མི་རིགས་མཐུན་སྒྲིལ།(民族团结)སྔ་མའི་པར་གཞི་དེ རྩེ་ཉི་མ་ཚེ་རིང་།  ནས 2019-10-28 16:57ལ་འགྲུབ།

མི་རིགས་མཐུན་སྒྲིལ།(民族团结)

མི་རིགས་མཐུན་སྒྲིལ།(民族团结)
མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་དང་མི་རིགས་སོ་སོའི་ནང་ཁུལ་གྱི་མཐུན་སྒྲིལ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཚད་གཞི་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན4པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་། མི་རིགས་ཁག་གི་འདྲ་མཉམ་དང་འཆམ་མཐུན་གྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་གཏན་འགོག་བྱ་དགོས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བའི་སྔོན་འགྲོ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་རྨང་གཞི་ཡིན་པས། ངེས་པར་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་དགོས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པར་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱ་དགོས། མི་རིགས་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་དངོས་ཡོད་ཁྲོད་གནས་པའི་གནད་དོན་ཐག་གཅོད་ནན་ཏན་བྱ་དགོས་ལ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་དང་བཀག་སྡོམ་བྱ་དགོས།
གཞི་རྩའི་གནས་ཚུལ།

མིང་།
མི་རིགས་མཐུན་སྒྲིལ།
རྒྱ་ཡིག་གི་མིང་།
民族团结
ཕྱི་ཡིག་གི་མིང་།
National unity
དཀར་ཆག
1   ​ངོ་སྤྲོད།
2   གཞི་རྩའི་ནང་དོན།
2.1 གཉའ་གནོན་ལ་ངོ་རྒོལ།
2.2 མཉམ་དུ་འཕེལ་རྒྱས།     
2.3 གཅིག་གྱུར་སྲུང་སྐྱོང་།    
3   གལ་ཆེའི་དོན་སྙིང་།
4   འོད་སྟོང་འབར་བའི་གྲུབ་འབྲས།     
5   མཐུན་སྒྲིལ་གྱི་རྨང་གཞི།
6   སྲོག་རྩའི་ཐིག
6.1 ཏང་གི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན།   
7   རྣམ་པ་གསར་བའི་མི་རིགས་འབྲེལ་བ།
7.1 བཙུགས་པ།     
7.2 ནུས་པ།    
7.3 འཕེལ་རྒྱས།    
8   དོན་སྙིང་། 
9   མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། 
9.1 མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་།     
9.2 རང་རྟོགས་ཀྱིས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ།    
9.3 རང་གི་ལས་གནས་སུ་རྐང་བཙུགས་པ།     
9.4 རྩ་དོན་རྒྱུན་འཁྱོངས།    
9.5 ཧུར་ཐག་གིས་གཞོན་ནུ་ལོ་ཆུང་ལ་ཁྲིད་སྟོན་བྱེད་པ།   
9.6 གཞིས་ཁུལ་འགན་འཁྲི།    
9.7 ཁོར་ཡུག་ལེགས་པོ་བསྐྲུན་པ།     
10   འབྲེལ་ཡོད་ལེགས་བཤད།     
1 ​ངོ་སྤྲོད།

མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་བར་གྱི་མཐུན་སྒྲིལ་དང་མི་རིགས་སོ་སོའི་ནང་ཁུལ་གྱི་མཐུན་སྒྲིལ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པའི་ཚད་གཞི་ཞིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན4པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་དང་ཁེ་ཕན་འགན་སྲུང་། མི་རིགས་ཁག་གི་འདྲ་མཉམ་དང་འཆམ་མཐུན་གྱི་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱེད་པ་གཏན་འགོག་དང་། མི་རིགས་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་བའི་བྱ་སྤྱོད་གཏན་འགོག་བྱ་དགོས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བའི་སྔོན་འགྲོ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་རྨང་གཞི་ཡིན་པས། ངེས་པར་དུ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་དགོས། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པར་མི་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་ལ། ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱ་དགོས། མི་རིགས་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་དངོས་ཡོད་ཁྲོད་གནས་པའི་གནད་དོན་ཐག་གཅོད་ནན་ཏན་བྱ་དགོས་ལ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་དང་བཀག་སྡོམ་བྱ་དགོས།

2 གཞི་རྩའི་ནང་དོན།
2_1 གཉའ་གནོན་ལ་ངོ་རྒོལ།

མི་རིགས་མཐུན་སྒྲིལ་གྱི་ཁོངས་སུ་མི་རིགས་ཁག་བར་གྱི་མཐུན་སྒྲིལ་ཚུད་ཡོད་ལ། མི་རིགས་ནང་ཁུལ་དུའང་འདུས་ཡོད། མཐར་ཐུག་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་དང་ཏང་ཁག་བར་གྱི་མཐུན་སྒྲིལ་རེད།     ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཐད་མི་རིགས་ཀྱི་གཉའ་གནོན་དང་མི་རིགས་ལ་མཐོང་ཆུང་བྱེད་པའི་ལམ་ལུགས་ཡུན་རིང་གནས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། མི་རིགས་ས་ཁུལ་དུ་དམངས་གཙོའི་བསྒྱུར་བཀོད་དང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་བྱས་པ་བརྒྱུད་ནས། རྩ་བའི་ཐོག་ནས་ལོག་སྤྱོད་ལམ་ལུགས་འདི་མེད་པར་བཟོས་ཏེ། མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་གྱི་དུས་རབས་གསར་པ་བཏོད་པ་རེད།     གཞན་ཡང་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་གིས་ད་དུང་སྲིད་འཛིན་དང་བཅའ་ཁྲིམས་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྣམ་པ་གང་རུང་གི་མི་རིགས་གཉའ་གནོན་དང་མཐོང་ཆུང་གི་བྱ་སྤྱོད་གཏན་འགོག་བྱས་ཡོད།

2_2 མཉམ་དུ་འཕེལ་རྒྱས།     

མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་དགོས་ངེས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ལོ་རྒྱུས་ཀྱི་འཕེལ་རིམ་རིང་པོའི་ནང་ཀྲུང་ཧྭ་མི་རིགས་ཀྱིས་ཐུན་མོང་ཐོག་མེས་རྒྱལ་གྱི་རི་ཀླུང་བཟང་པོ་གསར་འབྱེད་དང་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱས་ནས་ཕན་ཚུན་བྲལ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ཆགས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་དེང་གི་དུས་འདིར། མི་རིགས56གིས་གོམ་གང་མདུན་སྤོས་ཀྱིས་འབྲེལ་བ་འདི་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པ་དང་། རྡོག་རྩ་གཅིག་སྒྲིལ་བྱས་ཏེ་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ། ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

2_3 གཅིག་གྱུར་སྲུང་སྐྱོང་།    

མི་རིགས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས། མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་དང་མི་རིགས་ཡར་ཐོན་དར་རྒྱས་ཡོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན། ཀྲུང་གོའི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་ནང་གནས་ཀྱི་འབྲེལ་བ་ཡོད། མི་རིགས་མཐུན་སྒྲིལ་གྱི་རྩ་དོན་ནི་མི་རིགས་ཁག་གི་མི་དམངས་ཀྱིས་གཅིག་གྱུར་སྲུང་སྐྱོང་དང་། མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

3 གལ་ཆེའི་དོན་སྙིང་།

“མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། སྟོབས་ཤུགས་འདི་ནི་ལྕགས་ཡིན། སྟོབས་ཤུགས་འདི་ནི་ངར་ལྕགས་ཡིན། ལྕགས་ལས་སྲ་བ་དང་། ངར་ལྕགས་ལས་ཤུགས་ཆེ་བ་ཡོད”ཅེས་པའི་གྲགས་ཅན་གྱི《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པ་དེས་མི་རིགས་ཁག་གི་མཐུན་སྒྲིལ་རྒྱལ་སྐྱོབ་དང་འཇར་པན་བཙན་འཛུལ་པ་ཕམ་པར་བྱེད་པའི་དམག་དུང་སྙན་ཞིང་འཇེབས་པ་དང་མི་རིགས་ཁག་གི་མཐུན་སྒྲིལ་རྒྱལ་འཛུགས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ངར་ཤུགས་ཀྱི་དུང་བརྡ་བཏང་ཡོད།     

མཐུན་སྒྲིལ་ནི་ཚེ་སྲོག་ཡིན་པ་དང་། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མཐུན་སྒྲིལ་ནི་གཟུགས་བརྙན་ཡིན། མཐུན་སྒྲིལ་ནི་རེ་བ་ཡིན། མཐུན་སྒྲིལ་ནི་རྒྱལ་ཁ་ཡིན། མི་རིགས་ཁག་མཐུན་སྒྲིལ་དམ་ཟབ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་མཚོན་ཚུལ་གསོན་ཉམས་དོད་པོ། ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བའི་འགན་ལེན་གལ་ཆེན་བཅས་ཡིན།     

