དཔལ་འབྱོར་རིག་གནས་རྣམ་པ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 09:16ལ་འགྲུབ།

དཔལ་འབྱོར་རིག་གནས་རྣམ་པ།

དཔལ་འབྱོར་རིག་གནས་རྣམ་པ།
དེ་ནི་སུའུ་ལེན་སྔོན་མའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་བ་ཐུའེ་ཨེར་སི་ཐུའོ་ཧྥུ་དང་ལེ་ཝུན། ཆེ་པོ་ཁོ་ས་ལུའོ་ཧྥུ་བཅས་ཀྱིས་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བར་བཏོན་པའི་དོན་སྤྱི་གལ་ཆེན་ཞིག་སྟེ། ཐུན་མོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མི་རྣམས་ཡུན་རིང་ལ་འབྲེལ་འདྲིས་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་ལས། སྡོད་དམངས་ཁྲོད་ཀྱི་རིགས་མཚུངས་ཀྱི་རིག་གནས་འཚོ་བའི་ཁྱད་ཆོས་གྲུབ་པའི་བྱེད་ཐབས་སྨྲ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
经济文化形式
1 ​ངོ་སྤྲོད།

དཔལ་འབྱོར་རིག་གནས་རྣམ་པ་ཞེས་པ་འདི་ནི་སུའུ་ལེན་སྔོན་མའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་བ་ཐུའེ་ཨེར་སི་ཐུའོ་ཧྥུ(托尔斯托夫)དང་ལེ་ཝུན(列文)ཆེ་པོ་ཁོ་ས་ལུའོ་ཧྥུ(切博克萨罗夫)བཅས་ཀྱིས་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བར་བཏོན་པའི་དོན་སྤྱི་གལ་ཆེན་ཞིག་སྟེ། དེའི་རྩ་བའི་གོ་དོན་ནི། རིགས་མཚུངས་ཀྱི་རང་བྱུང་ས་ཁམས་ཆ་རྐྱེན་འོག་ཏུ་འཚོ་ཞིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་འདྲ་མཚུངས་ཡིན་པའི་མི་རིགས་སོ་སོའི་ལོ་རྒྱུས་སྟེང་གྲུབ་པའི་དཔལ་འབྱོར་དང་རིག་གནས་ཁྱད་ཆོས་ཀྱི་སྤྱི་འདུས་ཤིག་ལ་བྱ། འདི་དང་རིགས་མཚུངས་ཀྱི་དོན་སྤྱི་གཞན་ཞིག་ཡོད་པ་ནི་ལོ་རྒྱུས་མི་རིགས་ས་ཁུལ་ཞེས་པ་སྟེ། དེའི་གོ་དོན་ནི་ཐུན་མོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མི་རྣམས་ཡུན་རིང་ལ་འབྲེལ་འདྲིས་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་ལས། སྡོད་དམངས་ཁྲོད་ཀྱི་རིགས་མཚུངས་ཀྱི་རིག་གནས་འཚོ་བའི་ཁྱད་ཆོས་གྲུབ་པའི་བྱེད་ཐབས་སྨྲ་བ་ཞིག་ཡིན།

2 ཁྱད་ཆོས།

དེ་ཉིད་ལྟེ་གནས་སུ་གྱུར་པའི་སྤྱོད་སྟངས་ལའང་གཤམ་གྱི་ཕྱོགས་ཁ་ཤས་ལྡན་ཏེ།

གཅིག དཔལ་འབྱོར་རིག་གནས་རྣམ་པ་ནི་དཔལ་འབྱོར་རྣམ་པ་རྐྱང་རྐྱང་ཙམ་མ་ཡིན་ཏེ། དེ་ནི་དཔལ་འབྱོར་དང་རིག་གནས་གཉིས་ཕན་ཚུན་འབྲེལ་ནས་གྲུབ་པའི་ཁྱད་ཆོས་ཀྱི་སྤྱི་གཟུགས་ཤིག་ཡིན། དེའི་རྒྱུ་མཚན་ནི། དཔལ་འབྱོར་འཕེལ་ཕྱོགས་དང་ས་ཁམས་ཁོར་ཡུག་གིས་ཚད་ངེས་ཅན་ཞིག་གི་ཆ་ནས་མི་རིགས་སོ་སོའི་དངོས་གཟུགས་རིག་གནས་ཀྱི་ཁྱད་ཆོས་ཐག་གