གསེར་གཤོང་དགོན་པ།སྔ་མའི་པར་གཞི་དེ མཐོ་སྒང་གི་མེལ་ཚེ།  ནས 2019-03-11 09:18ལ་འགྲུབ།

གསེར་གཤོང་དགོན་པ།

གསེར་གཤོང་དགོན་པ།
བོན་རྒྱ་གསེར་གཤོང་དགོན་ཐེག་ཆེན་ཆོས་འཁོར་གླིང་ནི་མཚོ་ལྷོ་ཁུལ་མང་རྫོང་སུམ་མདོ་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ་བཅུ་གསུམ་མཚམས་སུ་ཡོད། དེ་ལ་དགོན་པ་འདིའི་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་ན། རང་རེའི་གནའ་བོའི་དུས་ཀྱི་ཆོས་འདོན་པ་ཚོས་མགོ་ལ་གྱོན་པའི་ཕྱིང་ཞྭའི་ཞྭ་གོར་སྟེང་ཏོག་སེར་བོ་ཆེ་ཆུང་མཐེ་བོང་ཙམ་ཞིག་བཙུགས་ཡོད་པ་ལས་གྲྭ་གྲོང་གི་ཁྱད་པར་ཆེན་པོ་མེད་ན་ཡང་། ཁོ་བོ་ཅག་གིས་སྡེ་བ་དང་དུད་ཁྱིམ་སོགས་ཀྱི་རིམ་གྲོ་བསྒྲུབས་པ་ཡིན། དེ་ནས་རིམ་པ་བཞིན་དུ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས་ཕྱིའི་རྣམ་པ་སོགས་གང་ཅིའི་ཐད་ནས་ཅུང་ཇེ་ལེགས་སུ་སོང་བ་དང་། རས་གུར་ཆུང་བ་ཞིག་ལས་སྡེ་བའི་རིམ་གྲོ་འདོན་པའམ། ཁྱད་པར་དུ་བཅུ་བའི་ལྔ་མཆོད་དང་། བཞི་བའི་སྨྱུང་གནས་ཀྱི་དགེ་རྒྱུན་བཙུགས། སྐྱབས་མགོན་གཉིས་པའི་ཡོངས་འཛིན་རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱིས་ཡུལ་ལུང་མང་བོ་དང་ནང་སྒོས་སུ་རང་རེའི་ཡུལ་ཚོ་འདི་ལ་མ་ཎིའི་དགེ་རྒྱུན་བཙུགས་པ་དང་། དགེ་རྒྱུན་འདི་དག་ས་བོན་བྱས་ཏེ་ད་ལྟའི་བདུན་པའི་མ་ཎི་ཆོས་ཐོག་དང་། དགེ་ལྡན་ལྔ་མཆོད་ཆེན་མོ། བཞི་བའི་སྨྱུང་ཆེན་སོགས་བྱུང་བ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མཚན།
གསེར་གཤོང་དགོན།
དབྱིན་ཡིག་གི་མཚན།
Sershong monastery
རྒྱ་ཡིག་གི་མཚན།
赛羊寺
མཚན་རྒྱས་པ།
གསེར་གཤོང་དགོན་ཐེག་ཆེན་ཆོས་འཁོར་གླིང་།
གྲུབ་མཐའ།
དགེ་ལུགས་པ།
ཚུགས་དུས།
2007ལོའི་ཟླ9པའི22ཉིན།
ཆགས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྗོང་སུམ་མདོ་གྲོང་རྡལ་ཉི་མ་ལུང་སྡེ་བ།
1 ངོ་སྤྲོད།