ཀྲུང་ཧྭ་མི་རིགས་མི་རབས་ནས་མི་རབས་བར་རྒྱུན་མི་འཆད་པ་ནི་མི་རིགས་ཁག་གི་མཐུན་སྒྲིལ་ལ་བརྟེན་པ་ཡིན། ཁྱིམ་ཚང་ཞིག་མཐུན་སྒྲིལ་མ་བྱུང་ན་གཉེན་ཉེས་མིག་ལོག་བྱེད་སྲིད། མི་རིགས་ཤིག་མཐུན་སྒྲིལ་མ་བྱུང་ན་བྱེ་ཕུང་ཐོར་བ་ལྟ་བུ། རྒྱལ་ཁབ་ཅིག་མཐུན་སྒྲིལ་མ་བྱུང་ན་ཁ་ཐོར་ཡ་བྲལ་དུ་འགྲོ་སྲིད། རང་རྒྱལ་གྱི་མི་རིགས་ཁག་ལོ་ངོ་སྟོང་ཕྲག་མང་པོའི་གནས་སྤོ་དང་། ཉོ་ཚོང་། གཉེན་སྒྲིག་མཉམ་འདྲེས་བཅས་ཀྱི་བརྒྱུད་རིམ་ཁྲོད་དུ་ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཡོད་པ། འདྲེས་སྡོད། མཉམ་འཚོ་གསབ་རེས་བཅས་ཀྱི་རྣམ་པ་ཆགས་པ་དང་། མཐུན་སྒྲིལ་གྱི་སྲོལ་རྒྱུན་རྩ་ཆེན་ཆགས་ཡོད། ལྷག་པར་དུ་ཉེ་རབས་ནས་བཟུང་རྒྱལ་ཁབ་དབུལ་ཞིང་སྟོབས་ཞན་པ་དང་མི་དམངས་ཀྱིས་བརྙས་བཅོས་ཚད་མེད་མྱངས་པ་རེད། སྐབས་དེར་ནུབ་ཕྱོགས་པས་ཀྲུང་གོ་ནི་ཨོ་ཞུང་བཙན་རྒྱལ་སོགས་མི་རིགས་མང་བའི་རྒྱལ་ཁབ་དང་འདྲ་བར་མི་རིགས་གཅིག་རྐྱང་གི་རྒྱལ་ཁབ་གྲངས་ལས་འདས་པར་ཁ་གྱེས་པ་ཡོངས་ཁྱབ་ཏུ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁོ་ཚོའི་ལུང་བསྟན་ཕམ་སོང་། ཀྲུང་ཧྭ་མི་རིགས་ཁ་ཕྲལ་དུ་མ་སོང་བ་མ་ཟད། དེ་ལས་ལྡོག་སྟེ“ང་ཚོའི་ཤ་ཁྲག་གིས་ང་ཚོའི་ལྕགས་རི་རིང་པོ་གསར་དུ་བསྐྲུན”ནས་བཙན་འཛུལ་པ་ཕམ་པར་བཟོས་ཏེ་མི་རིགས་རང་བཙན་དང་། རང་དབང་། གཅིག་གྱུར་བཅས་བྱུང་བ་རེད། ཀྲུང་ཧྭ་མི་རིགས་ཀྱིས་ཁྲག་བཏོན་དམར་འཛིང་དང་བསྐྱར་གསོན་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཐུན་མོང་གི་དགྲ་བོར་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་མི་རིགས་ཁག་བདེ་སྡུག་མཉམ་མྱོང་དང་གཟི་བརྗིད་དང་བརྙས་བཅོས་གཞི་གཅིག་ཏུ་གྱུར་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཆགས་པ་དེ་རེད། དགྲ་ལ་མཉམ་སྡང་དང་ཕྱི་དགྲ་མཉམ་འགོག་གི་བརྒྱུད་རིམ་ཁྲོད་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་སྔར་བྱུང་མྱོང་མེད་པ་ཞིག་བྱུང་བ་མ་ཟད། ཀྲུང་ཧྭ་མི་རིགས་རང་དབང་གི་མཉམ་འབྲེལ་ནས་རང་རྟོགས་ཀྱི་མཉམ་འབྲེལ་ཕྱོགས་སུ་བསྐྱོད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རླབས་ཆེན་བསྐྱར་དར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།     

ཀྲུང་ཧྭ་མི་རིགས་སྟོབས་འབྱོར་མངའ་ཐང་རྒྱས་པ་ནི་མི་རིགས་ཁག་གི་མཐུན་སྒྲིལ་ལ་བརྟེན་པ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བྱས་པས། མི་རིགས་ཁག་མཐུན་སྒྲིལ་བྱེད་པའི་དུས་རབས་གསར་པ་བཏོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁ་ཕྱོགས་དང་གོང་བུར་འགྲིལ་ཤུགས་ཧ་ཅང་ཆེན་པོ་དང་། རང་བློ་རང་འཁེལ་གྱི་བསམ་པ་དང་སྟོབས་ཤུགས་འགྲན་ཟླ་བྲལ་བ་ཞིག་བཏོད་ཡོད། ལོ60ཡི་རིང་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ཆེ་མོའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཕྱར་བ་གྲུ་འདེགས་དང་། འཆམ་མཐུན་མཉམ་གནས། ཞི་མཐུན་འཕེལ་རྒྱས་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་དང་མཐུན་སྒྲིལ་ཡར་བརྩོན་གྱི་བརྗིད་ཆེན་པོའི་ལེའུ་བརྩམས་ཡོད། ལོ་ངོ60རིང་ལ། ཀྲུང་ཧྭ་མི་རིགས་ཀྱིས་མདུན་སྐྱོད་བྱེད་རིམ་དུ་ཆབ་སྲིད་ཀྱི་ཁྱབ་ཁོངས་དང་། དཔལ་འབྱོར་གྱི་ཁྱབ་ཁོངས། རང་བྱུང་ཁམས་བཅས་ནས་ཡོང་བའི་དཀའ་ངལ་དང་ཉམས་སད་སྣ་ཚོགས་ཁྱད་བསད་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་གནོན་ཤུགས་དང་འགྲན་སློང་སྣ་ཚོགས་ཐེག་པས། རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུ་གཟིངས་རླུང་བརྟེན་རླབས་གཤག་དང་རྒྱལ་ཁའི་ངང་མདུན་དུ་སྐྱོད་ཐུབ་པ་བྱུང་ཡོད། དེའི་ནང་རྒྱུ་རྐྱེན་ཧ་ཅང་གལ་ཆེན་ཞིག་ནི་མི་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། ད་ལྟ“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་འབྲལ་ཐབས་མེད་པའི”འདུ་ཤེས་དེ་མི་རིགས་ཁག་གི་མི་དམངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད་པ་དང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་བརྗོད་བྱ་གཙོ་བོ་དེ་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དོན་གཉེར་དུ་གྱུར་ཡོད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།    

ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ད་དུང་མི་རིགས་ཁག་གི་མཐུན་སྒྲིལ་ལ་བརྟེན་དགོས། ད་ཆ་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བློ་སྟོབས་ཆེར་བསྐྱེད་དང་གོམ་སྟབས་ཆེན་པོས་དུས་རབས་མདུན་སྐྱོད་ཀྱི་འཕེལ་ཕྱོགས་ཀྱི་རྗེས་ཟིན་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་ཡོད། མི་རིགས་བསྐྱར་དར་གྱི་བླ་ན་མེད་པའི་ལས་འགན་གྱིས་མི་རིགས་ཁག་གོང་བུ་གཅིག་ཏུ་བསྒྲིལ་ཡོད། ལས་འགན་ནི་མི་རིགས་56ཐུན་མོང་གི་ལས་འགན་ཡིན། གྲུབ་འབྲས་གླེང་བ་ནི་མི་རིགས56ཐུན་མོང་གི་གྲུབ་འབྲས་ཡིན། དཀའ་ངལ་ནི་མི་རིགས56ཐུན་མོང་གི་དཀའ་ངལ་ཡིན། མདུན་ལམ་ནི་མི་རིགས56ཐུན་མོང་གི་མདུན་ལམ་ཡིན། མི་རིགས56བློ་གཅིག་སེམས་གཅིག་དང་། ཇུས་ཤུགས་མཉམ་འདོན། དཔུང་པ་མཉམ་གཤིབ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ན། ཀྲུང་ཧྭ་མི་རིགས་ལ་གཞི་ནས་གཟི་འོད་རབ་ཏུ་འབར་བའི་རླབས་ཆེའི་སྟོབས་ཤུགས་རྒྱས་ཐུབ་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་གཞི་ནས་འོད་སྟོང་འཕྲོ་བའི་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་ཐུབ།

4 འོད་སྟོང་འབར་བའི་གྲུབ་འབྲས།     

རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར60རིང་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་ལོ་ངོ60ཡིན། ལོ60ཡི་རིང་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལ་སྐུལ་འདེད་ཏན་ཏིག་ཐེབས་པ་དང་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་གཏན་འཁེལ་བྱས་པས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་དེ་སྤྱི་ཚོགས་ཡོངས་སུ་རྒྱ་ཁྱབ་ངང་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཁྱིམ་ཚང་ཁྲི་སྟོང་མང་པོར་རྩ་བ་བརྟན་པོ་ཚུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གང་སར་བཞད་བཞིན་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དབུགས་ལམ་གཅིག་གྱུར་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་ཏན་ཏིག་ཐོབ་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཉིན་བཞིན་བློ་ངོར་གཏིང་ཟབ་ཏུ་སོང་བ། མི་རིགས་ཁག་གི་མང་ཚོགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་སྔར་མེད་ཆེ་རུ་ཕྱིན་པ། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐེངས་བཞིར་འཚོགས་ཏེ། མི་རིགས56གི་མི4000ལྷག་དང་མི་སྒེར་ལ་གཟེངས་བསྟོད་བྱས། སྤྱི་ཚོགས་ཡོངས་སུ་གུང་ཁྲན་ཏང་བཟང་བ་དང་། སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། མི་རིགས་ཁག་གི་མི་དམངས་བཟང་བ། རླབས་ཆེན་མེས་རྒྱལ་བཟང་བ། མི་རིགས་མཐུན་སྒྲིལ་བཟང་བ་བཅས་ཀྱི་དུས་རབས་ཀྱི་གླུ་དབྱངས་བླངས་པ་རེད།

