གཉེན་འཐོར་བ་ཞེས་པ་ནི་གཉེན་གྱི་འབྲེལ་བ་མཇུག་སྒྲིལ་བ་ལ་བྱ་སྟེ། ཁྲིམས་མཐུན་དང་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་པའི་རྣམ་པ་བརྒྱུད་དེ་ཕོ་མོའི་ཕྱོགས་གཉིས་ཀའི་གཉེན་འབྲེལ་དང་དེ་ལས་ཐོན་པའི་དབང་ཆ་དང་འོས་འགན་སོགས་མེད་པར་བཟོ་བའི་སྣང་ཚུལ་དང་བརྒྱུད་རིམ་དེར་བྱ། དུས་རབས་དང་སྤྱི་ཚོགས་མི་འདྲ་བ་དག་ཏུ་གཉེན་འཐོར་བ་ལའང་འདུ་ཤེས་དང་རྣམ་པ་མི་འདྲ་བ་སྣ་ཚོགས་ཤིག་མཆིས་ཏེ། སྤྱི་ཚོགས་རིག་གནས་ཀྱིས་དེར་ལྟ་སྟངས་སམ་རྣམ་འགྱུར་མི་འདྲ་བ་འཛིན་ལ། དེས་གཉེན་འཐོར་བའི་ཕྱོགས་གཞན་དག་ལ་ཤུགས་རྐྱེན་ཐེབས་པ་ཡིན།
དེ་ཡང་གཙོ་བོ་རིགས་ཆེན་པོ་གསུམ་ཙམ་ལྡན་ཏེ། གཅིག་ནི་རང་དབང་ཅན་གྱི་གཉེན་འཐོར་བའི་འདུ་ཤེས་ཏེ། མི་རིགས་ཁ་ཤས་ལ་མཚོན་ན་གཉེན་སྒྲིག་པ་ནི་དུས་གཏན་གྱི་བྱ་བ་ཞིག་ཏུ་མི་བསམ་སྟེ། གཉེན་སྒྲིག་གི་རྣམ་པ་འདིར་མཐོང་ཆེན་བྱེད་ནའང་གཉེན་འཐོར་རྒྱུ་ནི་རང་དབང་དང་གང་འདོད་ཡིན། རང་རེའི་བོད་ལ་མཚོན་ནའང་ཁ་དཔེ་རུ། མི་དྲག་ནད་པ་ཤི་ན་དགའ། ། མི་འགྲིག་བཟའ་བ་འཐོར་ན་དགའ། །ཞེས་གཉེན་འཐོར་བ་ནི་དེ་འདྲའི་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཏུ་མི་བགྲང་བར་ཅུང་རང་དབང་ཅན་གྱི་བྱ་བ་ཞིག་ཏུ་འདོད་དོ།། གཉིས་ནི་ཚད་བཀག་རང་བཞིན་གྱི་གཉེན་འཐོར་བའི་འདུ་ཤེས་ཏེ། གཉེན་འཐོར་བ་ནི་ཧ་ཅང་བཀྲ་མི་ཤིས་པའི་བྱ་བ་ཞིག་ཏུ་བརྩིས་ཏེ། བཀག་རྒྱ་སྣ་ཚོགས་བསྐྲུན་ནས་གཉེན་འཐོར་བ་ལ་ཚད་བཀག་བཟོ་བ་ཡིན། སྤྱི་ཚོགས་ཁ་ཤས་ལ་མཚོན་ན་གཉེན་འཐོར་རྒྱུ་ནི་ཆེས་བསྒྲུབ་མི་འོས་པའི་དོན་དག་ཅིག་ཏུ་འདོད་ལ། གཉེན་འཐོར་བའི་བུ་བུ་མོའི་སྤྱི་ཚོགས་གོ་གནས་ཧ་ཅང་དམའ་ཞིང་མི་དམངས་ཀྱིས་དེ་ཚོར་ལྟ་སྟངས་ཀྱང་མི་ལེགས་པ་འཛིན་ནོ།། གསུམ་ནི་ཕྱོགས་ལྷུང་ཅན་གྱི་གཉེན་འཐོར་བའི་འདུ་ཤེས་ཏེ། གཉེན་འཐོར་བའི་སྐྱེས་པ་དང་བུད་མེད་གཉིས་ཀྱི་ཕྱོགས་གཅིག་ལ་རྒྱབ་སྐྱོར་དང་ཕྱོགས་རིས་འཛིན་པ་སྟེ། གཉེན་འཐོར་རྒྱུ་