དེ་ཡང་བོན་རྒྱ་གསེར་གཤོང་དགོན་ཐེག་ཆེན་ཆོས་འཁོར་གླིང་ནི་མཚོ་ལྷོ་ཁུལ་མང་རྫོངསུམ་མདོ་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ་བཅུ་གསུམ་མཚམས་སུ་ཡོད། དེ་ལ་དགོན་པ་འདིའི་ལོ་རྒྱུས་མདོ་ཙམ་ཞིག་བརྗོད་ན། རང་རེའི་གནའ་བོའི་དུས་ཀྱི་ཆོས་འདོན་པ་ཚོས་མགོ་ལ་གྱོན་པའི་ཕྱིང་ཞྭའི་ཞྭ་གོར་སྟེང་ཏོག་སེར་བོ་ཆེ་ཆུང་མཐེ་བོང་ཙམ་ཞིག་བཙུགས་ཡོད་པ་ལས་གྲྭ་གྲོང་གི་ཁྱད་པར་ཆེན་པོ་མེད་ན་ཡང་། ཁོ་བོ་ཅག་གིས་སྡེ་བ་དང་དུད་ཁྱིམ་སོགས་ཀྱི་རིམ་གྲོ་བསྒྲུབས་པ་ཡིན། དེ་ནས་རིམ་པ་བཞིན་དུ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས་ཕྱིའི་རྣམ་པ་སོགས་གང་ཅིའི་ཐད་ནས་ཅུང་ཇེ་ལེགས་སུ་སོང་བ་དང་། རས་གུར་ཆུང་བ་ཞིག་ལས་སྡེ་བའི་རིམ་གྲོ་འདོན་པའམ། ཁྱད་པར་དུ་བཅུ་བའི་ལྔ་མཆོད་དང་། བཞི་བའི་སྨྱུང་གནས་ཀྱི་དགེ་རྒྱུན་བཙུགས། སྐྱབས་མགོན་གཉིས་པའི་ཡོངས་འཛིན་རྗེ་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱིས་ཡུལ་ལུང་མང་བོ་དང་ནང་སྒོས་སུ་རང་རེའི་ཡུལ་ཚོ་འདི་ལ་མ་ཎིའི་དགེ་རྒྱུན་བཙུགས་པ་དང་། དགེ་རྒྱུན་འདི་དག་ས་བོན་བྱས་ཏེ་ད་ལྟའི་བདུན་པའི་མ་ཎི་ཆོས་ཐོག་དང་། དགེ་ལྡན་ལྔ་མཆོད་ཆེན་མོ། བཞི་བའི་སྨྱུང་ཆེན་སོགས་བྱུང་བ་ཡིན།

.jpg

2 ལོ་རྒྱུས་འཕེལ་རིམ།  

སྤྱི་ལོ1862ལོ་ནས་བཟུང་སེར་མོ་སྤྱི་བར་ནགས་རྒྱའི་ཆོས་དབྱིངས་ཡེ་ཤེས་ཚང་གིས་གཅོད་ཞི་དྲག་དང་། རྒྱལ་བ་རྒྱ་མཚོ། དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ། སྨན་བླ་སོགས་ཀྱི་དབང་དང་། མགོན་པོ་དང་ཆོས་རྒྱལ་ཕྱི་སྒྲུབ་རྗེས་གནང་། སྨྱུང་གནས་ཆོ་ག་དང་། བླ་མ་མཆོད་པ། སྨོན་ལམ་རྣམ་ལྔ། སྨན་བླ་རིང་ཐུང་གཉིས། ཀུན་རིག འཇིགས་བྱེད། གསང་འདུས་སོགས་ཀྱི་ཞལ་ལུང་གསུང་བ་དང་། དུས་འདིར་སེར་མོ་སྤྱི་བ་འདི་སྔོན་ལས་དར་རྒྱས་སུ་སོང་།   

