གནས་དང་རིམ་པ་གཏན་འཁེལ་བྱ་རྒྱུ། དེ་མིན་ལས་ཀའི་ཉམས་མྱོང་ཡོད་མཁན་ལ་དེའི་བསླབ་པ་དང་ལས་ཞུགས་ལོ་ཚད་ལ་གཞིགས་ནས་ལས་ཁུངས་དེ་གའི་ཆ་རྐྱེན་ཡོད་པའི་མི་སྣ་དང་གོ་གནས་དང་རིམ་པ་གཏན་འཁེལ་བྱེད་དགོས།

གཞུང་ཞབས་པ་གསར་དུ་བསྡུས་པའི་དུས་ཚོད་ནི་ཚོད་ལྟའི་དུས་ཡུན་ཐིམ་པའི་ཉིན་ནས་བརྩི་རྒྱུ།

དོན་ཚན་ལྔ་པ། གཞུང་ཞབས་པ་གསར་པ་བསྡུ་སྤྱོད་བྱེད་སྐབས་གཤམ་གསལ་གོ་རིམ་གཞིར་བཟུང་བྱེད་དགོས།

(གཅིག) ཚོད་ལྟའི་བཀོལ་སྤྱོད་བྱེད་རིང་གི་ཀུན་སྤྱོད་དང་། འཇོན་ཐང་། ལས་ཀའི་གྲུབ་འབྲས། སྤྱོད་གཙང་བཅས་ཀྱི་གནས་ཚུལ་ཕྱོགས་བསྡོམས་བྱ་རྒྱུ་དང་།

(གཉིས) རང་ཉིད་གནས་སའི་ལས་ཁུངས་ཀྱིས་ལས་འགན་འཁུར་རྩིས་དང་རིམ་པ་གཏན་འཁེལ་བྱེད་མཁན་མི་སྣར་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱ་རྒྱུ་དང་། ལས་གནས་འཛིན་རྩིས་དང་རིམ་པ་གཏན་འབེབས་བྱ་རྒྱུའི་བསམ་འཆར་འདོན་རྒྱུ།

(གསུམ) བསྐོ་འཐེན་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་དང་། གཞུང་ཞབས་པར་གསར་དུ་བསྡུ་སྤྱོད་བྱས་པའི་འགན་འཛིན་དང་རིམ་པ་གཏན་འཁེལ་གྱི་ཆོད་དོན་གཤམ་སྤྲོད་བྱ་རྒྱུ།

གཞུང་ཞབས་པའི་གོ་གནས་འཁུར་ཡུན་གཏན་འཁེལ་བྱས་རྗེས་འབྲེལ་ཡོད་གཏན་འབེབས་ལྟར་གཞུང་ཞབས་པ་ཐོ་འགོད་བྱེད་དགོས།

དོན་ཚན་དྲུག་པ། གཞུང་ཞབས་པ་གསར་དུ་བསྡུ་སྤྱོད་བྱེད་པའི་ལས་ཁུངས་ཀྱི་ཞབས་ཞུའི་ལོ་ཚད་དམའ་ཤོས་ལོ་ལྔ(ཚོད་ལྟའི་དུས་ཡུན་ཚུད)ཡིན།

དོན་ཚན་བདུན་པ། གཏན་འབེབས་འདི་དང་འགལ་བའི་གནས་ཚུལ་གཤམ་གསལ་རིགས་ཡོད་ཚེ་རྫོང་རིམ་ཡན་གྱི་འགོ་ཁྲིད་ལས་ཁུངས་སམ་ཡང་ན་གཞུང་ཞབས་པའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གནས་ཚུལ་མི་འདྲ་བར་གཞིགས་ནས་ཁག་སོ་སོར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་བའམ་ཡང་ན་རྩིས་འགྲོ་མེད་པ་ཁྱབ་བསྒྲགས་བྱེད་དགོས། དེའི་འགོ་ཁྲིད་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མིར་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐག་གཅོད་བྱ་དགོས་པ་སྟེ།

(གཅིག) སྒྲིག་གཞིའི་ཚད་གཞི་དང་གོ་གནས་ཀྱི་གྲངས་ཚད་ལས་བརྒལ་ནས་གསར་དུ་བསྡུ་བའི་གཞུང་ཞབས་པའི་ལས་གནས་འཛིན་རིམ་གཏན་འཁེལ་བྱས་པ།

