གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 10:32ལ་འགྲུབ།

གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད།

གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད།
དེ་ནི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་ལགས་ནས་གཙོ་འགན་བཞེས་པའི་སྒོ་འབྱེད་ཅན་དང་སྤྱི་ཕན་ཅན་གྱི་གེ་སར་རིག་གནས་ཀྱི་ཆ་འཕྲིན་སྟེགས་བུ་ཞིག་ཡིན་ལ། ནང་དོན་གཙོ་བོ་ལ་གེ་སར་ལོ་རྒྱུུས་མི་སྣ་དང་། སྒྲུང་ཡིག སྒྲ་ལྡན། བརྙན་ཟློས། པར་རིས། ཞིབ་འཇུག་བཅས་ལེ་ཚན་ཆེན་པོ་དྲུག་དང་། གེ་སར་སྒྲུང་མཁན། གེ་སར་ཐང་ག གེ་སར་འབུར་བརྐོས། གེ་སར་ཟློས་གར། གེ་སར་པར་ལེན། གེ་སར་གླུ་དབྱངས། གེ་སར་ལྡེབས་རིས་བཅས་ལེ་ཚན་ཆུང་བ་བདུན་བཅས་བསྡོམས་པའི་ལེ་ཚན་ཆེ་ཆུང་བཅུ་གསུམ་གྱིས་གྲུབ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་སྐད་དུ།
格萨尔文化传承人数据库
ཤར་གཏོང་དུས་ཚོད།
སྤྱི་ལོ2018ལོའི་ཟླ11པའི་ཚེས24ཉིན།
གསར་གཏོད་མཁན།
དབང་ཆེན་ཚེ་རིང་།
1 ངོ་སྤྲོད།

གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད་ནི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་ལགས་ནས་གཙོ་འགན་བཞེས་པའི་སྒོ་འབྱེད་ཅན་དང་སྤྱི་ཕན་ཅན་གྱི་གེ་སར་རིག་གནས་ཀྱི་ཆ་འཕྲིན་སྟེགས་བུ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་འཇོན་མི་རྩེ་གྲས་ཆིག་སྟོང་གི་འཆར་གཞིའི་མ་དངུལ་གྱི་ལས་གཞིའི་གྲས་ཀྱི་གཅིག་ཡིན། དེ་ནི་སྤྱི་ལོ2017ལོའི་ཟླ2པ་ནས་བཟུང་དངོས་སུ་ལས་འགོ་བརྩམས་ཤིང་། སྔ་རྗེས་སུ་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་སོགས་གེ་སར་རིག་གནས་གཅིག་སྡུད་ཆེ་བའི་ས་ཁུལ་དུ་དངོས་སུ་བསྐྱོད་ནས་གེ་སར་རིག་གནས་ཐད་ཀྱི་རྒྱུད་འཛིན་པའི་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ། མིག་སྔར་ཆ་ཚང་བ་དང་གཅིག་གྱུར་ཅན་གྱི་རིག་མཛོད་འདི་གྲུབ་པ་རེད། དེར་ནང་དོན་གཙོ་བོ་ལ་གེ་སར་ལོ་རྒྱུུས་མི་སྣ་དང་། སྒྲུང་ཡིག སྒྲ་ལྡན། བརྙན་ཟློས། པར་རིས། ཞིབ་འཇུག་བཅས་ལེ་ཚན་ཆེན་པོ་དྲུག་དང་། གེ་སར་སྒྲུང་མཁན། གེ་སར་ཐང་ག གེ་སར་འབུར་བརྐོས། གེ་སར་ཟློས་གར། གེ་སར་པར་ལེན། གེ་སར་གླུ་དབྱངས། གེ་སར་ལྡེབས་རིས་བཅས་ལེ་ཚན་ཆུང་བ་བདུན་བཅས་བསྡོམས་པའི་ལེ་ཚན་ཆེ་ཆུང་བཅུ་གསུམ་གྱིས་གྲུབ་ཡོད་པ་དང་། ཡིག་ཆ་དང་། པར་རིས། སྒྲ་ལྡན། བརྙན་རིས་སོགས་ཀྱི་རྣམ་པས་རྒྱུད་འཛིན་པའི་སྒྲུང་བཤད་དང་། སྒྲུང་དཔེ། ཞིབ་འཇུག་གི་གྲུབ་འབྲས་སོགས་ཀྱི་ནང་དོན་ཁག་ཀྱང་འདུས་ཡོད་པ་རེད། གེ་སར་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་ལགས་ཀྱིས་བཤད་རྒྱུར། གེ་སར་རིག་གནས་རྒྱུད་འཛིན་པ་ནི་གེ་སར་རིག་གནས་ཀྱི་རྒྱུད་འཛིན་མཁན་དང་སྲུང་སྐྱོང་མཁན་ཡིན་པས། མྱུར་སྐྱོབ་རང་བཞིན་གྱིས་སྔོག་འདོན་དང་གྲངས་བསྒྱུར་ཅན་གྱིས་གསོག་ཉར་བྱེད་པ་ནི་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱེད་ཐབས་མེད་དུ་མི་རུང་བ་ཞིག་ཡིན་ཞིང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མྱུར་སྐྱོབ་དང་སྲུང་སྐྱོང་གི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། གེ་སར་སྒྲུང་རབས་ཆེན་མོ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རིག་གནས་བརྒྱུད་སྒྲོག་གི་བྱེད་ཐབས་དང་རྣམ་པ། མཚོན་ཐབས་སོགས་འཕེལ་རྒྱས་བྱུང་ཡོད་པས། གེ་སར་རིག་གནས་རྒྱུད་འཛིན་ནི་སྒྲུང་གྱེར་བཤད་བྱེད་པའི་སྒྲུང་པ་ཁོ་ན་མ་ཡིན་པར། གེ་སར་ཟློས་གར་དང་། གེ་སར་ཐང་ག གེ་སར་འབུར་བརྐོས། གེ་སར་ལྡེབས་རིས། གེ་སར་གླུ་དབྱངས། གེ་སར་གཏོར་མ། གེ་སར་པར་ལེན་སོགས་རིག་གནས་སྒྱུ་རྩལ་མང་པོ་འཛིན་སྐྱོང་སྤེལ་གསུམ་གྱི་རྒྱུད་འཛིན་མི་སྣའང་ཁོངས་སུ་འདུས་ལ། དམངས་ཁྲོད་ཀྱིས་ཕུལ་དུ་བྱུང་བའི་རྒྱུད་འཛིན་པ་སྲུང་སྐྱོབ་ལེགས་པོ་བྱས་ན་ད་གཟོད་ཐུན་མིན་གྱི་རིག་གནས་སྒྱུ་རྩལ་འདི་རིགས་སྲུང་སྐྱོང་ལེགས་པོ་བྱེད་ཐུབ། དེར་བརྟེན། ཆེད་གཉེར་གྱི་འཚོལ་སྡུད་དང་། ལེགས་སྒྲིག ཞིབ་འཇུག་བཅས་བརྒྱུད་དེ་ཚབ་མཚོན་ཐུབ་པའི་ཐང་ག་དང་། འབུར་བརྐོས། ལྡེབས་རིས། ཟློས་གར། གླུ་དབྱངས། པར་ལེན་སོགས་ཀྱི་རྣམ་པས་གེ་སར་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་མཁན་གྱི་རྒྱུད་འཛིན་པའི་རྒྱུ་ཆ་དག་གསོག་ཉར་དང་། རིག་མཛོད་འཛུགས་སྐྲུན་བྱས་ཏེ་གེ་སར་རིག་གནས་རྒྱུད་འཛིན་དང་གྲངས་བསྒྱུར་ཅན་གྱིས་མྱུར་སྐྱོབ་དང་སྲུང་སྐྱོང་བྱས་པ་ཡིན།

རིག་མཛོད་འདི་ལས་ཞུགས་མི་སྣ15ཡི་གྲུབ་ཡོད་པ་དང་། ལས་རིགས་གཙོ་བོའང་གེ་སར་རིག་པ་དང་མི་རིགས་རིག་པ། སྒྱུ་རྩལ་རིག་པ། རྩོམ་སྒྲིག་རིག་པ། བརྙན་རིས་རིག་པ་སོགས་ཀྱི་ཆེད་ལས་འདུས་ཤིང་ལས་གཞིའི་ཚོགས་མི་ལྗོངས་ཞིང་ལྔའི་བོད་ཁུལ་དང་པེ་ཅིང་སོགས་ལ་ཁྱབ་ཡོད་པ་རེད།

སྤྱི་ལོ017ལོའི་ཟླ11པའི་ཚེས24ཉིན། སྔར་ལས་ལྷག་པར་གེ་སར་སྒྲུང་རབས་ཆེན་མོ་རྒྱུད་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་དང་། གེ་སར་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་ལ་ཤུགས་སྣོན་ཆེད། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་མི་རིགས་སྒྱུ་རྩལ་དར་སྤེལ་གཏོང་བ་ཞེས་བརྗོད་དོན་གཙོ་བོ་ཡིན་པའི་གེ་སར་རིག་པའི་འཆད་ཁྲིད་དང་གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད་ཤར་གཏོང་མཛད་སྒོའི་བྱ་འགུལ་མཚོ་སྔོན་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས། བྱ་འགུལ་སྟེང་ཆེད་ལས་མཁས་པས་འཆད་ཁྲིད་དང་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱི་རྒྱུད་འཛིན་དང་རིག་གཞུང་གཞི་གཅིག་ཅན་གྱི་གེ་སར་རིག་གནས་ཀྱི་བྱེད་སྒོ་ཁག་ཅིག་ཀྱང་སྤེལ་ཡོད་པ་རེད།