5 མཐུན་སྒྲིལ་གྱི་རྨང་གཞི།

མི་རིགས་འདྲ་མཉམ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ཡིན་པ་དང་། ང་ཚོའི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་རྡོ་ཡིན། ཀྲུང་གོར་མི་རིགས་ཁག་གི་མི་གྲངས་མང་ཉུང་དང་། སྡོད་གནས་ཀྱི་ས་ཁོངས་ཆེ་ཆུང་། དཔལ་འབྱོར་འཕེལ་ཚད་ཅི་འདྲ་ཡིན་མིན། སྐད་ཡིག་དང་། ཆོས་དད་བྱེད་མིན། ཡུལ་སྲོལ་གོམས་གཤིས་བཅས་གཅིག་མཚུངས་ཡིན་མིན། སྤྱི་ཚོགས་ཀྱི་གོ་གནས་ཚང་མ་འདྲ་མཉམ་ཡིན་མིན། གཅིག་མཚུངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་པ། གཅིག་མཚུངས་ཀྱི་འོས་འགན་འཁུར་དགོས། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཚང་མ་འདྲ་མཉམ་ཡིན་ལ། གྲངས་ཉུང་མི་རིགས་ཁག་བར་ཡང་ཚང་མ་འདྲ་མཉམ་ཡིན། མི་རིགས་གང་ཞིག་ལའང་དམིགས་བསལ་གྱི་དབང་ཆ་མེད་ལ། མི་རིགས་གང་ཞིག་གི་ཁེ་དབང་ལའང་ཚོད་འཛིན་བྱས་མེད།     

མི་རིགས་ཁག་མཐོ་དམན་བཟང་ངན་གང་ཡིན་ལ་མ་བལྟོས་པར་ཚང་མས་སྤྱི་ཚོགས་འཕེལ་རྒྱས་དང་ལོ་རྒྱུས་ཡར་ཐོན་ཡོང་བར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བྱས་རྗེས་བཞག་ཡོད། མི་རིགས་རེ་རེ་མི་རིགས་ཤིག་ཡིན་པའི་ཆ་ནས་དུས་ཡུན་རིང་པོར་སྐྱེ་འཕེལ་བྱེད་ཐུབ་པ་ཚང་མར་རང་ཉིད་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་ནུས་པ་དང་། དགེ་མཚན། ཁྱད་ཆོས་བཅས་ཡོད། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་གྱི་ཁྱད་པར་དང་། དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་ཚད་ཀྱི་ཁྱད་པར་ནི་ལོ་རྒྱུས་ཀྱིས་གྲུབ་པ་ཞིག་ཡིན། ལོ་རྒྱུས་ཐོག་གྲངས་ཉུང་མི་རིགས་དང་རྒྱ་རིགས་བར་དཔལ་འབྱོར་དང་རིག་གནས་གོང་དུ་འཕེལ་བའི་ཐད་ཧེ་བག་ཡོད་པའི་གནས་ཚུལ་བསྒྱུར་དགོས་ན་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་དཀའ་སྤྱད་འབད་བརྩོན་དང་རང་སྟོབས་རང་སྤེལ་བྱ་དགོས་པ་མ་ཟད། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་དང་དར་རྒྱས་ཆེ་བའི་ས་ཁུལ་གྱིས་རོགས་སྐྱོར་དང་རོགས་རམ་དེ་བས་ཀྱང་བྱ་དགོས་པ་དང་། དཔལ་འབྱོར་དར་རྒྱས་ཆེ་བའི་མི་རིགས་ཀྱིས་དཔལ་འབྱོར་རྗེས་ལུས་ཐེབས་པའི་མི་རིགས་ལ་རོགས་རམ་བྱེད་པའི་འགན་འཁྲི་དང་འོས་འགན་ཡང་ཡོད་པས། ཁོ་ཚོར་བཅའ་ཁྲིམས་ཀྱིས་བསྩལ་བའི་མི་རིགས་མངོན་འགྱུར་ཡོང་བ་བྱ་དགོས། དེ་འདྲ་མ་བྱས་ན་དངོས་ཡོད་འཚོ་བའི་ཁྲོད་དུ་གནས་པའི་ཧེ་བག་སྣ་ཚོགས་ཐག་གཅོད་བྱེད་མི་ཐུབ་ལ། དོན་དངོས་ཐོག་གི་མི་རིགས་འདྲ་མཉམ་ངོ་མ་ཞིག་ཏུ་སླེབས་མི་ཐུབ།     

ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་འདྲ་མཉམ་དེ་གཞི་རྩའི་རྩ་དོན་ཞིག་ཏུ་བརྩིས་ནས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་བཀོད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་གི་ནང་དུ་ཁྱབ་པར་མ་ཟད། བྱེད་ཐབས་ཏན་ཏིག་སྤྱད་དེ་འདྲ་མཉམ་གྱི་ཁེ་དབང་སྣ་ཚོགས་མངོན་འགྱུར་ཡོང་བར་འགན་སྲུང་ཡང་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། གྲངས་ཉུང་མི་རིགས55ཚང་མར་རང་མི་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོད་པ་དང་། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་པའི་དབང་ཆ་གང་ལེགས་སྤྱོད་པ་དང་། ཚང་མར་རང་མི་རིགས་ཀྱི་རྒྱལ་ཡོངས་ཆབ་གྲོས་ཨུ་ཡོན་ཡོད། རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་དམངས་གཙོའི་གྲོས་མོལ་བྱེད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྱོན2987ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་འཐུས་མི411ཡོད་པ་དེས་འཐུས་མི་ཡོངས་ཀྱི13.8%བཟུང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྱོན2237ཡོད་པའི་ནང་གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན250ཡོད་པ་དེས11.2%བཟུང་བ་དང་། གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཡོངས་ཀྱི་མི་འབོར་ནང་བཟུང་བའི་བསྡུར་ཚད་ཟིན་ཡོད། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། ཀྲུང་གོའི་མི་རིགས་རང་སྐྱོང་ས་གནས་ནི་ས་ཁོངས་རང་སྐྱོང་མི་རིགས་ལག་བསྟར་བྱེད་པའི་སྤྱི་དམངས་ཀྱིས་སྲིད་གཞུང་གི་ཀྲུའུ་ཞི་དང་། ཁུལ་དཔོན། རྫོང་(ཆི)དཔོན། མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ནམ་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་འཁུར་རྒྱུ་དང་། མི་རིགས་ཞང1200ལྷག་བཙུགས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ཁ་གསབ་རྣམ་པ་གལ་ཆེན་ཞིག་ཏུ་བརྩིས་ནས་ཐོར་སྡོད་དང་འདྲེས་སྡོད་གྲངས་ཉུང་མི་རིགས་ལ་འགན་སྲུང་བྱས་ཡོད།    

ཀྲུང་གོའི་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་འཆར་འགོད་གཏན་འབེབས་བྱེད་སྐབས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ས་ཁོངས་བར་དང་མི་རིགས་བར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་ནན་བཤད་བྱས་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས་རང་ཐག་རང་གཅོད་ཀྱིས་ས་ཁུལ་དེ་གའི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོ་འགོད་བྱས་ཆོག་པ་མ་ཟད། མི་རིགས་དེ་ག་དང་ས་ཁུལ་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཁྲིམས་ལྟར་བབ་བསྟུན་བཅོས་བསྒྱུར་ཀྱིས་ལག་བསྟར་བྱས་ཆོག ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་དང་ཁེ་དབང་སྤྱོད་པར་བརྩི་འཇོག་དང་སྲུང་སྐྱོང་། སྤྱི་ཚོགས་དཔལ་འབྱོར་དང་ཆབ་སྲིད་འཚོ་བའི་ཁྲོད་དུ། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ཉེར་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་ཡོད། གྲངས་ཉུང་མི་རིགས་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་ནས་གཏུག་བཤེར་དང་དག་འབུད་བྱེད་པའི་དབང་ཆ་ཡོད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང་། སྤྱི་སྤྱོད་སྐད་ཡིག་རིགས་འགའ་བེད་སྤྱད་ནས་ལས་འགན་ལག་བསྟར་བྱས་རིགས། ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་ཆོག རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་བྱེད་ཐབས་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གསར་འགྱུར་དཔེ་སྐྲུན་བྱ་གཞག་དང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་འགུལ་ལ་རྒྱབ་སྐྱོར་བྱ་རྒྱུ།     