(གཉིས) གཏན་འབེབས་ཀྱི་ཆ་རྐྱེན་དང་གོ་རིམ་ལྟར་གཞུང་ཞབས་པའི་ལས་གནས་འཁུར་རིམ་གཏན་འཁེལ་བྱས་མེད་པ།

(གསུམ) ཚོད་ལྟའི་བཀོལ་སྤྱོད་བྱེད་ཡུན་དེ་ལས་གནས་འཁུར་བའི་ལོ་ཚད་དུ་བརྩི་བ།

(བཞི) བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་བའི་གནས་ཚུལ་གཞན་དག་བཅས་ཡིན།

དོན་ཚན་བརྒྱད་པ། གཏན་འབེབས་འདི་ཕྱོགས་བསྡུས་དོ་དམ་རིགས་ཀྱི་གཞུང་ཞབས་པའི་གོ་གནས་དང་རིམ་པ་གཏན་འཁེལ་བྱེད་པར་སྤྱད་འཐུས།

རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་མ་བཏོན་གོང་གཞུང་ཞབས་པའི་རིགས་གཞན་གྱི་གོ་གནས་དང་རིམ་པ་གཏན་འཁེལ་བྱེད་སྐབས་གཏན་འབེབས་འདི་ལྟར་སྒྲུབ་དགོས།

དོན་ཚན་དགུ་པ། གཞུང་ཞབས་པའི་བཅའ་ཁྲིམས་དཔྱད་གཞིར་བཟུང་ནས་དོ་དམ་བྱེད་པའི་ལས་ཁུངས(སྡེ་ཚན)ནང་གི་ལས་བཟོ་མི་སྣ་ཕུད་པའི་གསར་དུ་བསྡུས་པའི་མི་སྣའི་འགན་ཡུན་དང་རིམ་པ་གཏན་ཁེལ་གྱི་བྱ་བ་དེ་གཏན་འབེབས་འདི་དཔྱད་གཞིར་བཟུང་ནས་ལག་བསྟར་བྱ་རྒྱུ།

དོན་ཚན་བཅུ་པ། གཏན་འབེབས་འདི་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་འགྲེལ་བཤད་འགན་འཁུར་དགོས།

དོན་ཚན་བཅུ་གཅིག་པ། གཏན་འབེབས་འདི་བསྒྲགས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་པ་དང་སྤྱི་ལོ1997ལོའི་ཟླ3པའི་ཚེས28ཉིན་ཁྱབ་བསྒྲགས་བྱས་པའི《གསར་དུ་བསྡུ་སྤྱོད་བྱས་པའི་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་གོ་གནས་འཛིན་རིམ་གཏན་འཁེལ་གྱི་གནས་སྐབས་ལག་བསྟར་གཏན་འབེབས》(མི་སྤེལ[1997]ཡིག་ཨང33པ)དུས་མཚུངས་སུ་རྩིས་མེད་གཏོང་རྒྱུ།

15 རིམ་པ 27

ཀྲུང་གོར་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་རིམ་པ་ཉེར་བདུན་དུ་དབྱེ་ཡོད།