སྤྱི་ལོ1941ལོར་མཁན་ཆེན་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསུང་བ་དང་། སྤྲུལ་སྐུ་ནམ་མཁས་མཎ་ཊལ་བཤད་པ་མཛད། དབང་ཐོག་འདིར་གློ་བུར་དུ་ཆུ་མིག་རང་རྡོལ་ཞིག་བྱུང་བས་དེར་འཚོགས་ཀྱི་སྐྱེ་བོ་རྣམས་མ་གྲོལ་བར་ཆུས་མ་ཕོངས་པའི་མཚན་ལྟས་ཡ་མཚན་བྱུང་། དེར་མ་ཟད་སེར་མོ་སྤྱི་བའི་དགེ་སློང་ཨ་ཁུ་དགེ་འཕྲིན་སོགས་ཀྱིས་ཞུས་པ་ལྟར་བསྒྲུབ་བྱ་བཅུ་ལ་སོ་ཐར་གྱི་སྡོམ་པ་ཡོངས་སུ་རྫོགས་པར་བསྩལ་པས་སེར་མོ་སྤྱི་བ་འདིར་དགེ་ཚུལ་སློང་གི་སྡེ་བཙུགས། སྐབས་དེར་བོན་པོ་སྤྱི་བ་རྒྱས་མ་དྲག་པའི་རྐྱེན་གྱིས་སེར་མོ་སྤྱི་བའི་ཨ་ཁུ་ཟླ་བ་དང་།  ཨ་ཁུ་པོ་ལོ།  བན་དེ་ཉི་མ། བན་དེ་མཁས་གྲུབ་བཅས་སེར་མོ་འདོན་བཟང་བཞི་བོན་པོ་སྤྱི་བ་རྒྱ་བསྐྱེད་དུ་བྱིན་ཏེ་སྔོན་ལས་དར་བར་གྲགས།   

སྤྱི་ལོ1944ལོར་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསུངས་པ་དང་། ད་ལྟའི་གདུགས་དཀར་ཆོས་ཐོག་དང་། དམིགས་བརྩེ་མའི་ཆོས་ཐོག་ནི་མཁན་ཆེན་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ་དང་ཁོང་རྣམ་པ་གཉིས་ཀྱིས་དུས་དེར་སེར་མོ་སྤྱི་བའི་ཞབས་བརྟན་དུ་བཙུགས་པ་ཡིན།  

སྤྱི་ལོ1948ལོར་སྐྱབས་མགོན་བདུན་པ་ཆེན་པོ་རྗེ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྐུར་པ་དང་། སྤྱི་བར་ཀུན་རིག་གི་བདག་འཇུག་ཆོས་ཐོག་གསར་འཛུགས་གནང་། དུས་དེར་ཁོང་ཉིད་ཀྱི་རྒྱལ་ཚབ་ཏུ་རྫོང་སྔོན་སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་མཆོག་གྲུབ་བསྐོས་པ་ལྟར་ཁོང་གིས་འགན་འཁྲི་ཞལ་བཞེས་གནང་ཞིང་། ཀུན་རིག་དང་། གསང་འདུས། རྡོ་རྗེ་འཇིགས་བྱེད་སོགས་ཀྱི་དབང་ལུང་མང་བོ་གནང་བ་མ་ཟད། སྤྱི་བར་བཅའ་ཡིག་ཅིག་བྲིས་གནང་མཛད་ཀྱང་སྤྱི་ལོ་ང་བརྒྱད་ནང་མེད་པར་སོང་། དེ་མིན་སེར་མོ་སྤྱི་བའི་དགེ་ཚུལ་སློང་མང་བོས་ཞུས་པ་ལྟར་ཁོང་གིས་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་ཤོ་ལོ་ཀ་གསུམ་ཅན་ཞིག་བརྩམས་ཡོད་པ་དེ་ད་ལྟར་བཞུགས།   

སྤྱི་ལོ1957ལོར་བོན་རྒྱའི་གཡུ་ལོ་དང་། དཔོན་པོ་ཤ་བོ་སོགས་ཀྱིས་ཞུས་པ་ལྟར་སྐྱབས་མགོན་བདུན་པ་ཆེན་པོས་ཡང་བསྐྱར་དུས་འཁོར་དབང་ཆེན་གསུངས་པ་དང་། སེར་མོ་རྣམས་ཀྱིས་ཀུན་འཇིགས་གསང་གསུམ་དང་སྨན་བླ་རིང་ཐུང་སོགས་ཆོ་ག་ཆོས་སྤྱོད་མང་བོ་ཤོག་ངོས་གཅིག་ལ་རེ་ལྟོས་བྱེད་མི་དགོས་པར་བློ་འདོན་ཁོ་ན་ཡིན་པར་ཐུགས་ཧ་ཅང་དགྱེས་ཤིང་། རྗེས་ཕྱོགས་དཔལ་གསང་བ་འདུས་པའི་བདག་འཇུག་འཛུགས་རྒྱུ་དང་། སྤྱི་བ་དགོན་པར་བསྒྱུར་པའི་ཞལ་བཀོད་དང་ཐུགས་སྨོན་སོགས་ཀྱང་གནང་། སྐབས་འདིར་སེར་མོ་སྤྱི་བའི་བྱ་བཏང་བ་ཆེན་པོ་རྗེ་སངས་རྒྱས་རྒྱ་མཚོ་ཁོང་ཉིད་ཀྱིས་བྲག་དཀར་སྤྲེལ་རྫོང་སོགས་སུ་བསྟན་འགྲོའི་དོན་རླབས་ཆེན་མཛད། དེ་མིན་བོན་རྒྱའི་གཡུ་ལོ་བན་དེ་ཨ་ཁུ་རྒྱ་མཚོས་བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་མཛད་པ་དང་། དུས་དེར་ཁོ་རང་གིས་སྐྱབས་མགོན་བདུན་པ་ཆེན་པོའི་ཐུགས་བཀོད་སེམས་སུ་ཉར་ནས་བོན་རྒྱའི་གཡུ་ལོ་སྦྱིན་བདག་བྱས་ཏེ་སེར་མོ་སྤྱི་བར་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བླུས་ཀྱང་། སྤྱི་ལོ1958ལོ་ནས་བཟུང་གོང་དུ་ཞུས་པའི་དགོན་པ་འདེབས་པའི་འཆར་བཀོད་དང་། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། སྤྱི་བའི་ཆེས་རྙིང་བའི་མཆོད་རྫས་སྣ་ཚོགས་དང་། ཚོགས་སྤྱིས་གསར་རྙིང་སོགས་མེད་པར་བྱས་ཤིང་། གྲྭ་ཚོགས་ཡུལ་ལུང་དུ་གཏོར།  