དེར་བརྟེན་ཀྲུང་གོའི་མི་རིགས་ཁག་ནི་ཁྱོན་ཡོངས་དང་། དོན་དངོས། མཐར་ཕྱིན་པ་བཅས་ཡིན། མི་རིགས་ཁག་གིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འོས་འགན་དང་། མི་རིགས་ཁག་ཕན་ཚུན་བར་གྱི་འོས་འགན། དེ་བཞིན་ཕྱོགས་གཞན་དག་གི་འོས་འགན་བཅས་ཚུད་པའི་བབ་མཚུངས་ཀྱི་འོས་འགན་བསྒྲུབ་དགོས།

6 སྲོག་རྩའི་ཐིག

ནང་དོན་གཙོ་བོ། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། མི་རིགས་ས་ཁོངས་རང་སྐྱོང་།     

6_1 ཏང་གི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན།   

མའོ་ཙེ་ཏུང་གིས་སྲིད་ཇུས་དང་ཐབས་ཇུས་ནི་ཏང་གི་ཚེ་སྲོག་ཡིན། འདིས་གནས་ལུགས་ཟབ་མོ་ཞིག་གསལ་སྟོན་བྱས་ཡོད་པ་སྟེ། སྲིད་ཏང་ཞིག་དང་། རྒྱལ་ཁབ་ཅིག བྱ་གཞག་ཅིག་བཅས་ཀྱི་ཐད་ལ་སྲིད་ཇུས་ཡང་དག་པ་ཡིན་ན། ད་གཟོད་གསོན་ཤུགས་རྒྱས་ནས་རྒྱལ་ཁའི་ངང་མདུན་དུ་སྐྱོད་ཐུབ་པ་དང་། སྲིད་ཇུས་ནོར་འཁྲུལ་བྱུང་ན་སྐྱེ་སྟོབས་ཉམས་ནས་བར་ཆད་ཡོང་གི་རེད། ཚེ་སྲོག་གི་ཤི་གསོན་ཉེན་ཁའི་གནད་འགག་ཏུ་སྲིད་ཇུས་ཀྱི་ནུས་པ་ནི་ཧ་ཅང་གལ་ཆེན་ཡིན། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ནི། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་འཛིན་ས་དང་བྱེད་ཐབས་ཡིན་ལ། མི་རིགས་འབྲེལ་བ་མཐུན་སྦྱོར་བྱེད་པའི་ཚད་གཞི་དང་ཚད་ཐིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ60འཁོར་བའི་རིང་། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་བ་བཅས་གཞི་རྩའི་རྩ་དོན་དུ་འཛིན་པ་དང་། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཕྱོགས་གང་ཐད་ལ་ཁྱབ་པའི་མི་རིགས་སྲིད་ཇུས་ཀྱི་མ་ལག་ཆ་ཚང་ཞིག་ཆགས་ཡོད། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འཕྲོ་བའི་འོག་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་བ་བྱུང་བ་དང་། ཀྲུང་གོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད། དོན་དངོས་ཀྱི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དེ་དག་རང་རྒྱལ་གྱི་གནས་ཚུལ་དངོས་དང་རྦད་དེ་མཐུན་པ་དང་། ཡང་དག་པ་དང་སྤྱོད་གོ་ཆོད་པ། མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཞུ་བ། མི་རིགས་ཁག་གིས་ཕྱར་བ་གྲུ་འདེགས་དང་། འཆམ་མཐུན་མཉམ་གནས། འཆམ་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན་པ་ར་སྤྲོད་ཁུངས་བཙན་བྱུང་ཡོད།    

ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་སྲིད་ཇུས་འཚོལ་ཞིབ་བྱེད་པའི་ཐད་བགྲོད་མི་བདེ་པའི་དུས་ཡུན་རིང་པོ་ཞིག་བསྐྱོད་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་སྐབས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་ཡང་དག་པའི་མི་རིགས་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པ་བརྒྱུད་ནས། མྱུར་དུ་མི་རིགས་ལས་དོན་གྱི་རྣམ་པ་གསར་དུ་བཏོད་ཅིང་། སྔར་བྱུང་མ་མྱོང་བའི་མི་རིགས་མཐུན་སྒྲིལ་ཆེན་མོ་མངོན་འགྱུར་བྱས། མི་རིགས་བྱ་བའི་ཁྲོད་མི་རིགས་ཀྱི་ཁྱད་ཆོས་དང་ས་ཁུལ་གྱི་ཁྱད་ཆོས་ལ་སྣང་ཆུང་བྱེད་པའི་“གྲི་གཅིག་གཏུབ་པའི་”སྣང་ཚུལ་བྱུང་སྟེ། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དེ་ལུགས་རྙིང་སྲོལ་ངན་དུ་བརྩིས་ནས་མེད་པར་བཟོས། སྤྱི་ལོ1961ལོའི་རྗེས་སུ། ཀྲུང་དབྱང་དང་འབྲེལ་ཡོད་ས་གནས་ཀྱིས་བྱེད་ཐབས་སྤྱད་དེ། “མཆོང་སྐྱོད་ཆེན་པོ”ནས་བཟུང་མི་རིགས་ལས་དོན་ཁྲོད་བྱུང་བའི་ནོར་འཁྲུལ་ཡོ་བསྲང་དང་། ཏང་གི་མི་རིགས་སྲིད་ཇུས་བསྐྱར་བསྒྲགས་བྱས་པས། མི་རིགས་འབྲེལ་བ་ལེགས་སྒྲིག་དང་སླར་གསོ་བྱུང་། “རིག་གནས་གསར་བརྗེ་ཆེན་པོའི”སྐབས་སུ། “མི་རིགས་གནད་དོན་གྱི་ངོ་བོ་ནི་གྲལ་རིམ་གྱི་གནད་དོན་ཡིན”ཞེས་པའི་ནོར་འཁྲུལ་འོག་ཏུ་ཏང་གི་མི་རིགས་སྲིད་ཇུས་ལ་གནོད་པ་ཚབས་ཆེན་ཐེབས་པ་དང་། མི་རིགས་ལས་དོན་གྱི་སྒྲིག་གཞི་མེད་པར་བཟོས་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་མང་པོ་ཞིག་གྲལ་རིམ་གྱི་དགྲ་བོར་བརྩིས་ནས་རྡུང་རྡེག་དང་གནོད་འཚེ་བཏང་བ་རེད། ཟིང་འཁྲུག་གིས་རང་རྒྱལ་གྱི་མི་རིགས་འབྲེལ་བ་དང་མི་རིགས་མཐུན་སྒྲིལ་ལ་བར་ཆད་ཚབས་ཆེན་བཟོས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་གི་ཡང་དག་པའི་བསམ་བློའི་ལམ་ཕྱོགས་དང་། ཆབ་སྲིད་ཀྱི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས་བཅས་སླར་གསོ་བྱས་པ་དང་། མི་རིགས་ལས་དོན་ཐད་སླར་ཡང་དཔྱིད་ཀ་གསར་པ་ཞིག་ཤར་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་གིས“མི་རིགས་གནད་དོན་གྱི་ངོ་བོ་ནི་གྲལ་རིམ་གྱི་གནད་དོན་ཡིན”ཞེས་པའི་ནོར་འཁྲུལ་གྱི་རིགས་པའི་གཞུང་ལུགས་རྩ་བ་ནས་ཁས་མ་བླངས་པར་མི་རིགས་ལས་དོན་ཐོག་གི་གཡོ་འོག་ཏུ་ཚུད་པ་རེད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་སྤྲོའི་ངང“ཏང་གི་མི་རིགས་སྲིད་ཇུས་སླར་ཡང་ཕྱིར་ལོག་བྱུང”ཞེས་བཤད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ30ཡི་རིང་ཏང་གི་མི་རིགས་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། འཐུས་ཚང་། དོན་འཁྱོལ་བཅས་བྱུང་ནས་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།    

ལོ་རྒྱུས་ཀྱིས་དོན་དངོས་ཁྱབ་བསྒྲགས་བྱས་པ་དང་། སྔོན་ཆད་ཀྱིས་མ་འོངས་པར་བློ་སྒོ་ཕྱེ་ཡོད། ཡང་དག་པའི་མི་རིགས་སྲིད་ཇུས་གཏན་འབེབས་དང་ལག་བསྟར་ནན་པོ་བྱ་རྒྱུ་དེ་གྲངས་ཉུང་མི་རིགས་མང་ཚོགས་ཁྲོད་ཀྱི་ཏང་གི་སྙན་གྲགས་དང་གཟུགས་བརྙན་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། ཏང་གི་མི་རིགས་ལས་དོན་ལེགས་འགྲུབ་དང་ཕམ་ཁར་ཐད་ཀར་ཤུགས་རྐྱེན་ཐེབས་པ། མི་རིགས་དབར་གྱི་ཡིད་ཆེས་དང་མཐུན་སྒྲིལ་ཐད་ཀར་ཐག་གཅོད་བྱེད་ཀྱི་ཡོད། མི་རིགས་སྲིད་ཇུས་ཡང་དག་པ་དང་ལག་བསྟར་ཡག་པོ་བྱུང་བའི་སྐབས་སུ། མི་རིགས་ལས་དོན་བདེ་བླག་ངང་འཕེལ་རྒྱས་འགྲོ་བ་དང་། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་འགྲོ་བ། མི་རིགས་སྲིད་ཇུས་ནོར་འཛོལ་བྱུང་བའམ་ལག་བསྟར་བྱས་པ་མི་ལེགས་པའི་སྐབས་སུ། མི་རིགས་ལས་དོན་ལ་བར་ཆད་བྱུང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཉམས་དམས་དང་ཐ་ན་གཏོར་བརླག་ཐེབས་སྲིད། ཏང་གི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་ཡིན་ལ། འདི་ནི་ང་ཚོར་ལག་ལེན་ཁྲོད་ཐོབ་པའི་བསྡོམས་ཚིག་ལྡོག་མེད་ཅིག་ཡིན།    