གཞུང་ཞབས་པའི་འགོ་ཁྲིད་གོ་གནས་ཀྱི་རིམ་པ་དང་ཚད་རིམ་བར་གྱི་ལྟོས་ཟླའི་འབྲེལ་བ།

1 རྒྱལ་ཁབ་རིམ་པའི་གོ་གནས་གཙོ་བོ ། རིམ་པ་དང་པོ།

2 རྒྱལ་ཁབ་རིམ་པའི་གོ་གནས་གཞོན་པ། རིམ་པ་གཉིས་པ་ནས་རིམ་པ་བཞི་པའི་བར།

3 ཞིང་ཆེན་པུའུ་རིམ་པའི་གོ་གནས་གཙོ་བོ། རིམ་པ་བཞི་པ་ནས་བརྒྱད་པའི་བར།

4 ཞིང་ཆེན་པུའུ་རིམ་པའི་གོ་གནས་གཞོན་པ།  རིམ་པ་དྲུག་པ་ནས་བཅུ་པའི་བར།

5 ཐིན་ཅུས་རིམ་པའི་གོ་གནས་གཙོ་བོ། རིམ་པ་བརྒྱད་པ་ནས་བཅུ་གསུམ་པའི་བར།

6 ཐིན་དང་ཅུས་རིམ་པའི་གོ་གནས་གཞོན་པ། རིམ་པ་བཅུ་པ་ནས་རིམ་པ་བཅོ་ལྔ་བ།

7 རྫོང་ཁྲུའུ་རིམ་པའི་གོ་གནས་གཙོ་བོ། རིམ་པ་བཅུ་གཉིས་པ་ནས་རིམ་པ་བཅོ་བརྒྱད་པའི་བར།

8 རྫོང་ཁྲུའུ་རིམ་པའི་གོ་གནས་གཞོན་པ། རིམ་པ་བཅུ་བཞི་ནས་ཉི་ཤུའི་བར།

9 ཤང་ཁོའོ་རིམ་པའི་གོ་གནས་གཙོ་བོ།   རིམ་པ་བཅུ་དྲུག་པ་ནས་རིམ་པ་ཉེར་གཉིས་པའི་བར།

10 ཤང་ཁོའོ་རིམ་པའི་གོ་གནས་གཞོན་པ།  རིམ་པ་བཅུ་བདུན་པ་ནས་ཉེར་བཞི་བར།

11 ཀུའུ་ཧྲི་རིམ་པའི་གོ་གནས་གཙོ་བོ། རིམ་པ་བཅོ་བརྒྱད་པ་ནས་རིམ་པ།

12 ཀུའུ་ཧྲི་རིམ་པའི་གོ་གནས་གཞོན་པ། རིམ་པ་བཅུ་དགུ་པ་ནས་ཉེར་བདུན་པའི་བར།

.jpg

15_1 ཆེད་ལས་ལག་རྩལ་རིགས་ཀྱི་གཞུང་ཞབས་པ།

ཆེད་ལས་ལག་རྩལ་རིགས་ཀྱི་གཞུང་ཞབས་པའི་གོ་གནས་དེ་རིམ་པ་བཅུ་གཅིག་ཏུ་དབྱེ་ཡོད། ཐུན་མོང་དུ་སྤྱོད་པའི་གོ་གནས་ཀྱི་མིང་ནི་མཐོ་བ་ནས་དམའ་བའི་བར་ཡིན་པ་སྟེ། རིམ་པ་དང་པོ་དང་། རིམ་པ་གཉིས་པ། རིམ་པ་དང་པོའི་མཐོ་རིམ་གཙོ་སྐྱོང་མི་སྣ། རིམ་པ་གཉིས་པའི་མཐོ་རིམ་གཙོ་སྐྱོང་མི་སྣ། རིམ་པ་གསུམ་པའི་མཐོ་རིམ་གཙོ་སྐྱོང་མི་སྣ། རིམ་པ་བཞི་པའི་མཐོ་རིམ་གཙོ་སྐྱོང་མི་སྣ། རིམ་པ་དང་པོའི་གཙོ་སྐྱོང་མི་སྣ། རིམ་པ་གཉིས་པའི་གཙོ་སྐྱོང་མི་སྣ། རིམ་པ་གསུམ་པའི་གཙོ་སྐྱོང་མི་སྣ། རིམ་པ་བཞི་པའི་གཙོ་གཉེར་མི་སྣ། ཆེད་ལས་བཅས་ཡིན།

15_2 སྲིད་འཛིན་ཁྲིམས་བསྟར་རིགས་ཀྱི་གཞུང་ཞབས་པ།

སྲིད་འཛིན་ཁྲིམས་བསྟར་རིགས་ཀྱི་གཞུང་ཞབས་པའི་གོ་གནས་ནི་རིམ་པ་བཅུ་གཅིག་ཏུ་དབྱེ་ཡོད། ཀུན་སྤྱོད་གོ་གནས་ཀྱི་མིང་ནི་མཐོ་བ་ནས་དམའ་བའི་བར་ཡིན་པ་སྟེ། སྒྲུབ་སྐུལ་སྤྱི་འདོམས་དང་། རིམ་པ་དང་པོའི་མཐོ་རིམ་གཙོ་གཉེར། རིམ་པ་གཉིས་པའི་མཐོ་རིམ་གཙོ་གཉེར། རིམ་པ་གསུམ་པའི་མཐོ་རིམ་གཙོ་གཉེར། རིམ་པ་བཞི་པའི་མཐོ་རིམ་གཙོ་གཉེར། རིམ་པ་དང་པོའི་གཙོ་གཉེར། རིམ་པ་གཉིས་པའི་གཙོ་གཉེར། རིམ་པ་གསུམ་པའི་གཙོ་གཉེར། རིམ་པ་བཞི་པའི་སྲིད་འཛིན་ཁྲིམས་འཛིན་གཙོ་གཉེར། རིམ་པ་དང་པོའི་སྲིད་འཛིན་ཁྲིམས་འཛིན་པ། རིམ་པ་གཉིས་པའི་སྲིད་འཛིན་ཁྲིམས་འཛིན་པ་བཅས་རེད།

