རྒྱལ་ཁབ་ལྕགས་ལམ་ཅུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-11-28 17:15ལ་འགྲུབ།

རྒྱལ་ཁབ་ལྕགས་ལམ་ཅུས།

རྒྱལ་ཁབ་ལྕགས་ལམ་ཅུས།
རྒྱལ་ཁབ་ལྕགས་ལམ་ཅུས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་པུའུ་ཨུ་ཡིས་དོ་དམ་བྱས་ཡོད་པའི་རྒྱལ་ཁབ་ཅུས་ཀྱི་ཁོངས་སུ་གཏོགས་ཤིང་། པུའུ་རིམ་གཞོན་པའི་ལས་ཁུངས་ཤིག་ཡིན། སྤྱི་ལོ2013ལོའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་གཞན་སྒྱུར་གྱི་ཇུས་གཞི》གཞིར་བཟུང་ནས། དེ་སྔའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་པུའུ་ཡི་ལས་ཁུངས་ཁག་གཅིག་གི་མིང་བསྒྱུར་ནས་བསྐྱར་འཛུགས་བྱས་ཤིང་།(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་པུའུ་ཡི་ལས་ཁུངས་གཞན་དག་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་ཟི་རུ་སོར་འཇོག་བྱས)སྤྱི་ལོ2014ལོའི་ཟླ1པོར་སྒོ་བྱང་བཀལ་ནས་ཀྲུང་གོའི་ལྕགས་ལམ་ཅུས་དངོས་སུ་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家铁路局
ཕྱི་ཡིག་གི་མིང་།
National Railway Administration of People's Republic of China
བཙུགས་ལོ།
སྤྱི་ལོ2014ལོའི་ཟླ1པའི་ཚེས6ཉིན་བཙུགས།
ཁོངས་གཏོགས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།
རིགས་དབྱེ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུ་ཡིས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུས།
ངོ་བོ།
རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས།
སྲིད་འཛིན་ཚད་རིམ།
པུའུ་རིམ་གཞོན་པ།
ལས་ཁུངས་སྔོན་མ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་པུའུ།
སྡོད་གནས།
པེ་ཅིང་གྲོང་ཁྱེར་བསྐྱར་དར་ལམ་ཨང་རྟགས6པ།
གཞུང་ཕྱོགས་དྲ་བ།
http://www.nra.gov.cn/
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ1པོར། ཀྲུང་གོ་མི་དམངས་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་ལྕགས་ལམ་པུའུ(བསྡུས་མིང་ལ“དམག་ཨུའི་ལྕགས་ལམ་པུའུ”ཞེས་འབོད)བཙུགས། སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། དམག་དོན་ཨུ་ཡོན་ལྷན་ཁང་གི་ལྕགས་ལམ་པུའུ་དེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལྕགས་ལམ་པུའུ་རུ་བཅོས་སྒྲིག་བྱས་ཤིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་ཁང་གིས་འགོ་ཁྲིད་བྱས། སྲིད་གཞུང་གི་ལས་ཁུངས་ཡིན་པའི་ཆ་ནས་རྒྱལ་ཡོངས་ཀྱི་ལྕགས་ལམ་ལ་ཁོངས་སྒྲིལ་དོ་དམ་བྱས་ཡོད།

སྤྱི་ལོ1954ལོའི་ཟླ9པའི་ཚེས20ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་ཁང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་བསྒྱུར་བ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ལྕགས་ལམ་པུའུ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་པུའུ་རུ་བསྒྱུར།

སྤྱི་ལོ1967ལོའི་ཟླ6པར། ལྕགས་ལམ་པུའུ་ལ་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་བྱས།

སྤྱི་ལོ1970ལོའི་ཟླ7པར། ལྕགས་ལམ་པུའུ་དང་འགྲིམ་འགྲུལ་པུའུ། སྦྲག་གློག་པུའུ་ཡི་ཁོངས་གཏོགས་ཀྱི་སྦྲག་སྲིད་ལས་ཁུངས་སྐོར་ཞིག་མཉམ་སྒྲིལ་བྱས་ནས་འགྲིམ་འགྲུལ་པུའུ་གསར་བ་བཙུགས།

སྤྱི་ལོ1975ལོའི་ཟླ1པོར། ལྕགས་ལམ་པུའུ་དང་འགྲིམ་འགྲུལ་པུའུ་ཕྱོགས་གཉིས་སུ་ཕྱེས་ཤིང་། ལྕགས་ལམ་པུའུ་བསྐྱར་འཛུགས་བྱས།

སྤྱི་ལོ1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་པར་འགྲེམས་བྱས་པའི《ལྕགས་ལམ་པུའུ་ཡི་འགན་ནུས་བཀོད་སྒྲིག་དང་ནང་ཁུལ་གྱི་སྒྲིག་གཞི། མི་སྣའི་སྒྲིག་ཁོངས་བཅས་ཀྱི་ཇུས་གཞི》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་ནས་སྤེལ། སྤྱི་ལོ1994ལོའི་གཞུང་ཡིག་ཨང་རྟགས16པ)ཞེས་པའི་ཡིག་ཆའི་ནང་གསལ་བར་བསྟན་དོན། ལྕགས་ལམ་པུའུ་ཡིས་སྲིད་གཞུང་དང་ཁེ་ལས་ཀྱི་འགན་འཁྲི་ཉིས་བརྩེགས་ཁུར་ཡོད་ལ། སྤྱི་ལོ1998ལོར་སྒྲིག་གཞི་སྒྱུར་བཅོས་བྱེད་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་པར་འགྲེམས་བྱས་པའི《ལྕགས་ལམ་པུའུ་ཡི་འགན་ནུས་བཀོད་སྒྲིག་དང་ནང་ཁུལ་གྱི་སྒྲིག་གཞི་དང་མི་སྣའི་སྒྲིག་ཁོངས་བཅས་ཀྱི་གཏན་འབེབས》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་ནས་སྤེལ། སྤྱི་ལོ1998ལོའི་གཞུང་ཡིག་ཨང་རྟགས85པ)ཞེས་པའི་ཡིག་ཆའི་ནང་བསྟན་དོན། ལྕགས་ལམ་པུའུ་ཡིས་ལས་རིགས་ཀྱི་ཁྱད་ཆོས་དང་མིག་སྔའི་དོན་དངོས་གཞིར་བཟུང་ནས་སྒྱུར་བཅོས་བྱས་པར་བརྒྱུད། སྲིད་གཞུང་གི་དོ་དམ་འགན་ནུས་དང་། སྤྱི་ཚོགས་ཀྱི་དོ་དམ་འགན་ནུས། ཁེ་ལས་ཀྱི་དོ་དམ་འགན་ནུས་བཅས་དབྱེ་འབྱེད་གཏན་འབེབས་བྱས་པ་དང་འབྲེལ་རིམ་བཞིན་ལས་ཁག་སོ་སོར་ཕྱེས་ཡོད།

སྤྱི་ལོ2008ལོའི་ཟླ3པར། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཀོད་སྒྲིག་སྐོར་གྱི་བརྡ་ཐོ》(རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤེལ། སྤྱི་ལོ2008ལོའི་གཞུང་ཡིག་ཨང་རྟགས11པ)གཞིར་བཟུང་ནས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཐོག་གྲོས་བསྡུར་བྱས་ནས་ཆོག་མཆན་ཐོབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིའི་ནང་ལྕགས་ལམ་པུའུ་སོར་འཇོག་བྱེད་རྒྱུར་ཐག་བཅད།

སྤྱི་ལོ2009ལོའི་ཟླ3པའི་ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《ལྕགས་ལམ་པུའུ་ཡི་འགན་ནུས་གཙོ་བོ་དང་ལས་ཁུངས་ནང་ཁུལ་གྱི་སྒྲིག་གཞི། མི་སྣའི་སྒྲིག་ཁོངས་སྐོར་གྱི་གཏན་འབེབས》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་ནས་སྤེལ། སྤྱི་ལོ2009ལོའི་གཞུང་ཡིག་ཨང་རྟགས19པ)ཞེས་པའི་ཡིག་ཆ་འགྲེམ་སྤེལ་བྱས།