མི་རིགས་སྲིད་ཇུས་ལག་བསྟར་ནན་པོ་བྱེད་པར་སྤྱི་ཚོགས་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་ཧུར་ཐག་ཞུགས་དགོས། ས་ཁུལ་རེ་རེ་དང་། ལས་ཁུངས་རེ་རེ། སྡེ་ཁག་རེ་རེ། སྤྱི་ཚོགས་ཀྱི་ཁོངས་མི་རེ་རེ་བཅས་ཚང་མས་མི་རིགས་སྲིད་ཇུས་ལག་ལེན་བསྟར་ན། ཏང་གི་མི་རིགས་སྲིད་ཇུས་གཞི་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་གཞི་ནས་ཐོགས་མེད་ཤར་སྐྱོད་ཐུབ་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ཡོང་ཐུབ། 

7 རྣམ་པ་གསར་བའི་མི་རིགས་འབྲེལ་བ།
7_1 བཙུགས་པ།     

ཀྲུང་གོ་རྙིང་པའི་མི་རིགས་འབྲེལ་བ་ནི་འདྲ་མཉམ་མིན་པ་དང་། མི་རིགས་བར་གྱི་ཚོད་བགམ་དང་འགལ་ཟླ། འགལ་བ་བཅས་ཧ་ཅང་མངོན་གསལ་ཡིན་ལ། མི་རིགས་མང་པོའི་ནང་ཁུལ་དུའང་མཐུན་སྒྲིལ་མེད། ཀྲུང་གོ་གསར་པ་དབུ་བརྙེས་པ་དེས་ལོ་རྒྱུས་ཐོག་གི་མི་རིགས་གཉའ་གནོན་དང་མི་རིགས་བཤུ་གཞོག་ལམ་ལུགས་རྩ་བ་ནས་མེད་པར་བཟོས་ནས་ཀྲུང་གོའི་མི་རིགས་འབྲེལ་བའི་དུས་རབས་གསར་པ་བཏོད་པ་རེད། ད་ཆ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཀྲུང་གོར་བཙུགས་ཟིན་པ་མ་ཟད་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། མི་རིགས་ཁག་གིས་མེས་རྒྱལ་ཁྱིམ་ཚང་ཆེན་པོ་དར་རྒྱས་སྟོབས་འབྱོར་ཡོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་བཞིན་ཡོད།

7_2 ནུས་པ།    

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། མི་རིགས་ཁག་བར་གྱི་འགལ་ཟླ་སེལ་ཆེད། ཏང་དང་རྒྱལ་ཁབ་ཀྱིས་འཚམས་འདྲི་ཚོགས་པ་མི་རིགས་ས་ཁུལ་དུ་འཚམས་འདྲི་བྱེད་པར་མངགས་པ་དང་། མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་རིམ་གྲས་ཁག་གི་མི་སྣ་སྒྲིག་འཛུགས་བྱས་ཏེ་ནང་ལོགས་ས་ཁུལ་དུ་ལྟ་སྐོར་དུ་ཕྱིན་ནས། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དངོས་ཐག་གཅོད་བྱས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་ཤུགས་ཆེན། མི་རིགས་དང་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་བརྩོན་ལེན་དང་མཐུན་སྒྲིལ། མི་རིགས་བར་གྱི་ཡིད་ཆེས་དང་མཐུན་སྒྲིལ་ཇེ་དམ་དུ་བཏང་། མི་རིགས་ཁག་གིས་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་དང་དགའ་ཞེན་བྱེད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད། གྲངས་ཉུང་མི་རིགས་ལ་རོགས་སྐྱོར་དང་རང་སྐྱོང་གི་དབང་ཆ་མངོན་འགྱུར་བྱེད་ཆེད། ཏང་དང་རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ལོ་རྒྱུས་ཀྱིས་ཤུལ་དུ་བཞག་པའི་མི་རིགས་ལ་མཐོང་ཆུང་བྱེད་པའི་གཟུགས་ཅན་གྱི་རྗེས་ཤུལ་ཡོད་ཚད་མེད་པར་བཟོས་པ་དང་། མི་རིགས་དབྱེ་འབྱེད་དང་མི་རིགས་ཀྱི་གྲུབ་ཆ་གཏན་འཁེལ་བྱས། མི་རིགས་རང་སྐྱོང་ས་གནས་བཙུགས། གྲངས་ཉུང་མི་རིགས་ལ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་འདྲ་མཉམ་གྱི་ཁོངས་མི་ཞིག་གི་གོ་གནས་དེ་ལོ་རྒྱུས་ཀྱི་གར་སྟེགས་སུ་སླེབས་པ་དང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་རང་ཁྱིམ་རང་བདག་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། དེ་དང་མཉམ་དུ། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་དང་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བྱས་ཏེ། གདོད་མའི་ཀུང་ཧྲེའི་ལམ་ལུགས་དང་། བྲན་གཡོག་ལམ་ལུགས། བཀས་བཀོད་རྒྱུད་འཛིན་ལམ་ལུགས། བཀས་བཀོད་རྒྱུད་འཛིན་ས་བདག་དཔལ་འབྱོར་སོགས་སྤྱི་ཚོགས་ལམ་ལུགས་མང་པོའི་འོག་གི་མི་རིགས་ཁག་མཉམ་དུ་ལག་གདང་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་རེད། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་དུས་རབས་ལས་བརྒལ་བའི་རླབས་ཆེན་གྱི་འཕོ་འགྱུར་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་འདི་ནས་འགོ་ཚུགས་ཏེ་ཀྲུང་གོའི་མི་རིགས་འབྲེལ་བའི་ངོ་བོར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ཡའོ་རིགས་ལས་བྱེད་པ་ཞིག་གིས་ཀྲུང་གོ་རྙིང་པར་ང་ཚོ་ཡའོ་རིགས་ལ“སྲོག་ཆགས”ཟེར་བ་དང་། བཅིངས་འགྲོལ་ཐོབ་རྗེས་ང་ཚོར“ཡའོ”ཞེས་འབོད་ཀྱི་ཡོད། མི་རིགས་དབྱེ་འབྱེད་བྱས་རྗེས་ང་ཚོ་ལ“གཡུ”ཞེས་འབོད་ཀྱི་ཡོད། “སྲོག་ཆགས་”ནས་“མི་”བར་དང་། དེ་ནས་“ནོར་བུ”བར་བཅས་ཀྱིས་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་གོ་གནས་མི་འདྲ་བ་དངོས་སུ་མཚོན་ཡོད།

7_3 འཕེལ་རྒྱས།    

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་སྒོ་འབྱེད་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་འགོ་བརྩམས། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཕེལ་རྒྱས་དུས་རིམ་གསར་པར་སླེབས་ཡོད། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ལས་དོན་གྱི་མཛུབ་སྟོན་བསམ་བློ་མངོན་འགྱུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་རང་རྒྱལ་གྱི་མི་རིགས་འབྲེལ་བའི་གཞི་རྩའི་ངོ་བོ་ཁ་གསལ་བཟོས། མི་རིགས་འབྲེལ་བའི་ཐད་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ནང་ཁུལ་གྱི་འགལ་བ་ཡིན་པ་ཁ་གསལ་བཟོས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ལས་དོན་གྱི་ལྟེ་བ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ལམ་བུའི་ཐོག་སྤོས་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དུ་བཏང་།     

ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ། ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་སྤེལ་བའི་དུས་སྐབས་གསར་པར་སླེབས་པ་དང་། ཀྲུང་གོའི་མི་རིགས་འབྲེལ་བའི་འཕེལ་རྒྱས་ཀྱང་དུས་རིམ་གསར་པར་སླེབས། འགྲན་སློང་དྲག་པོའི་མདུན་དུ། ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་ཀྱི་ཁྱད་ཆོས་བཟུང་ནས་རྒྱལ་སྤྱི་རྒྱལ་ནང་གི་མི་རིགས་གནད་དོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཁོང་དུ་གཏིང་ཟབ་ཆུད་པ་དང་། མི་རིགས་རང་ངོས་ཀྱི་འཕེལ་རྒྱས་དེ་མི་རིགས་གནད་དོན་གྱི་ནང་དོན་ནང་བཅུག་སྟེ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་གྱི་སྲོག་ཤིང་ཡིན་ལ། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མི་རིགས་མཐུན་སྒྲིལ་གྱི་དཔལ་འབྱོར་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ད་དུང“རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་ཁག་ཀྱང་ཕན་ཚུན་ཁ་འབྲལ་ཐབས་མེད་པའི”དགོངས་པ་གལ་ཆེན་གསལ་པོར་བཏོན་ཞིང་། རང་རྒྱལ་གྱི་མི་རིགས་འབྲེལ་བའི་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ཚན་རིག་དང་མཐུན་པའི་སྒོ་ནས་སྙིང་བསྡུས་བྱས་ཡོད་ལ། མི་རིགས་ཁག་གི་མི་དམངས་ཀྱི་འབྲེལ་བ་གཅིག་བསྡུས་ཀྱིས་མཚོན་ཡོད། ཏང་གི་འགོ་ཁྲིད་འོག མི་རིགས་ཁག་གིས་དབུགས་ལམ་གཅིག་པ་དང་།  ལས་དབང་གཅིག་པ། སེམས་པ་གཅིག་མཐུན་སྒོས་འགྲན་སློང་གལ་ཆེན་རབ་དང་རིམ་པའི་ཉམས་སད་ཐེག་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་འཚོགས་ཚུན་དུ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་རྒྱང་སྐྱོད་ཁྲོད། ཀྲུང་གོའི་མི་རིགས་འབྲེལ་བར་དུས་རབས་གསར་པ་དང་དུས་རིམ་གསར་པའི་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་མི་རིགས་ཁག“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ”ཞེས་པ་ནི་ཀྲུང་གོའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་ཡིན་ཞིང་། ཀྲུང་གོའི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གཞི་རྩའི་ཁྱད་ཆོས་དེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་སུ་སྔར་བས་སྙིང་བསྡུས་བྱས་ཏེ། འདྲ་མཉམ་ནི་རྨང་རྡོ་ཡིན་པ་དང་། མཐུན་སྒྲིལ་ནི་གཙོ་ཐིག རོགས་རེས་ནི་འགན་སྲུང་། འཆམ་མཐུན་ནི་ངོ་བོ་ཡིན་པ་བཅས་གསལ་པོར་བསྟན་ཡོད། “འཆམ་མཐུན”དེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་གཞི་རྩའི་ཁྱད་ཆོས་དང་གཏོགས་གཤིས་སུ་བརྩིས་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ཁོང་དུ་ཆུད་པ་གང་ལེགས་མཚོན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་རེད། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བཟང་པོར་རོལ་བའི་རེ་སྒུག་གསར་པ་དང་བསྟུན་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཏང་གི་མི་རིགས་གཞུང་ལུགས་དང་། མི་རིགས་སྲིད་ཇུས། མི་རིགས་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་གཞི་རྩའི་ཤེས་བྱ་བཅས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། མི་རིགས་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་ཡོད། བྱེད་ཐབས་དེ་དག་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྔར་བས་སྲ་བརྟན་དུ་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཇེ་ཆེར་བཏང་བ། མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་། འཆམ་མཐུན་མཉམ་གནས། འཆམ་མཐུན་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

8 དོན་སྙིང་། 

འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་པའི་གྲུབ་འབྲས་རླབས་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་མི་རིགས་ཁག་ཚང་མས་འགན་འཁྲི་གལ་ཆེན་འཁུར་ཡོད་པས། ཚང་མས་དེའི་དོན་དུ་ཐུན་མོང་དུ་འབད་བརྩོན་བྱ་དགོས། སྔོན་ཆད་མི་རིགས་56གིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་ཐོག་སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད། མ་འོངས་པར་རྒྱང་ལྟ་བྱས་ཚེ། མི་རིགས་ཁག་གིས་ཏང་གི་འགོ་ཁྲིད་འོག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་ན། ཀྲུང་གོའི་མི་རིགས་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།

9 མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། 
9_1 མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་།     

རང་ཉིད་ཀྱི་ཁྱིམ་དུ་མི་རིགས6དང་མི་གྲངས80ལྷག་ཙམ་མཉམ་འཛོམས་བྱེད་སྐབས། ཤིན་ཅང་ཤིས་ཐའེ་ཆིང་ཧོ་རྫོང་གི་ལོ70ལ་སླེབས་པའི་ཨ་མ་རྒན་མོ་ཨ་ཉི་ཕ་ཨ་ལེ་མཱ་ཧུང་དགའ་ནས་ཁ་མི་བཙུམ། འདས་ཟིན་པའི་ལོ46རིང་། ཁོང་དང་བཟའ་ཟླས་མི་རིགས་མི་འདྲ་བའི་ཕྲུ་གུ19གསོ་སྐྱོང་བྱས་པའི་ནང10ནི་རྒྱ་རིགས་དང་། ཧུའེ་རིགས། ཡུ་གུར་རིགས། ཀྭ་རིགས་བཅས་མི་རིགས4ཡི་དྭ་ཕྲུག ཐ་ཐར་རིགས་དང་ཝུའུ་ཙི་པིའེ་ཁེ་རིགས་ཀྱི་མག་པ་དང་མནའ་མ་ཡིན་ཞིང་། ཁྱིམ་ཚང་ནང་མི་རིགས6ཡོད་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། བགྲེས་སོང་ཨ་ཉི་ཕ་ནི་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བཟང་པོ་ཞིག་དང་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད་ཅེས་བརྗོད་ཆོག    

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། འཆམ་མཐུན་གོང་འཕེལ་བཅས་ཡོང་བ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་གྱི་གཅིག་གྱུར་དང་བདེ་འཇགས་སྲུང་སྐྱོང་དང་། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱ་དགོས་པ་དེ་རེད། འདི་ནི་མི་རིགས་ཁག་གི་མི་དམངས་ཐུན་མོང་གི་བྱ་གཞག་ཡིན་པ་དང་། མི་རིགས་ཁག་གི་ཁོངས་མི་རེ་རེའི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་འོས་འགན་ཡིན། མི་ཚང་མས་མི་རིགས་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ་དང་། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འཛུགས་སྐྲུན་པ་དང་སྐུལ་འདེད་པ་བཅས་བྱེད་དགོས།

9_2 རང་རྟོགས་ཀྱིས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ།    

རང་རྟོགས་ངང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཀྱི་གཞི་རྩའི་ཤེས་བྱ་བཅས་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་དགོས། གྲངས་ཉུང་མི་རིགས་ཀྱིས་སློབ་སྦྱོང་བྱ་དགོས་པ་མ་ཟད། རྒྱ་རིགས་ཀྱིས་ཀྱང་སློབ་སྦྱོང་བྱ་དགོས། མང་ཚོགས་ཀྱིས་སློབ་སྦྱོང་བྱ་དགོས་པ་མ་ཟད། ལས་བྱེད་པས་ཀྱང་སློབ་སྦྱོང་བྱ་དགོས། ལས་བྱེད་པ་དཀྱུས་མས་སློབ་སྦྱོང་བྱ་དགོས་པ་མ་ཟད། འགོ་ཁྲིད་ལས་བྱེད་པས་ཀྱང་སློབ་སྦྱོང་བྱ་དགོས། སློབ་སྦྱོང་བྱས་པ་བརྒྱུད་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་གཏོང་བ་དང་། མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་ལྟ་བ་བརྟན་པོ་འཛུགས་པ། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་སྦྱོང་བྱས་པ་བརྒྱུད“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློའི་འདུ་ཤེས་བརྟན་དུ་གཏོང་བ་དང་། མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོའི་ནང་དུ་ད་གཟོད་ང་ཚོ་མི་རིགས་ཁག་དར་རྒྱས་གོང་འཕེལ་ཡོང་བ་དང་། ད་གཟོད་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་ཐུབ་པས། ཀྲུང་ཧྭ་མི་རིགས་ལ་གཏོགས་སེམས་དང་། ཀྲུང་ཧྭའི་རིག་གནས་ལ་མོས་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལས་འགན་སྒྲུབ་སེམས་བཅས་ཆེ་རུ་འགྲོ་བ་དངོས་གནས་ཤེས་ཐུབ།

9_3 རང་གི་ལས་གནས་སུ་རྐང་བཙུགས་པ།     

རང་གི་ལས་གནས་ལ་གཞི་ཚུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། མི་རེ་རེའི་ལས་ཀའི་ལས་གནས་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གར་སྟེགས་ཡིན། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱས་ཏེ་ལས་དོན་ཏན་ཏིག་སྒྲུབ་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། གྲུབ་འབྲས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྲུང་སྐྱོང་དང་སྐུལ་འདེད་གཏོང་དགོས། རང་ཉིད་ནས་འགོ་རྩོམ་པ་དང་བྱ་བ་ཆུང་ཙག་ནས་འགོ་རྩོམ་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་གཞན་པའི་སྤུན་ཟླ་དང་འབྲེལ་འདྲིས་དང་འགྲོ་འོང་བྱེད་པའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད། སྤུན་ཟླའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་བཅས་ལ་བརྩི་འཇོག་བྱེད་པར་དོ་སྣང་དང་། མི་རིགས་མཐུན་སྒྲིལ་ལ་ཕན་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་པའི་སྐད་ཆ་མང་ཙམ་བཤད་པ། མི་རིགས་མཐུན་སྒྲིལ་ལ་ཕན་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། མི་རིགས་ཀྱི་བརྩེ་དུང་ལ་གནོད་པའི་སྐད་ཆ་མི་བཤད་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་བྱ་བ་མི་སྒྲུབ་པ་བཅས་བྱ་དགོས། མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གདོང་ལེན་པར་བརྩོན་པ། དོན་དག་ཕྲན་ཚེགས་ཆུང་རྩག་བཅས་ཀྱི་ཐོག་ནས་མཐར་འདྲ་མཉམ་དང་ཞི་མཐུན་གྱི་མི་རིགས་འབྲེལ་བ་གསར་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རླབས་རྒྱུན་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་ཐུབ།