དམག་དཔུང་གི་གོ་མིང་རིམ་པ(གོ་རྟགས)ལ་ཧྲང་ཅང་དང་། ཀྲུང་ཅང་། ཧྲའོ་ཅང་། ཏ་ཞའོ། ཧུའུ་ཞའོ། ཀྲུང་ཞའོ། ཀྲུང་ཝེ། ཀྲུང་ཝེ། ཧྲའོ་ཝེ་བཅས་རིམ་པ་དང་པོའི་ཅུན་དཔོན་དང་། རིམ་པ་གཉིས་པའི་ཅུན་དཔོན་དང་། རིམ་པ་བཞི་པའི་ཅུན་དཔོན་དང་། ཧྲང་ཧྲི། ཀྲུང་ཧྲི། ཞ་ཧྲི་བཅས་ཡོད།

16 གླ་ཕོགས་གནས་ཚུལ།
16_1 གླ་ཆའི་གྲུབ་ཆ།

སྤྱི་ལོ2006ལོར་གཞུང་ཞབས་པའི་གཞི་རྩའི་གླ་ཕོགས་གྲུབ་ཚུལ་དེ་སྔར་ཡོད་ཀྱི་ལས་གནས་གླ་ཕོགས་དང་། རིམ་པའི་གླ་ཕོགས། རྨང་གཞིའི་གླ་ཕོགས། ལས་ལོ་གླ་ཕོགས་བཅས་ཁག་བཞི་ནས་ལས་གནས་ཀྱི་གླ་ཕོགས་དང་རིམ་པའི་གླ་ཕོགས་ཁག་གཉིས་སུ་ལེགས་སྒྲིག་བྱས་ནས་རྨང་གཞིའི་གླ་ཕོགས་དང་ལས་ཞུགས་ལོ་ནའི་གླ་ཕོགས་མེད་པར་བཟོ་རྒྱུ།

གོ་གནས་ཀྱི་གླ་ཕོགས། གཙོ་བོ་གཞུང་ཞབས་པའི་ལས་ཀའི་འགན་འཁྲི་ཆེ་ཆུང་། གོ་གནས་གཅིག་ལ་གླ་ཕོགས་ཀྱི་ཚད་གཞི་གཅིག་མཚུངས་ཡིན་པ་དང་། འགོ་ཁྲིད་ཀྱི་གོ་གནས་དང་གོ་གནས་རིམ་པ་འདྲ་མཚུངས་ཡིན་པའི་འགོ་ཁྲིད་མིན་པའི་གོ་གནས་ལ་གླ་ཕོགས་ཀྱི་ཚད་གཞི་མི་འདྲ་བ་ཡོད། གཞུང་ཞབས་པས་འཁུར་འཁྲིའི་ལས་འགན་ལྟར་བབ་མཚུངས་ཀྱི་གོ་གནས་གླ་ཕོགས་ཀྱི་ཚད་གཞི་ལག་བསྟར་བྱེད་དགོས།

ཚད་རིམ་གླ་ཕོགས། གཙོ་བོ་གཞུང་ཞབས་པའི་ལས་ཀའི་གྲུབ་འབྲས་དངོས་དང་བསླབ་པ་རྒན་གཞོན་མཚོན་དགོས། གཞུང་ཞབས་པའི་རིམ་པ་དེ་སྔར་ཡོད15ནས27བར་ལེགས་སྒྲིག་བྱས་ནས་ད་ལྟ་སྤྱོད་བཞིན་པའི་རིམ་པ་མེད་པ་བཟོ་རྒྱུ། གོ་གནས་རེ་རེའི་རིམ་པ་ནི་རིམ་པ་ཁ་ཤས་དང་། རིམ་པ་རེ་རེར་གླ་ཕོགས་ཀྱི་རིམ་པ་ཁ་ཤས་འཛུགས་དགོས། གཞུང་ཞབས་པས་རང་འཁྲིའི་གོ་གནས་དང་། སྤྱོད་ཡོན་མཚོན་ཚུལ། ལས་ཀའི་གྲུབ་འབྲས། བསླབ་རིམ་བཅས་གཞིར་བཟུང་རིམ་པ་དང་རིམ་པའི་གླ་ཕོགས་རིམ་པ་གཏན་འཁེལ་བྱས་ཏེ་དེ་མཚུངས་ཀྱི་རིམ་པའི་གླ་ཕོགས་ཚད་གཞི་ལག་བསྟར་བྱེད་དགོས།