ད་དུང་བྱ་འགུལ་སྟེང་དུ་མཚོ་སྔོན་ཞིང་ཆེན་གེ་སར་སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་ལགས་དང་། མཚོ་སྔོན་གེ་སར་ཞིབ་འཇུག་ཁང་གི་འགོ་གཙོའམ་ཞིབ་འཇུག་པ་དབང་གྲགས། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་ཁག་གི་སློབ་མ་དང་གསར་འགོད་པ་བཅས་མི120ལྷག་འཛོམས་ཡོད་པ་རེད།

བྱ་འགུལ་དུ་མཚོ་སྔོན་ཡོངས་འགྲུབ་གེ་སར་རྒྱ་བོད་རིག་གནས་སྤེལ་རེས་ལྟེ་གནས་ཀྱི་རྒྱུན་ལས་ལས་འཛིན་པ་པད་མས་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོའམ་ཞིབ་འཇུག་པ་དབང་གྲགས་ལགས་ཀྱིས་གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་ཞིང་རྟེན་འབྲེལ་ཞུ་ཚིག་ཕུལ་བ་རེད།

མིག་སྔར་རིག་མཛོད་ལས་གསལ་བ་ལྟར་ན། དེའི་ཁྲོད་དུ《ཨ་སྟག་ལྷ་མོ》དང་《བྱེ་རུ་བྱུར་རྫོང》《མོན་གླིང་གཡུལ་འགྱེད》སོགས་སྒྲུང་དཔེ་ཁག་གི་སྒྲ་ཕབ་སྐར་མ1600ལྷག་དང་། གཞན་ཆེད་མཁས་པའི་གཏམ་བཤད་དང་སྒྲུང་བཤད། ཤུལ་རྟེན་ཆེད་དོན་དངོས་བཤུལ་བརྙན་རིས་སོགས་སྐར་མ680ལྷག དེ་མིན《མོན་གླིང་གཡུལ་འགྱེ》དང《ཤན་འདན་ནང་འཁྲུག》《སྟག་གཟིག་ནོར་རྫོང》སོགས་སྒྲུང་ཡིག་ས་ཡ་གཉིས་དང་བདུན་འབུམ་དྲུག་ཁྲི་ལྷག་གྲངས་བསྒྱུར་བྱས་པ་དང་། པར་རིས5500ལྷག་འཚོལ་སྡུད་ལེགས་སྒྲིག་བྱས་ཡོད་ལ། རྒྱུད་འཛིན་པའི་མཚམས་སྦྱོར་དང་ཞིབ་འཇུག་གི་གྲུབ་འབྲས་ཡིག་འབྲུ་ཁྲི25ལྷག་ཡོད།

མཛད་སྒོའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་ལགས་ནས་ཤིས་ཚིག་སྐུར་གནང་བ་དང་། ཁོང་གི་ཤིས་ཚིག་ནང་གེ་སར་རིག་གནས་ཀྱི་རྒྱུད་འཛིན་པའི་རིག་མཛོད་དངོས་སུ་ཤར་གཏོང་ཐུབ་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་ཤིང་། གེ་སར་རིག་གནས་ཀྱི་རྒྱུད་འཛིན་པ་ནི་གེ་སར་རིག་གནས་ཀྱི་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་མཁན་ཡིན་པ་དང་། གེ་སར་སྒྲུང་གྲངས་བསྒྱུར་ཅན་ཏུ་བཏང་བ་ནི་གེ་སར་རིག་གནས་དུས་རབས་དང་ཟུང་འབྲེལ་བྱས་པའི་དགོས་ངེས་རང་བཞིན་ཡིན་ལ། རིག་མཛོད་ལེགས་གྲུབ་བྱུང་བ་དེ་ཡིས་གེ་སར་རིག་གནས་ཆ་འཕྲིན་ལག་རྩལ་དུས་རབས་ནང་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་ལ་སྔར་ལས་སྐུལ་འདེད་གཏོང་བའི་ཐད་ནུས་པ་བླ་ལྷག་ཐོན་ཐུབ་ཅེས་འཁོད་ཡོད་པ་རེད།

གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད་ཀྱི་དྲ་གནས། http://www.epicgesar.com/tb/