སྤྱི་ལོ1980ནས་བཟུང་ཆོས་ལུགས་སླར་གསོ་བྱས་པ་དང་། དུས་དེར་སྤྱི་བའི་དགེ་སློང་བསྟན་པ་དར་རྒྱས་ཀྱིས་དབུ་དྲངས་ཏེ་སྔོན་གྱི་རྒན་པ་རྣམས་ཀྱི་བཀའ་དྲིན་གྱིས་བསྟན་པའི་མེ་རོ་སླར་ཡང་གསོས་པ་དང་གྲྭ་ཚོགས་རིམ་བཞིན་རྒྱས།  སྤྱི་བའི་ཨ་ཁུ་རྒྱ་མཚོས་ཀྱང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་བླུས་ཏེ་སྔོན་གྱི་སེམས་འདུན་སླར་གསོ་བྱས་པ་དང་།  དྲེད་ཀྱི་མདོ་རུ་ལྷ་ཁང་མཐོང་གྲོལ་ཆེན་མོ་ཟེར་བ་གསར་བཞེངས་མཛད།  རྗེས་སུ་ཨ་ལགས་ཁ་སོ་ཚང་དང་ལྷན་དུ་པཎ་ཆེན་རིན་པོ་ཆེ་ཚང་གི་སྐུ་མདུན་དུ་བཅར་ཏེ་ས་གནས་འདིའི་འཇམ་མགོན་བླ་མའི་བསྟན་པའི་འཕེལ་འགྲིབ་ཡར་ཞུ་བྱས་པ་བཞིན་ཁོང་གིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་མཚལ་ཐེལ་ཅན་དང་།  ཞལ་ཐང་སྡེ་ལྔ་མཚལ་ཐེལ་ཅན།  ཁོང་གི་སྐུ་པར་དུང་ཐེལ་ཅན་སོགས་གནང་།  དེ་མིན་རྒྱལ་བའི་བཀའ་འགྱུར་སོགས་ཀྱང་བླུས། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུའི་ཡས་མས་སུ་གྲྭ་བ་བཅུ་ཕྲག་ལྷག་གིས་རྒྱལ་ཚབ་མཁས་བཙུན་ལུང་རིག་རྒྱ་མཚོ་ཚང་དང་།  ཁྲི་ཆེན་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས་ཚང་།  རོང་བོ་བླ་མ་ཁྲི་ཆེན་དགེ་འདུན་དར་རྒྱས་རྒྱ་མཚོ་སོགས་ཀྱི་སྐུ་དྲིན་ལས་རོང་བོ་དགོན་པ་ནས་དཔེ་གཟིགས་མཛད་པ་དང་། གྲྭ་བ་འགའ་ཀླུ་ཚང་དགོན་པར་ཕེབས་ཏེ་བླ་མ་ཆོས་རྗེ་ཚང་སོགས་ཀྱི་ཐུགས་རྗེ་ལ་བརྟེན་ནས་དཔེ་གཟིགས་གནང་།   གྲྭ་བ་མང་ཤོས་ཀྱིས་སེར་མོ་སྤྱི་བའི་རྣམ་པ་རྒྱ་བསྐྱེད་མཛད་ནས་བཞུགས།  དུས་དེ་ནས་ད་ལྟའི་བར་གྲྭ་ཚོགས་འདི་ལས་ལྷ་རམས་པ་དང་།  རབ་འབྱམས་པ་སོགས་ཀྱང་བྱུང་། 

སྤྱི་ལོ1994ལོར་བོན་རྒྱའི་དཔོན་པོ་ཤ་བོ་གཙོས་སྡེ་སྤྱི་གཉིས་ཀྱིས་ཆོས་པ་རིན་པོ་ཆེ་རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོར་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་སོགས་ཞུས་པ་དང་། རྗེས་སུ་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་དང་ཁོང་རྣམ་པ་གཉིས་ཀྱི་བཀའ་གྲོས་གནང་བ་བཞིན་འཕགས་པ་ཐུགས་རྗེ་ཆེན་པོ་དང་།  འཇིགས་བྱེད་དཔའ་བོ་གཅིག་པའི་དབང་།  སྨན་མཆོག་ཆེན་མོའི་ལུང་དང་།  རིགས་གསུམ་སྤྱི་སྒྲུབ་དང་། ཆོས་རྒྱལ་རྗེས་གནང་སོགས་གསུང་བ་དང་།  སྤྱི་བར་ཁོང་གི་སྐུ་གོང་མ་ཞིག་གིས་ལྷ་ལྡན་ཞིང་ནས་གདན་དྲངས་པའི་ཇོ་བོའི་སྨན་སྐུ་ཞིག་རྟེན་སྐལ་དུ་གནང་།  དུས་དེར་ཨ་ལགས་གཡུང་དྲུང་ལྷུན་གྲུབ་མཆོག་གིས་མཎྜལ་བཤད་པ་མཛད།  