16_2 བྱ་གཞག་ཚན་ཁག།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་དྲུག་གི་ནང་དུ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་བསྐུར་བའི་དོ་དམ་གྱི་འགན་ནུས་ཡོད་པའི་བྱ་གཞག་ཚན་ཁག་ནང་གི་ཞབས་འདེགས་པ་ཕུད་པའི་ལས་བྱེད་མི་སྣ་རྣམས་ཆོག་མཆན་ཐོབ་པ་བརྒྱུད་བཅའ་ཁྲིམས་འདི་དཔྱད་གཞིར་བཟུང་ནས་དོ་དམ་བྱ་རྒྱུ།

གཞུང་ཞབས་པའི་བཅའ་ཁྲིམས་གཞན་དག་ནང་གཏན་འབེབས་བྱས་དོན། གཞུང་ཞབས་པའི་ཆ་རྐྱེན་དང་། འོས་འགན། ཁེ་དབང་། གོ་གནས་དང་རིམ་པ། བསྡུ་བ། དཔྱད་ཞིབ། གོ་གནས་བསྐོ་འཐེན། བྱ་དགའ་སྤྲོད་པ། ཆད་གཅོད་བསླབ་འདོམས་དང་སྦྱོང་བརྡར། སྤེལ་རེས་དང་ཟུར་གཡོལ། གླ་ཕོགས་དང་ཕན་བདེའི་འགན་བཅོལ། ལས་གནས་དགོངས་ཞུ། ཞུ་གཏུག་དང་ཞུ་གཏུགལས་གནས་གདན་ཞུ། ཁྲིམས་འབྲེལ་ཁུར་འཁྲིའི་སྐོར། ཞར་བྱུང་དོན་ཚན་སོགས་ཚུད་པའི་བརྗེ་རེས་དང་སྐོང་འཐེན་སོགས་ཀྱི་ཐོབ་ཐང་གཅིག་མཚུངས་ཡིན།

17 འདེམས་སྤོར་སློབ་མ།

འདེམས་སྤོར་སློབ་མ་ཡང་གཞུང་ཞབས་པའི་ཁོངས་གཏོགས་སུ་གཏོགས་མོད། འོན་ཀྱང་གཞུང་ཞབས་པ་དཀྱུས་མ་དང་ཁྱད་པར་ངེས་ཅན་ཞིག་ཡོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཏང་ཨུའི་རྩ་འཛུགས་སྡེ་ཁག་གིས་འཆར་གཞི་ཡོད་པའི་སྒོ་ནས་མཐོ་རིམ་སློབ་གྲྭ་ནས་འདེམས་སྒྲུག་བྱས་པའི་སྤྱོད་ཡོན་གཉིས་ལེགས་ཀྱི་ལོ་འདི་གའི་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་ཐོན་སློབ་མའི་བསྡུས་མིང་ཡིན་ཞིང་། སློབ་ཐོན་སློབ་མ་དེ་དག་ཐད་ཀར་ས་གནས་ཀྱི་གཞི་རིམ་ཏང་སྲིད་སྡེ་ཁག་ཏུ་ལས་ཀ་བྱེད་པར་བསྐྱོད་དེ་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འོས་མི་དང་རྫོང་རིམ་པ་ཡན་གྱི་ཏང་སྲིད་ལས་ཁུངས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་མི་སྣའི་འོས་མི་བྱས་ནས་གཙོ་གནད་དུ་གསོ་སྐྱོང་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམིགས་བསལ་གཞུང་ཞབས་པའི་ཚོགས་སྤྱི་ཞིག་ཡིན།

18 མིང་ཐོ་འགོད་པའི་ཆ་རྐྱེན།

གདམ་སྤོར་སྐོང་འཐེན་སློབ་མའི་མིང་ཐོ་འགོད་པའི་ཆ་རྐྱེན་ཅུང་མཐོ་བ་དང་། རྒྱལ་ཁབ་ཀྱི་གཞུང་ཞབས་པ་དཀྱུས་མའི་མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་པ་ཕུད། ད་དུང་ཆབ་སྲིད་ཀྱི་བྱང་ཚད་ཡག་པོ་ཡོད་པ་དང་། ཏང་སྲིད་ཀྱི་ལས་དོན་ལ་གཞོལ་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ཕུལ་བྱུང་སློབ་མ་ཡིན་པའི་བླང་བྱ་བཏོན་ཡོད། གཙོ་བོ་དངོས་གཞི་སློབ་མ་དང་ཞིབ་འཇུག་སློབ་མའི་ཁྲོད་ཀྱི་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་སློབ་མའི་ལས་བྱེད་པ། གསུམ་བཟང་སློབ་མ་བཅས་བདམས་སྤོར་སྐོང་འཐེན་བྱ་དགོས།