ནི་ཕྱོགས་གཅིག་ལ་མཚོན་ན་རང་དབང་ཡིན་པ་དང་། ཅིག་ཤོས་ལ་མཚོན་ན་རང་དབང་མི་ལྡན། འདི་ནི་འཛམ་གླིང་གི་མི་རིགས་མང་པོ་ཞིག་ལ་ལྡན་པའི་གཉེན་སྒྲིག་འདུ་ཤེས་ཤིག་སྟེ། མི་རིགས་ལ་ལའི་ཁྲོད་ཕོ་ཕྱོགས་ལ་རང་དབང་ལྡན་པ་དང་མོ་ཕྱོགས་ལ་ཚད་བཀག་ལྡན། ཡང་མི་རིགས་ལ་ལ་ཞིག་ཏུ་མོ་ཕྱོགས་སུ་རང་དབང་ལྡན་མོད་ཕོ་ཕྱོགས་སུ་དེ་ལྟ་མ་ཡིན།
ཡང་གཉེན་འཐོར་བའི་རྣམ་པ་ལའང་རིགས་མི་འདྲ་བ་མང་ཙམ་ལྡན་ཏེ། དོ་བདག་མི་སྣའི་ཤི་གསོན་གྱི་ཆ་ནས། ཁྱོ་ཤུག་གཉིས་གསོན་པོར་གནས་དུས་སུ་གཉེན་འཐོར་བ་དང་། ཕོ་མོ་གཉིས་ལས་གཅིག་ལ་ཤི་རྐྱེན་བྱུང་ནས་གཉེན་འབྲེལ་འཐོར་བ་ཞེས་རིགས་གཉིས་སུ་དབྱེ་ལ། སྤྱིར་བཏང་དུ་བརྗོད་པའི་གཉེན་འཐོར་བ་ནི་རིགས་སྔ་མར་གཏོགས་སོ། ། ཡང་དོ་བདག་མི་སྣའི་འདོད་བློ་ལྟར་དབྱེ་ན། ཕྱོགས་གཉིས་ཀའི་འདོད་བློ་ལྟར་གཉེན་འཐོར་བ་དང་། ཕྱོགས་གཅིག་གི་འདོད་བློ་ལྟར་གཉེན་འཐོར་བ་དང་། ཕྱོགས་གཉིས་ཀའི་འདོད་བློ་མ་ཡིན་བཞིན་དུ་སྤྱི་ཚོགས་སམ་བཅའ་ཁྲིམས་སོགས་ཀྱི་གནོན་ཤུགས་ལས་བཙན་དབང་གིས་གཉེན་འཐོར་བ་བཅས་རིགས་གསུམ་དུ་འབྱེད། ཡང་གཉེན་འཐོར་བའི་རྣམ་པའི་ཆ་ནས། ཕོ་མོ་ཕྱོགས་གཉིས་ཀྱིས་རྒྱུ་ནོར་སོགས་ལ་གྲོས་བསྡུར་བརྒྱུད་ནས་གཉེན་འཐོར་བ་དང་། བཅའ་ཁྲིམས་ཀྱི་ཐག་བཅད་དང་བརྒྱུད་རིམ་ལྟར་ཕྱོགས་གཉིས་ཀའི་གཉེན་འབྲེལ་མཇུག་སྒྲིལ་བ་ཞེས་རིགས་གཉིས་སུ་དབྱེ་བ་ཡིན།
གཉེན་འཐོར་བ་ནི་གཉེན་གྱི་འབྲེལ་བ་ཡོངས་སུ་མཇུག་རྫོགས་པ་དེར་བྱ་ཞིང་། དེ་ལ་ཡང་རྒྱུ་རྐྱེན་ངེས་ཅན་ཞིག་ལྡན་པ་ཡིན། འཛམ་གླིང་ཡོངས་ཀྱི་མིའི་རིགས་རིག་པའི་རྒྱུ་ཆ་མང་པོ་ལས་ཤེས་གསལ་བྱུང་བ་ལྟར་ན། འཛམ་གླིང་གི་མི་རིགས་སོ་སོའི་གཉེན་འཐོར་བའི་རྒྱུ་རྐྱེན་ལ་རིགས་མང་པོ་ཞིག་མཆིས་མོད། གཙོ་བོར་མངལ་མ་སྦྲུམ་པ་དང་རིགས་རྒྱུད་མེད་པ། རང་གཤིས་མི་མཐུན་པ། ལེ་ལོར་གཡེང་བ། བཟོད་སྒོམ་མི་བྱེད་པ། གཅར་རྡུང་བྱེད་པ། གདུག་རྩུབ་ཆེ་བ། དགའ་ཕྱོགས་གཞན་པ་བཙལ་བ་སོགས་མཆིས་སོ། །