སྤྱི་ལོ2013ལོའི་ཟླ3པའི་ཚེས10ཉིན་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་གཞན་སྒྱུར་གྱི་ཇུས་གཞིའི་ཐོག་གསལ་བར་བསྟན་དོན། སྐབས་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་མི་འགྱངས་པར་མགོ་རྩོམ་རྒྱུ་ཡིན་པར་བསྟན་པ་དང་། ལྕགས་ལམ་གྱི་སྲིད་དོན་དང་ཁེ་ལས་དབྱེ་འབྱེད་ལག་བསྟར་བྱ་རྒྱུར་གཏན་འབེབས་བྱས། ལྕགས་ལམ་པུའུ་ཡིས་ལྕགས་ལམ་གྱི་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་ཀྱི་འཆར་འགོད་བཟོས་ཤིང་། སྲིད་འཛིན་གྱི་འགན་འཁྲི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཁོངས་སུ་གཏོགས་པར་གཏན་འབེབས་བྱས། རྒྱལ་ཁབ་ལྕགས་ལམ་ཅུས་སྒྲིག་འཛུགས་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་དོ་དམ་བྱ་དགོས་པ་དང་། ལྕགས་ལམ་པུའུ་ཡི་སྲིད་འཛིན་འགན་ནུས་གཞན་དག་ལ་ཁག་ཁུར་བྱ་དགོས། ཀྲུང་གོའི་ལྕགས་ལམ་གྱི་སྤྱིའི་ཀུང་ཟི་བཙུགས་ནས་ལྕགས་ལམ་པུའུ་ཡི་ཁེ་ལས་འགན་ནུས་ཁག་ཁུར་བྱས་ནས་ལྕགས་ལམ་པུའུ་སོར་འཇོག་མི་བྱ་རྒྱུར་གཏན་འབེབས་བྱས།

སྤྱི་ལོ2014ལོའི་ཟླ1པའི་ཚེས6ཉིན་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱིས་སྒོ་བྱང་དངོས་སུ་བཀལ་ནས་ལས་ཁུངས་བཙུགས།

2 འགན་ནུས་གཙོ་བོ།

གཅིག ལྕགས་ལམ་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་གྱི་འཆར་གཞིའི་ཟིན་བྲིས་འགོད་རྒྱུ་དང་། ལྕགས་ལམ་འཕེལ་རྒྱས་ཀྱི་འཆར་གཞི་དང་སྲིད་ཇུས། ལམ་ལུགས་བསྒྱུར་བཅོས་བཅས་ཀྱི་བྱ་བའི་སྐོར་ལ་ཞིབ་འཇུག་དང་གསབ་ཞུགས་བྱ་དགོས། ལྕགས་ལམ་ལག་རྩལ་གྱི་ཚད་གཞི་གཏན་འབེབས་དང་ལྟ་སྐུལ་བྱས་ནས་ལག་བསྟར་དུ་འདེབས་དགོས།

གཉིས། ལྕགས་ལམ་གྱི་ཐོན་སྐྱེད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་དང་། ཨར་ལས་ཀྱི་སྤུས་ཚད་བདེ་འཇགས། སྒྲིག་ཆས་ཀྱི་སྤུས་ཚད་བདེ་འཇགས་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ནས་ལག་བསྟར་དུ་འདེབས་དགོས། ཁྲིམས་ལྟར་གཏན་འབེབས་བྱས་པའི་སྲིད་འཛིན་བཀའ་འཁྲོལ་རྩ་འཛུགས་དང་ལག་བསྟར་དུ་འདེབས་དགོས། ལྕགས་ལམ་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་རྩད་ཞིབ་བྱས་ནས་ཐག་གཅོད་གང་ལེགས་བྱེད་དགོས།

གསུམ། ལྕགས་ལམ་གྱི་སྐྱེལ་འདྲེན་དང་། ཨར་ལས་འཛུགས་སྐྲུན་ཐད་ཀྱི་ཁྲོམ་རའི་སྒྲིག་ལམ་དང་སྲིད་ཇུས་ཚད་ལྡན་ཅན་དུ་གཏན་འབེབས་བྱས་ནས་ལག་བསྟར་དུ་འདེབས་པའི་འགན་འཁུར་དགོས། ལྕགས་ལམ་གྱི་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་དང་ལྕགས་ལམ་གྱི་ཁེ་ལས་ཐད་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྤྱི་ཕན་རང་བཞིན་གྱི་སྐྱེལ་འདྲེན་ལས་འགན་གྱི་གནས་ཚུལ་ལ་ལྟ་སྐུལ་བྱེད་དགོས།

བཞི། ལྕགས་ལམ་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་ནས་འགན་ལེན་བྱེད་དགོས་པ་དང་།  ལྕགས་ལམ་ལས་རིགས་ཀྱི་བསྡོམས་རྩིས་ལས་དོན་འདོན་སྤེལ་བྱེད་དགོས།