9_4 རྩ་དོན་རྒྱུན་འཁྱོངས།    

རྩ་དོན་མཐའ་འཁྱོངས་དང་ཡིན་མིན་གསལ་འབྱེད་བྱས་ཏེ་དར་ཆ་གསལ་སྟོན་གྱིས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་དང་འཐབ་རྩོད་བྱ་དགོས། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མི་རིགས་ཁ་ཕྲལ་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བ་བཅས་རེད། ང་ཚོ་མི་རེ་ངོ་རེ་དང་མི་རིགས་གང་ཞིག་ཡིན་རུང་ཚང་མས་རིག་པ་གསལ་དྭངས་དང་མིག་གསལ་པོ་ཡོང་བ་བྱས་ཏེ་སྟོབས་ཤུགས་སྣ་ཚོགས་ཀྱི་མ་རུངས་ཁོག་བཅུག་དང་ལོག་སྤྱོད་ཀྱི་ངོ་བོ་གསལ་རྟོགས་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་ཤོད་པ། མི་ངན་གྱིས་ངན་སྐུལ་མི་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་མི་ཞུགས་པ་བཅས་བྱེད་དགོས། ཉམས་ཉེན་གྱི་འགག་རྩ་དང་འགག་རྩའི་དུས་སུ་ལངས་ཕྱོགས་བརྟན་པོ་དང་། ལྟ་བ་གསལ་སྟོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་ཁ་ཕྲལ་གྱི་བྱེད་སྤྱོད་སྣ་ཚོགས་དང་འཐབ་རྩོད་བྱེད་ཕོད་པ་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།     

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཐོག་ཁང་ཆེན་མོ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་ཐོག་འཛུགས་སྐྲུན་བྱ་དགོས། ང་ཚོ་མི་རེ་རེ་ཚང་མས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འཛུགས་སྐྲུན་པ་དང་སྐུལ་འདེད་པ་བྱས་ཚེ། ཀྲུང་ཧྭ་མི་རིགས་འདི་ཉིད་སྲ་ཞིང་བརྟན་པའི་མཐུན་སྒྲིལ་ཞིག་ཆགས་པ་དང་། སྲ་ཞིང་བརྟན་པའི་སྟོབས་ཤུགས་ལྡན་པ། རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུ་ཐུབ་ངེས་རེད། 

9_5 ཧུར་ཐག་གིས་གཞོན་ནུ་ལོ་ཆུང་ལ་ཁྲིད་སྟོན་བྱེད་པ།   

བསྐལ་བ་སྟོང་གི་ཤིང་། ལོ་བརྒྱ་ཐུབ་པའི་མི། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་ཡང་ཡིན། ཁོང་ཚོས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་འཛུགས་ཐུབ་མིན་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ལས་དབང་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཤུལ་འཛིན་མཁན་ཡོད་མེད་དང་འབྲེལ་བ་ཡོད། གཞོན་ནུ་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་སྟེ་གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བའི་དུས་མཚམས་ཁག་ཏུ་ཁྱབ་པ་བྱེད་པ་དང་། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ལ་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཁོང་དུ་ཡང་དག་ཆུད་རྒྱུར་ཁྲིད་སྟོན་བྱེད་པ། ཡང་དག་པའི་མི་རིགས་ཀྱི་ལྟ་བ་དང་རྒྱལ་ཁབ་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་ལ་མོས་སེམས་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་འཁུར་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཁྲི་སྟོང་མང་པོ་གསོ་སྐྱོང་ཧུར་ཐག་བྱེད་དགོས།     

སློབ་གྲྭ་ནི་གཞོན་ནུ་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་སའི་གཡུལ་ས་གཙོ་བོ་དང་ཐབས་ལམ་གཙོ་བོ་ཡིན། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་སློབ་ཚན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། སློབ་གྲྭ་ཆུང་འབྲིང་གིས《སློབ་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་མཛུབ་ཁྲིད་རྩ་གནད(ཚོད་ལྟའི་ལག་བསྟར)》ཀྱི་བླང་བྱ་གཞིར་བཟུང་། སློབ་ཆུང་ལོ་རིམ་གསུམ་པ་དང་བཞི་པར《ཀྲུང་ཧྭ་ཁྱིམ་ཚང་ཆེ་མོའི》སློབ་ཚན་བཀོད་སྒྲིག་དང་། སློབ་ཆུང་ལོ་རིམ་ལྔ་པ་དང་དྲུག་པར《མི་རིགས་རྒྱུན་ཤེས》ཀྱི་སློབ་ཚན་བཀོད་སྒྲིག་བྱེད་པ། དམའ་རིམ་སློབ་འབྲིང་ལོ་རིམ་དང་པོ་དང་གཉིས་པར《མི་རིགས་སྲིད་ཇུས་ཀྱི་རྒྱུན་ཤེས》ཀྱི་སློབ་ཚན་བཀོད་སྒྲིག་བྱེད་པ། སློབ་རིམ་དང་པོ་དང་གཉིས་པར་《མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྒྱུན་ཤེས》ཀྱི་སློབ་ཚན་བཀོད་སྒྲིག་བྱེད་པ། འབྲིང་རིམ་ལས་རིགས་སློབ་གྲྭའི་ནང《མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྒྱུན་ཤེས་ལག་ལེན་གྱི་སློབ་གསོའི》སློབ་ཚན་བཀོད་སྒྲིག་བྱེད་པ། མཐོ་རིམ་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་དུས་བབ། སྲིད་ཇུས་ཀྱི་སློབ་ཚན་ནང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཡག་པོ་རྒྱག་དགོས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་སློབ་ཚན་གཏན་འབེབས་ལྟར་སློབ་ཁྲིད་བཀོད་སྒྲིག་བྱ་དགོས། དུས་མཚམས་ཁག་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྒྱལ་ཡོངས་གཅིག་གྱུར་རྩོམ་སྒྲིག་སློབ་དེབ་ཀྱི་སློབ་ཁྲིད་ནང་དོན་སློབ་ཆུང་དུས་མཚམས་ཀྱི་བརྟག་ཞིབ་དང་། འབྲིང་རྒྱུགས། མཐོ་རྒྱུགས་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་ཡིག་རྒྱུགས་ཀྱི་ཁྱབ་ཁོངས་དེ་ཆབ་སྲིད་ཚན་ཁག་གི་སྐར་གྲངས་ཀྱི15%ལས་མི་དམའ་བ་བྱ་རྒྱུ་ཡིན་པ་རེད། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་། དུས་བབ་དང་སྲིད་ཇུས་སློབ་ཚན་གྱི་ཡིག་རྒྱུགས་ནང་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་དོན་གྱི་བསྡུར་ཚད་མཐོ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་ཁག་གི་སློབ་གྲྭའི་སློབ་གཙོ་དང་། ཆབ་སྲིད་སློབ་གསོའི་ཀྲུའུ་རེན། ཚོགས་པའི་ལས་དོན་པ། བསམ་བློ་ཀུན་སྤྱོད་སློབ་ཚན་གྱི་དགེ་རྒན་དང་དེ་བཞིན་འབྲེལ་ཡོད་རིག་ཚན་གྱི་དགེ་རྒན་བཅས་ཀྱི་ཁྲོད་ནས་ཕུལ་བྱུང་དགེ་རྒན་བདམས་ཏེ་མི་རིགས་མཐུན་སྒྲིལ་སློབ་གསོའི་སློབ་ཁྲིད་ཀྱི་ལས་འགན་འཁུར་དུ་འཇུག་དགོས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཁྲིད་ཞིབ་འཇུག་དང་། ཐུན་མོང་ཐོག་སློབ་ཁྲིད་གྲ་སྒྲིག སློབ་ཁྲིད་བྱེད་སྟངས་སོགས་སྒྲིག་འཛུགས་བྱས་པ་བརྒྱུད་དགེ་རྒན་གྱི་བསམ་བློའི་བྱང་ཚད་དང་ལས་སྒོའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དངོས་གནས་སློབ་དེབ་ནང་འགོད་པ་དང་། སློབ་ཁང་དུ་ཁྲིད་པ། སློབ་མའི་སེམས་སུ་ཟུག་པ་བཅས་བྱ་དགོས་སོ།།

9_6 གཞིས་ཁུལ་འགན་འཁྲི།    

གཞིས་ཁུལ་དང་ཁྱིམ་ཚང་གིས་གཞོན་ནུ་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རྒྱག་པའི་ཁྲོད་འགན་འཁྲི་གལ་ཆེན་འཁུར་ཡོད། གཞིས་ཁུལ་གྱི་གཞི་རིམ་རྩ་འཛུགས་ཀྱིས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་གཞིས་ཁུལ་འཛུགས་སྐྲུན་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིབ་ཕྲའི་འཆར་འགོད་བཀོད་སྒྲིག་བྱེད་པ་དང་གཞིས་ཁུལ་གྱི་བྱེད་སྒོའི་འཐབ་ས་ཁག་ལ་བརྟེན་ནས་ཡིད་དབང་འཕྲོག་ཤུགས་ཆེ་བའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས། ཁྱིམ་ཚང་ནི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྐྱེད་སྲིང་བྱེད་པའི་སློབ་ཁང་དང་པོ་དང་ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན། ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་སློབ་གསོ་གཏོང་ཐབས་ཁོང་དུ་ཆུད་པར་བྱས་ཏེ་རང་ཉིད་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་གཏམ་སྤྱོད་ལ་བརྟེན་ནས་བྱིས་པར་མིག་དཔེ་སྟོན་དགོས། ལྔ་བཟང་ཁྱིམ་ཚང་དང་ཡ་རབས་ཁྱིམ་ཚང་གཏོད་པའི་བྱེད་སྒོ་སྤེལ་བར་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་དོན་གཙོ་གནད་དུ་མཚོན་པར་བྱེད་དགོས། གྲོང་གསེབ་དང་། ཁེ་ལས། ལས་ཁུངས། དམག་དཔུང་བཅས་ཀྱི་གཞི་རིམ་རྩ་འཛུགས་ཀྱིས་ལས་རིགས་ཁག་གི་གཞོན་ནུ་རྣམས་ལ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་སློབ་གྲྭ་ནས་ཁྱིམ་ཚང་དུ་ཁྱབ་པ་དང་སྤྱི་ཚོགས་སུ་སྣུར་སྲིང་བྱས་ཏེ་ཟུང་འབྲེལ་གསུམ་གྱི་སློབ་གསོའི་དྲ་རྒྱ་ཞིག་ཆགས་པ་བྱེད་དགོས།     