19 གསོ་སྐྱོང་དམིགས་འབེན།

འདེམས་སྤོར་སློབ་མ་གསོ་སྐྱོང་བྱེད་ཕྱོགས་གཙོ་བོ་ནི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འོས་མི་དང་རྫོང་རིམ་པ་ཡན་གྱི་ཏང་སྲིད་ལས་ཁུངས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་མི་སྣའི་འོས་མི་ཡིན། གཞུང་ཞབས་པ་སྤྱིར་བཏང་དུ་བསྡུ་རྒྱུ་ནི་འགོ་ཁྲིད་ཀྱི་གོ་གནས་མིན་པའི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཡིན།

20 འདེམས་སྒྲུག་ལས་རིམ།

འདེམས་སྤོར་སློབ་མ་རང་ཉིད་ཀྱིས་རང་མོས་ངང་མིང་ཐོ་བཀོད་པ་དང་། སློབ་གྲྭ་དང་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་འོས་སྦྱོར། རྩ་འཛུགས(མི་དོན)སྡེ་ཚན་གྱི་རྒྱུགས་ལེན་དཔྱད་ཞིབ་ཟུང་འབྲེལ་བཅས་ཀྱི་བྱ་ཐབས་སྤྱོད་རྒྱུ། གཞུང་ཞབས་པ་བསྡུ་བའི་རྒྱུགས་གཞི་དེ་ཡིག་རྒྱུགས་དང་ངོ་རྒྱུགས་ཀྱི་རྣམ་པའི་ཐོག་ནས་གཏོང་དགོས་པ་ལས་སློབ་གླིང་དང་སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱེད་མི་དགོས།

21 འཕེལ་རྒྱས་ཀྱི་མདུན་ལྗོངས།

འདེམས་སྤོར་སློབ་མ་ནི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རྩ་འཛུགས་པུའུ་ཡིས་ཁོང་དུ་ཆུད་པའི་རྗེས་གྲབས་ལས་བྱེད་པ་ཡིན་ཞིང་། རྒྱུགས་ལེན་བསྡུ་ལེན་བྱས་པའི་གཞུང་ཞབས་པ་ནི་སྤྱིར་བཏང་གི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡིན། འདེམས་སྤོར་སློབ་མའི་གནས་སྤར་གྱི་མྱུར་ཚད་ནི་གཞུང་ཞབས་པ་ལས་མགྱོགས་པ་དང་།སྤྱིར་བཏང་གི་དངོས་གཞི་མཐར་ཕྱིན་སློབ་མས་གཏན་ཁེལ་གྱི་ཁོའོ་ཡོན་དང་། རབ་འབྱམས་པས་གཏན་འཁེལ་གྱི་ཁོའོ་གཞོན་པ། འབུམ་རམས་པས་གཏན་འཁེལ་གྱི་ཁོའོ་བཅས་ཡིན། རང་རྒྱལ་གྱི་ལས་བྱེད་པའི་དཔུང་སྡེའི་ནང་དུ་ལོ་ན་གཞོན་ཞིང་འཇོན་ཐང་ལྡན་པའི་འགོ་ཁྲིད་ལས་བྱེད་པ་མང་པོ་ཞིག་ནི་འདེམས་སྤོར་སློབ་མ་ཡིན། དེར་བརྟེན་རྩ་འཛུགས་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་འདེམས་སྤོར་སློབ་མ་ལས་ཀ་དེ་ཕུལ་བྱུང་ན་གཞོན་ལས་བྱེད་པའི“འབྱུང་རྩའི་ལས་གཞིར”བརྩི་བཞིན་ཡོད།

འདེམས་སྤོར་སློབ་མ་གནས་སྤར་བྱེད་སྐབས་སྤྱིར་ན་གཡར་སྤྱོད་བྱེད་སྟངས་སྤྱད་དེ་གཡར་སྤྱོད་ལོ་གཅིག་བྱས་ཚེ་གཡར་སྤྱོད་ཚན་པར་བསྒྱུར་ཆོག་པ་དང་གཞུང་ཞབས་པའི་ལས་གནས་སྒྲིག་ཁོངས་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་ཡོངས་བསྒྲགས་མ་བྱས་པར་ཐད་ཀར་གནས་སྤར་བྱེད་ཆོག་པ་དང་གཡར་སྤྱོད་ཚན་པ་ནི་ཞིང་ཆེན་རིམ་པའི་ལས་ཁུངས་སམ་ཡང་ན་སློབ་མ་དེ་གནས་སའི་གྲོང་ཁྱེར་རིམ་པའི་རྩ་འཛུགས་པུའི་མི་དོན་ཁྱབ་ཁོངས་ནང་ཚུད་ཆོག