ལྔ། ལྕགས་ལམ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་བར་གྱི་འབྲེལ་འདྲིས་དང་མཉམ་ལས་འདོན་སྤེལ་དང་འགན་ལེན་བྱེད་དགོས།

དྲུག རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བསྒྲུབ་རྒྱུར་སྤྲད་པའི་བྱ་བ་གཞན་དག་སྒྲུབ་པའི་འགན་འཁུར་དགོས།  

3 རྩ་འཛུགས་ལས་ཁུངས།
3_1 ནང་ཁུལ་གྱི་སྒྲིག་གཞི།

ཕྱོགས་བསྡུས་སི།

ཚན་རྩལ་དང་ཁྲིམས་འཛིན་སི།

བདེ་འཇགས་ལྟ་ཞིབ་སི།

སྐྱེལ་འདྲེན་ལྟ་སྐུལ་དོ་དམ་སི།

ཨར་ལས་ལྟ་སྐུལ་དོ་དམ་སི།

སྒྲིག་ཆས་ལྟ་སྐུལ་དོ་དམ་སི།

མི་དོན་སི།

ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུ།

3_2 ས་ཁུལ་དོ་དམ་ཅུས།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱིས་ཧྲེན་དབྱང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཁྲུན་ཏུའུ། ཝུའུ་ཧན། ཤིས་ཨན། ལན་ཀྲོའུ་བཅས་ས་ཁུལ7དུ་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས་བཙུགས་ནས་ཁོངས་གཏོགས་ས་ཁུལ་གྱི་ལྕགས་ལམ་ལྟ་སྐུལ་དོ་དམ་ལས་དོན་གྱི་བྱ་བའི་འགན་ཁུར་ཡོད། ས་ཁུལ་ཁག་གི་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས་ནི་ཅུས་རིམ་པའི་ལས་ཁུངས་ཡིན་ལ། འགོ་ཁྲིད་ཀྱི་གོ་གནས་གྲངས་ཚད་ཀྱང་ཅུས་ཀྲང1དང་ཅུས་ཀྲང་གཞོན་པ2བཅས་བཀོད་སྒྲིག་བྱས་ཡོད། སྲིད་འཛིན་སྒྲིག་ཁོངས་ཀྱི་མི350ཡོད།  

ཧྲེན་དབྱང་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས།

ཧྲང་ཧའེ་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས།

ཀོང་ཀྲོའུ་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས།

ཁྲིན་ཏུའུ་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས།

ཝུའུ་ཧན་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས།

ཤིས་ཨན་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས།

ལན་ཀྲོའུ་ལྕགས་ལམ་ལྟ་སྐུལ་དོ་དམ་ཅུས།

པེ་ཅིང་ལྕགས་ལམ་ལྟ་ཞིབ་ཁང་།

3_3 ལས་དོན་ལས་ཁུངས།

ཆ་འཕྲིན་ལྟེ་གནས།

བདེ་འཇགས་ལག་རྩལ་ལྟེ་གནས།

སྒྲིག་ཆས་ལག་རྩལ་ལྟེ་གནས།

ཨར་ལས་སྤུས་ཚད་ལྟ་སྐུལ་ལྟེ་གནས།

ཁྲོམ་རའི་ལྟ་ཞིབ་ཚད་ལེན་གདེང་འཇོག་ལྟེ་གནས།

འཆར་འགོད་དང་ཚད་གཞི་ཞིབ་འཇུག་ཁང་།

ལས་ཁུངས་ཞབས་ཞུ་ལྟེ་གནས།

4 ད་ལྟའི་འགོ་ཁྲིད།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཡུས་ཁྲུན་ཞའོ།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ལིའུ་ཁེ་ཆང་།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། སུའུ་ཆོན་ལི།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ཨན་ལུའུ་ཧྲེང་།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ། ཡན་ཧོ་ཞང་།

5 ས་ཁམས་གནས་ཡུལ།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་གཞུང་དོན་སྒྲུབ་ཡུལ་ནི་པེ་ཅིང་གྲོང་ཁྱེར་བསྐྱར་དར་ལམ་ཨང་རྟགས6པའི་ར་སྐོར་ནང་གི་དེ་སྔའི་པེ་ཅིང་ལྕགས་ལམ་ཅུས་ཀྱི་ཐོག་ཁང་ཨང་རྟགས1པར་ཡོད།


དཔྱད་གཞིའི་ཡིག་ཆ།