སྤྱི་ལོ1996ལོའི་ཟླ4པའི་ཚེས11ཉིན་ལྷ་སྡེ་སོགས་ཀྱི་འདོད་མོས་བཞིན་ངེད་ཅག་གྲྭ་བ་འགས་སྔོན་སྐྱབས་མགོན་བདུན་པ་ཆེན་པོས་ལུང་བསྟན་པ་ལྟར་ཁྱུང་སྨན་རི་བོའི་མདུན་དང་།  སྤྱི་ལོ1981ལོར་ཨ་ཁུ་རྒྱ་མཚོས་བཞེངས་པའི་ཆོས་ཁང་། དེ་མིན་ད་ལྟར་དགོན་པ་བཏབ་པའི་ས་གནས་ཀླུ་འཇུར་གསུམ་གྱི་ས་མིང་སོགས་སྐྱབས་མགོན་བརྒྱད་པ་ཆེན་པོའི་ཕྱག་ཏུ་ཕུལ་ཏེ་དགོན་ས་གང་ལེགས་བརྟག་པ་གནང་རྒྱུ་དང་།  རྗེས་ཕྱོགས་དགོན་བདག་གི་འགན་ཡང་འཁུར་དགོས་ཞེས་ནན་གྱིས་ཞུས་པ་ལ་ཁོང་གིས་བོན་རྒྱའི་སེར་སྐྱ་ཐུན་མོངས་ལ་ལན་དུ་སྤྲིངས་པ།  འདིར་བསམ་འགྲུབ་སོགས་ཆོས་ཁང་གི་དགེ་ཚུལ་སློང་རྣམས་ཕེབས་ནས་ཆོས་ཁང་གི་འགན་རྩ་འཁུར་དགོས་ལུགས་བཤད་པས།  བདག་གིས་ཀྱང་ཐབས་ཤེས་གང་འོས་སྒོ་ནས་ཞབས་འདེགས་དེ་ལུགས་བགྱི་རྩིས་བྱས་པ་ལ།  ཁྱེད་རྣམ་པ་རྒན་གཞོན་བར་གསུམ་ཐམས་ཅད་ཀྱིས་ཀྱང་བློ་རྩེ་བླ་མ་དཀོན་མཆོག་དང་།  ཆོས་ཁང་འདིས་ཤི་གསོན་འབྲེལ་ཐོགས་ཐམས་ཅད་ལ་ཕན་པའི་དགེ་འདུན་གྱི་སྡེ་ཞིག་ཏུ་འཕེལ་ཞིང་རྒྱས་པ་ལ་ལེགས་ལམ་གང་ཡོད་ལྷག་བསམ་གྱིས་སྲི་ཞུ་བགྱིད་པར་འཚལ་ཞེས་ཞུའོ། །ས་ཆ་ཀླུ་འཇུར་ཞེས་པར་བརྟགས་པ་ལེགས་པོ་ཞིག་ཤར་ཞེས་སྤྱི་ལོ1996ཟླ6པའི་ཚེས26ཉིན་ལ་ཤར་སྐྱེས་མིང་བ་བསྟན་འཛིན་འཇིགས་མེད་ཀྱིས་ཞེས་གསུང་ལན་གནང་།   དེ་བཞིན་དུ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པ་བསེ་ཚང་བློ་བཟང་དཔལ་ལྡན་དང་།  ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།   ཆོས་པ་རིན་པོ་ཆེ་རྗེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ།   ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ།   ཁྲི་ཆེན་ཁ་སོ་བློ་བཟང་འཇིགས་མེད་འཕྲིན་ལས།   ཁྲི་ཆེན་དགེ་འདུན་དར་རྒྱས་རྒྱ་མཚོ།  མེ་རྒན་ཆོས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར།  ཤར་ཡོངས་འཛིན་རྗེ་དགེ་འདུན་བསྟན་འཛིན། རྗེ་འཇིགས་མེད་ཐེག་མཆོག  དེ་མིན་རྗེ་དགེ་འདུན་ཆོས་འཕེལ།   ཀླུ་ཚང་དགོན་པའི་ཨ་ཁུ་དགེ་འདུན་ཆེ་བ་ཚང་སོགས་ཀྱིས་ཀྱང་དགོན་ས་འདིར་བསྔགས་བརྗོད་ཀྱི་མེ་ཏོག་ཅི་དགར་གཏོར། 