22 བསྒྱུར་བཅོས་གནས་ཚུལ།

གཞུང་ཞབས་པའི་ལས་གནས་དེ་གཅིག་ནས་གཞི་རིམ་དུ་རིམ་པ་གསུམ་ལ་དབྱེ་ན་ཁྲུའུ་རིམ་པའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། གནས་ཚུལ་ཤེས་མཁན་མི་སྣས་ཅིང་ཧྭ་སྐབས་དོན་ཚགས་པར་ཐོག་གསར་འགོད་པར་གནས་སྐབས་ལག་བསྟར་བྱ་ཐབས་དེ་གཉིས་ཀྱི་ལག་བསྟར་ཁ་ཕྱོགས་ནང་རང་ཚུགས་ཀྱི་གོ་གནས་བང་རིམ་འཛུགས་པ་དང་ལས་གནས་གཏན་འཁེལ་བྱེད་པའི་རྩ་དོན་དང་དེ་བཞིན་འབྱུང་འགྱུར་དམིགས་སའི་རང་བཞིན་ལྡན་པའི་ཆ་འཕྲིན་ཅན་གྱི་དོ་དམ་དང་ཐད་ཀར་རིགས་དབྱེའི་རྒྱུགས་ལེན་སོགས་ཀྱི་ནང་དོན་ཚུད་ཡོད་ཅེས་བཤད་པ་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་གཞུང་ཞབས་པ་ནི་གཙོ་བོ་ཕྱོགས་བསྡུས་དོ་དམ་རིགས་ཀྱི་གཞུང་ཞབས་པའི་རིགས་ཡིན་པ་དང་སླད་ཕྱིན་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པར་ཕྱོགས་བསྡུས་དོ་དམ་དང་། སྲིད་འཛིན་ཁྲིམས་བསྟར། ཆེད་ལས་ལག་རྩལ་བཅས་སུ་དབྱེ་རྒྱུ་དང་ལས་གནས་དེ་སྲིད་འཛིན་ལས་ཁུངས་ཁག་གི་དེ་མཚུངས་ཀྱི་ལས་གནས་སུ་དབྱེ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པ་དེ་གཙོ་བོ་ཕྱོགས་བསྡུས་དོ་དམ་རིགས་ཀྱི་གཞུང་ཞབས་པས་གྲུབ་པ་ཞིག་ཡིན་པ་དང་ལྷག་པའི་གནད་དོན་ཆེན་པོ་ཞིག་ནི་གཞུང་ཞབས་པའི་འཕེལ་རྒྱས་ཀྱི་བར་མཐོངས་ལ་ཚད་ཡོད་པས། དམག་དཔུང་ཁྲི་སྟོང་མང་པོས་སྲིད་འཛིན་གོ་གནས་འགྲན་རྩོད་བྱེད་པའི་ལམ་བུའི་ཐོག་བསྐྱོད་དགོས་པ་དེ་རེད། དཔེར་ན་ཁྲུའུ་རིམ་པའི་ལས་བྱེད་པར་མི་འགྱུར་ན། གཞུང་ཞབས་པར་ཁྲུའུ་རིམ་པའི་ལས་བྱེད་པའི་ཐོབ་ཐང་ཐོབ་ཐབས་མེད། གཞི་རིམ་གྱི་གཞུང་ཞབས་པ་མང་པོ་ཞིག་གི་ཐོབ་ཐང་གི་ཆུ་ཚད་མཐོན་པོ་མེད་པ་དང་ལོ་བཅུ་ཕྲག་ཁ་ཤས་རིང་ལས་ཀ་བྱས་ནས་རྒན་ཡོལ་ཞུས་ཀྱང་ཐོབ་ཐང་ཐོག་མཐའ་བར་གསུམ་དུ་མཐོ་རུ་འགྲོ་ཁག་པོ་ཡོད།