གུང་གཞོན་ཚོགས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་ནི་གཞོན་ནུ་དང་ལོ་ཆུང་ཚོས་ལག་ལེན་ཁྲོད་མི་རིགས་ཀྱི་བརྩེ་དུང་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གྲྭ་ཞིག་ཡིན། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བ་དང་། དབྱར་དགུན་དང་དབྱར་ཁའི་གུང་གསེང་དང་གོ་སྐབས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ཏེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ་རྒྱལ་ཁབ་ཀྱི་གནས་ཚུལ་བརྟག་དཔྱད། དང་བླངས་ཞབས་ཞུ། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་བསམ་བློ་དང་ཆབ་སྲིད་ལས་ཀའི་དགེ་མཚན་འདོན་སྤེལ་བྱས་ཏེ། སློབ་ཆེན་སློབ་མར་ལས་ཞུགས་ཀྱི་འདུ་ཤེས་ཡང་དག་པ་འཛུགས་པར་རོགས་རམ། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་གཞི་རིམ་དང་ནུབ་རྒྱུད། མི་རིགས་ས་ཁུལ་བཅས་སུ་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱས་ཏེ། ལང་ཚོ་དང་བློ་གྲོས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་སུ་འབུལ་དགོས། གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བའི་ཁྱད་ཆོས་དང་བསམ་བློའི་དོན་དངོས་ལ་དམིགས་ནས་བརྗོད་བྱ་གཙོ་བོའི་ཚོགས་པའི་བྱེད་སྒོ་དང་། དབྱར་སྒར། གསར་བརྗེའི་ཡུལ་སྐོར། མི་རིགས་ཁག་གི་དགེ་སློབ་ཕན་ཚུན་འཚམས་འདྲི། མི་རིགས་ཀྱི་ཤེས་བྱའི་འཆད་ཁྲིད། མི་རིགས་ཀྱི་གླུ་གར་འཁྲབ་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉམས་ལེན་བྱེད་སྒོ་སྤེལ་བ་རེད། གཞོན་ནུ་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཁྱབ་ཁོངས་ཀྱི་ལས་ཀ་དངོས་བྱེད་མཁན་དང་རིགས་པའི་གཞུང་ལུགས་ཀྱི་ལས་ཀ་བྱེད་མཁན། གྲངས་ཉུང་མི་རིགས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་བཅས་གདན་དྲངས་ཏེ་སྙན་སྒྲོན་གནང་བ་དང་། ཏང་ཡོན་རྒན་གྲས། འཐབ་འཛིང་པ་རྒན་གྲས། རིགས་གཅིག་མཁས་ཅན་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་རྒན་གྲས་བཅས་ཀྱི་འཐུས་མི་གདན་དྲངས་ནས་ཟུར་ཁྲིད་པའི་འགན་འཁུར་དུ་བཅུག་སྟེ་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་དང་དངོས་ཕན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

9_7 ཁོར་ཡུག་ལེགས་པོ་བསྐྲུན་པ།     

སྤྱི་ཚོགས་ཀྱིས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་འདུ་ཤེས་སྐྱེད་སྲིང་བྱེད་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས། མང་ཚོགས་ཀྱི་སྨྱན་སྦྱོར་གྱིས་གཞོན་ནུ་ལོ་ཆུང་ལ་དམིགས་གཏན་འཁེལ་བའི་མང་ཚོགས་དང་ལེ་ཚན་བཟོས་ནས་མཐུན་སྒྲིལ་ཡར་ཐོན་གྱི་གླེང་ཕྱོགས་རྣམ་པ་ཞིག་གཏོད་དགོས། གཙོ་གནད་གསར་འགྱུར་དྲ་ཚིགས་དང་སློབ་གསོའི་དྲ་ཚིགས་ཀྱིས་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་དྲ་ངོས་དང་དྲ་ངོས་བཙུགས་ནས་རྣམ་པ་སྣ་ཚོགས་ཀྱི་དྲ་ཐོག་བྱེད་སྒོ་སྤེལ་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི། གཞོན་ནུ་དང་ལོ་ཆུང་ཕོ་བྲང་། ཚན་རྩལ་ཁང་སོགས་ཀྱིས་གཞོན་ནུ་ལོ་ཆུང་ལ་ཁ་ཕྱོགས་པ་དང་། གཞོན་ནུ་ལོ་ཆུང་ལ་ཞབས་འདེགས་ཞུ་བ། གཞོན་ནུ་ལོ་ཆུང་ཚུད་པའི་སྤྱི་ཚོགས་ཡོངས་ལ་རིན་མེད་ངང་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ། ཆེད་དོན་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དེའི་ནང་ཞུགས་རྒྱུའི་ཡིད་དབང་འགུག་དགོས། གཞོན་ནུ་ལོ་ཆུང་གི་དང་ལེན་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བརྗོད་དོན་གཙོ་བོར་བྱེད་པ་དང་བསམ་བློའི་རང་བཞིན་དང་ཤེས་བྱའི་རང་བཞིན་ཆེ་བའི་ཀློག་དེབ་དང་། ཟློས་གར། འགུལ་རིས་བརྩམས་ཆོས། རོལ་རྩེད་ཐོན་རྫས་བཅས་ཞིབ་ཚགས་ངང་གསར་རྩོམ་དང་ཐོན་སྐྱེད་བྱས་ཏེ་གཞོན་ནུ་ལོ་ཆུང་ལ་བག་ཆགས་རིམ་འགྱུར་ཁྲོད་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་ཐེབས་སུ་འཇུག་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བསྟན་དོན། “མི་རིགས་ཤིག་གིས་རྟག་ཏུ་དོ་སྣང་བྱེད་པའི་མིག་རྒྱང་གཞོན་ནུར་ཕྱོགས་པ་དང་། སྲིད་ཏང་ཞིག་གིས་ནམ་ཡིན་ཡང་གཞོན་ནུ་རྣམས་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།” མི་རིགས་ཁག་གི་གཞོན་ནུ་དང་ལོ་ཆུང་ལ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་ཁོང་ཚོར་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཕུགས་ཀྱི་ཇུས་ཆེན་ཞིག་རེད། དེང་སྐབས་ཀྱི་ཀྲུང་གོར་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་བྱང་ཚད་བཟང་པོ་དང་རྣམ་པ་གསར་རྐྱང་ལྡན་ཡོད་པས་ཡིད་ཆེས་བྱེད་འོས་པའི་མི་རབས་ཤིག་རེད། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློའི་ལྟ་བ་དེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གི་སེམས་ནང་གཏིང་ཟབ་ཟུག་ཚེ་མི་རིགས་མཐུན་སྒྲིལ་ཆེ་མོ་དང་། འཕེལ་རྒྱས། དར་རྒྱས་ཆེན་པོ་བཅས་ཀྱི་འབྲས་བུ་ཐོན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

10 འབྲེལ་ཡོད་ལེགས་བཤད།     

ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་མི་རིགས་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ལྟེ་བའི་གནད་དོན་ནི་ཆ་རྐྱེན་ཧུར་ཐག་བསྐྲུན་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་སོགས་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དེ་ནི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་ལ་ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་སྲིད་ཇུས་ཀྱི་རྩ་བའི་རྩ་དོན་ཞིག་ཀྱང་ཡིན། —ཅང་ཙེ་མིན།     

མི་རིགས་མཐུན་སྒྲིལ་གྱི་གནས་བབ་ཡག་པོ་ཡོད་ཚེ། སུ་ལའང་ཚོར་སྣང་གསལ་པོ་ཡོང་མི་སྲིད། འོན་ཀྱང་མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་ཐེབས་སྐབས། མི་རྣམས་ཀྱིས་ད་གཟོད་དེའི་རྩ་ཆེན་དང་གལ་ཆེན་ཡིན་པ་ཤེས། —དབྱང་ཅིན།   

མི་རིགས་ཀྱི་སྐད་ཆ་སྲུང་སྐྱོང་བྱེད་པ་དེས་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་ལ་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བདེ་འགོད་ལ་ཡང་ཕན་པ་ཡོད། —ཀྲོའུ་ཧའེ་ཀྲུང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་རིགས། མཐུན་སྒྲིལ།