གཞན་ཡང་། སྤྱི་ལོ1996ལོར་དཔོན་པོ་ཤ་བོ་དང་། བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། བླ་མ་གཡུང་དྲུང་ལྷུན་གྲུབ་སོགས་ཀྱིས་ཞུས་པ་བཞིན་ལོ་དེའི་ཟླ8པའི་ཚེས22ཉིན་གོང་ས་སྐྱབས་མགོན་བརྒྱད་པ་ཆེན་པོ་རྗེ་བཙུན་བསྟན་འཛིན་འཇིགས་མེད་སྐལ་ལྡན་རྒྱ་མཚོ་མཆོག་ཕེབས་ཏེ་དཔལ་མོ་ལུགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་སོགས་གསུངས་པ་དང་།   བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་མཎྜལ་བཤད་པ་མཛད། 

སྤྱི་ལོ1997ལོའི་ཟླ4པའི་ཚེས11ཉིན་དགོན་པའི་ས་འཛིན་ལྷ་ཁང་བཞེངས་པའི་དབུ་བརྩམས་པ་དང་། ལོ་འདིའི་ཟླ6པའི་ཚེས1ཉིན་ཡོངས་སུ་གྲུབ། ཟླ་དེའི་ཚེས་ལྔའི་ཉིན་ཕྱོགས་ཡར་མར་གྱི་དགེ་འདུན་པ་རྣམས་ཡུལ་འདིར་འདུས་པ་དང་། ཚེས་བརྒྱད་ཉིན་སྔོན་ཨ་ཁུ་རྒྱ་མཚོས་བཞེངས་པའི་ཆོས་ཁང་གི་ལྷ་རྟེན་ཆོས་གསུམ་དང་།  སྤྱི་བའི་ལྷ་རྟེན་ཆོས་གསུམ་སོགས་དགོན་པའི་ས་འཛིན་ལྷ་ཁང་ནང་གདན་འདྲེན་བྱས་ཤིང་།  ཉིན་དུ་མའི་ནང་དགེ་འདུན་མང་གིས་ཆོ་ག་ཆོས་སྤྱོད་སོགས་གསུངས་པ་དང་།  ལཱ་མོ་ཡོངས་འཛིན་མཆོག་གིས་དགོན་པའི་གཞི་བརྟན་དུ་བསྩལ་པའི་སྨན་མཆོག་ཆེན་མོ་དང་།   མཎྜལ་བཞི་བ།  བརྐྱང་བསྐུམ་མ་སོགས་ཀྱང་གསུང་རྗེས་དགོན་པའི་དགེ་བསྐོས་དང་།  དབུ་མཛད།  དཀོར་གཉེར་སོགས་ཐོག་མར་གསར་འཇོག་བྱས།   ཡ་མཚན་པ་ཞིག་ལ་སྔོན་ལོར་སྐྱབས་མགོན་ཚང་བཞུགས་པའི་ཚོགས་སྤིས་ཤུལ་ཏུ་མེ་ཏོག་སྣ་ཚོགས་མིས་བཙུགས་པ་བཞིན་འཁྲུངས་། 

སྤྱི་ལོ1999ལོའི་ཟླ8པའི་ཚེས10ཉིན་ཁྲི་ཆེན་ཁ་སོ་ཚང་དགོན་པར་ཕེབས་ཏེ་ས་བདག་སྙིང་གཏེར་བསྒྲུབས་ནས་གཏེར་སྦས་མཛད་པས་ཆུ་མགོ་སྐམ་པོ་ནས་ཆུ་མིག་རྡོལ་བ་སོགས་ཀྱི་ལྟས་བཟང་བྱུང་། སྤྱི་ལོ2003ལོའི་ཟླ2པའི་ཚེས18ཉིན་ནས་བཟུང་འདུ་ཁང་ཆེན་མོ་གསར་དུ་བཞེངས་པའི་ཉེར་སྡོག་བརྩམས་པ་དང་།   