གནས་སྐབས་ལག་བསྟར་བྱ་ཐབས་དེ་གཉིས་ལག་ལེན་བསྟར་ཐུབ་པ་བྱུང་ཚེ། རྒྱ་ཆེའི་གཞུང་ཞབས་པའི་གོ་གནས་མཐོ་རུ་གཏོང་ཡུལ་རྒྱ་ཆེ་རུ་འགྲོ་རྒྱུ་དང་། སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་གཞུང་ཞབས་པ་དང་ཆེད་ལས་ལག་རྩལ་རིགས་ཀྱི་གཞུང་ཞབས་པས་བསམ་བློ་གཏོང་ཐེངས་གཅིག་གིས་སྲིད་འཛིན་རིམ་པ་འགྲན་རྩོད་བྱེད་མི་དགོས། གལ་སྲིད་འཇོན་ཐང་ལྡན་ཚེ་འཕེལ་རྒྱས་ཀྱི་བགྲོད་ལམ་རང་བཞིན་གྱིས་འབྱེད་ཐུབ།

གནས་ཚུལ་ཤེས་རྟོགས་བྱེད་མཁན་མི་སྣས་སྲིད་འཛིན་རིམ་པ་མཐོ་རུ་གཏོང་བའི་བར་སྟོང་ལ་ཚད་ཡོད་པས། གཞུང་ཞབས་པ་རིགས་དབྱེ་སྒྱུར་བཅོས་བྱས་རྗེས་གཅིག་གྱུར་མིན་པའི་ཞིབ་ཚགས་ཅན་གྱི་དོ་དམ་གྱིས་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་གཞུང་ཞབས་པ་དང་ཆེད་ལས་ལག་རྩལ་རིགས་ཀྱི་གཞུང་ཞབས་པས་ལས་སྒོ་བགྲོ་གླེང་དང་། ལག་རྩལ་རིམ་པ་མཐོར་གཏོང་། ལས་ཀའི་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཐད་ཀྱི་ཧུར་བརྩོན་རང་བཞིན་དེ་བས་ལེགས་པའི་སྒོ་ནས་འཕེལ་བར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད། དེ་མཚུངས་ཀྱི་དཔྱད་ཞིབ་མ་ལག་བརྒྱུད་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་གཞུང་ཞབས་པ་དང་ཆེད་ལས་ལག་རྩལ་རིགས་ཀྱི་གཞུང་ཞབས་པར་རིམ་པ་མི་འདྲ་བ་བཟོས་ནས་དེར་སྲིད་འཛིན་རིམ་པ་སྤར་བ་ཕུད་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་མང་བ་ཐོབ་པ་བྱེད་དགོས། དེ་སྔའི་གཞུང་ཞབས་པ་དམག་ཁྲི་སྟོང་མང་པོར་བརྟེན་ནས་ཤིང་ཟམ་དུ་སྐྱོད་པའི་ལོ་རྒྱུས་ལ་འགྱུར་ལྡོག་ཕྱིན་ནས་འཁོར་ལམ་མང་པོ་དང་དེ་བས་མང་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་མངོན་འགྱུར་ཐུབ་རྒྱུ་རེད། གཞུང་ཞབས་པའི་རིགས་དབྱེའི་སྒྱུར་བཅོས་དེ་དོ་དམ་ཞིབ་ཚགས་སུ་བཏང་བ་བརྒྱུད་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གཞུང་ཞབས་པར་དོ་དམ་བྱ་རྒྱུ་ཡིན་པ་རེད། དེས་གཞུང་ཞབས་པས་ལས་ཀ་ཡག་པོ་བྱེད་པ་དང་དུས་མཚུངས་ཐོབ་ཐང་མཐོ་རུ་བཏང་བ་བརྒྱུད་ཤེས་ལྡན་མི་སྣར་མགོ་གནོན་མི་ཐེབས་པ་བྱ་རྒྱུ་དང་དུས་མཚུངས་གཞུང་ཞབས་པའི་ལས་ཕྱོད་ཆེ་རུ་དང་སྲིད་འཛིན་གྱི་ཕན་འབྲས་ཆེ་རུ་བཏང་ནས་མི་སེར་ལ་དེ་བས་ལེགས་པའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

སྤྱི་ལོ2018ལོའི་ཟླ12པའི་ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ལོ2019ལོའི་ཟླ3པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《གཞུང་ཞབས་པའི་གོ་གནས་དང་འགན་རིམ་གྱི་གཏན་འབེབས》པར་འགྲེམས་བྱས་པ་དང་འབྲེལ་ས་གནས་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སྤྱི་ཚོགས་ལས་ཁུངས།