ནང་གཉེན་ལམ་ལུགས་དང་ཕྱི་གཉེན་ལམ་ལུགས་ཀྱང་གཉེན་ཡ་བདམས་པའི་ཁྱབ་ཁོངས་ལ་ཚད་བཀག་བཟོས་པའི་གཉེན་སྲོལ་གཉིས་ཏེ། སྔ་མ་ནི་རང་ས་ཁུལ་དང་རང་མི་རིགས། རང་གི་ཚོགས་པ་བཅས་ལས་གཉེན་ཡ་བདམས་པ་ལས་དེ་ལས་གཞན་དུ་གཉེན་ཡ་འཚོལ་བར་ཚད་བཀག་བཟོས་པ་དང་། ཕྱི་མ་ནི་གཉེན་འབྲེལ་ཚོགས་པ་ནང་ཁུལ་དུ་གཉེན་འབྲེལ་འཛིན་པར་ཚད་བཀག་བཟོས་ཏེ་ངེས་པར་དུ་རང་ཚོགས་པའི་ཕྱི་རོལ་ནས་གཉེན་ཡ་འདེམ་པ་ཡིན་ལ། གཉེན་སྒྲིག་ལམ་ལུགས་འདི་གཉིས་ནི་རྒྱུན་དུ་སྤྱི་ཚོགས་གཅིག་གི་ཁྲོད་དུ་ཕན་ཚུན་འགལ་མེད་དུ་གནས་ཡོད།
ནང་གཉེན་ལམ་ལུགས་ཞེས་པ་ནི། ངེས་པར་དུ་རང་ཉིད་གཏོགས་སའི་ཚོགས་པ་ནང་ཁུལ་དུ་གཉེན་ཡ་འདེམས་པ་སྟེ། དེ་ཡང་ཁྲག་རྒྱུད་ཀྱི་འབྲེལ་བ་ལས་གཞན་ད་དུང་མི་རིགས་དང་ཆོས་ལུགས། གྲལ་རིམ་ལ་སོགས་པར་ཡང་འབྲེལ་བ་ལྡན། དེ་ཡང་གསལ་བོར་བརྗོད་ན། རང་གི་རུས་རྒྱུད་ཚོ་བ་དང་མི་རིགས་ལས་གཞན་གྲལ་རིམ་དང་ཆོས་ལུགས་གཅིག་ལ་གཏོགས་པའི་ནང་ཁུལ་དུ་ཕན་ཚུན་གཉེན་བསྡེབས་པ་སྟེ། གཉེན་སྲོལ་འདི་ནི་གནའ་རབས་གདོད་མའི་སྤྱི་ཚོགས་མ་གཏོགས་དེང་དུས་ཀྱི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གི་ཁྲོད་དུའང་གནས་ཡོད།
ཕྱི་གཉེན་ལམ་ལུགས་ཞེས་པ་ནི། ནང་གཉེན་ལམ་ལུགས་དང་ལྡོག་པ་སྟེ། ངེས་པར་དུ་རང་ཉིད་གཏོགས་སའི་ཚོགས་པའི་ཕྱི་རོལ་ཏུ་གཉེན་ཡ་འདེམས་ནས་གཉེན་སྒྲིག་པ་ལ་བྱ་ཞིང་། གཙོ་བོ་ཁྲག་རྒྱུན་དང་མི་རིགས་ཀྱི་ཆ་ནས་གཞན་པའི་ཚོགས་པ་ལས་གཉེན་ཡ་འདེམས་པ་དང་། དེ་ཡང་རུས་རྒྱུད་ཚོ་བ་གཅིག་མ་ཡིན་པའི་ཕྱི་རོལ་ཏུ་གཉེན་གྱི་འབྲེལ་བ་འཛིན་པ་ཡིན། འདི་ལྟའི་གཉེན་སྲོལ་ནི་བོད་རང་གི་ལོ་རྒྱུས་ཡིག་ཚགས་ལས་ཀྱང་མངོན་ཏེ། དཔེར་ན་ང་ཚོས་ཤེས་གསལ་བཞིན་ཕྱྭ་དང་དམུ་ཞེས་པ་གཉིས་ནི་བོད་ཀྱི་གདོད་མའི་རུས་རྒྱུད་ཚོ་བ་གཉིས་ཡིན་ལ། ཏུན་ཧོང་གཏེར་ཡིག་ལས་རུས་རྒྱུད་ཚོ་བ་དེ་གཉིས་བར་དུ་གཉེན་འབྲེལ་བྱུང་མྱོང་བར་བརྗོད་ཅིང་། དེང་དུས་མཁས་པ་ལ་ལས་ཞིབ་འཇུག་བྱས་པ་ལྟར་གོང་གི་རུས་རྒྱུད་ཚོ་བ་དེ་གཉིས་བར་དུ་གཉེན་འབྲེལ་བྱུང་བའི་ལོ་རྒྱུས་དེ་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལྷན་དུ་བསྡེབས་ནས་བོད་མི་བྱུང་བའི་ལྷ་སྒྲུང་དེའི་ལོ་རྒྱུས་ས་བོན་ཡིན་པར་སྨྲ་ལ། དེ་ནི་དཔེར་མཚོན་ཅན་གྱི་ཕྱི་གཉེན་ལམ་ལུགས་ཤིག་ཀྱང་ཡིན་པར་བརྗོད་དོ། །ཕྱི་གཉེན་ལམ་ལུགས་བྱུང་བ་ནི་འགྲོ་བ་མིའི་རིགས་ཀྱི་གཉེན་སྒྲིག་ལོ་རྒྱུས་སྟེང་གི་མཆོང་སྐྱོད་ཆེན་པོ་ཞིག་སྟེ། དེས་གཉེན་འབྲེལ་འཛིན་པའི་ཚོགས་པ་གཉིས་བར་གྱི་སྤྱི་ཚོགས་དང་དཔལ་འབྱོར་ཐད་ཀྱི་འབྲེལ་བ་གཏིང་ཇེ་ཟབ་ཏུ་གཏོང་ནུས་པར་མ་ཟད། མིའི་རིགས་ཀྱི་གཟུགས་གཞི་བདེ་ཐང་འོང་བ་དང་བུ་རབས་ཚ་རྒྱུད་མང་དུ་འཕེལ་བར་ཡང་ནུས་པ་རྒྱ་ཆེར་ལྡན་ནོ། །