སྤྱི་ལོ2004ལོའི་ཤོལ་ཟླ་གཉིས་པའི་ནང་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དགོན་པར་གསེར་གཤོང་དགོན་ཐེག་ཆེན་ཆོས་འཁོར་གླིང་ཞེས་མཚན་བསྩལ་པ་དང་།  དུས་འདིར་སྐུ་ཕྱོགས་ཨ་རོལ་ཚང་དང་།  མདའ་བཞིའི་བོན་རྒྱའི་གྲགས་པ་སོགས་ཀྱིས་རམ་འདེགས་བྱས་པ་ལ་བརྟེན་ཏེ་གོང་རིམ་ནས་ཀྱང་དགོན་པའི་ཆོག་མཆན་དངོས་སུ་ཐོབ། 

སྤྱི་ལོ2005ལོའི་ཟླ8པའི་ཚེས28ཉིན་རྗེ་ཁ་སོ་རིན་པོ་ཆེ་དགོན་པར་ཕེབས་ཏེ་མཁར་རྔ་ཕུལ་བ་དང་། ཉིན་འདིར་ཐོག་མའི་མཁར་རྔ་བརྡུང་སྟེ་དགེ་འདུན་མང་ས་འཛིན་ལྷ་ཁང་ནང་ཚོགས་འཚོགས་ཏེ་ཁོང་གིས་ཚོགས་འགྱེད་བཏང་།   

སྤྱི་ལོ2007ལོའི་ཟླ9པའི་ཚེས22ཉིན་འདུ་ཁང་ཆེན་མོ་དང་།  ལྷ་རྟེན་ཆོས་གསུམ་སོགས་ཅུང་ལེགས་པར་གྲུབ་པས་དགེ་འདུན་པ་རྣམས་འདུ་ཁང་ནང་དུ་ཐོག་མའི་ཚོགས་འཚོགས།  

སྤྱི་ལོ2008ལོའི་ཟླ6པའི་ཚེས15ཉིན་དགེ་ཚུལ་སློང་སུམ་ཅུ་དབྱར་ལ་བཞུགས་ཏེ་དགོན་པར་དབྱར་དགག་གསོ་གསུམ་གྱི་ཕྱག་ལེན་གསར་དུ་བཙུགས།  

སྤྱི་ལོ2010ལོའི་ཟླ8པའི་ཚེས18ཉིན་དགོན་པའི་འདུ་ཁང་ཆེན་མོའི་རྟེན་དང་བརྟེན་པ་རྣམས་ཡོངས་སུ་གྲུབ་པའི་ཆོས་སྟོན་རྒྱ་ཆེར་མཛད།  

སྤྱི་ལོ2014ལོར་སྐྱབས་མགོན་བརྒྱད་པ་ཆེན་པོ་མཆོག་གིས་སྐྱེ་འགྲོ་ཡོངས་ཀྱི་མི་འདོད་པའི་ཉེར་འཚེ་མཐའ་དག་ཞི་བ་དང་།  མཐར་ཐུག་བླ་མེད་རྫོགས་བྱང་ཐོབ་པའི་ཕྱིར་ཏུ་མ་ཎི་དུང་སྒྲུབ་གསར་དུ་བཙུགས།  ལོ་ངོ་འདི་དག་གི་ནང་དགོན་པ་འདིར་ས་འཛིན་ལྷ་ཁང་དང།  རུང་ཁང། འདུ་ཁང་ཆེན་མོ།   ཤར་བླ་བྲང་བསམ་གཏན་ཁང་བཟང་སྲིད་ཞུའི་གདུང་སེལ་གླིང་།    དབྱེན་བཟླུམས་མཆོད་རྟེན།  གྲྭ་ཤག་ཉེར་ལྔ།   མ་ཎིའི་འཁོར་ལོ།  ཐར་མདོ་རྡོ་བརྩིགས།  གངས་ལྗོངས་མ་ཎི་རྡོ་འབུམ།   དགོན་པའི་གཞུང་སྒྲུབ་ཁང་སོགས་གསར་བཞེངས་མཛད་དོ།  །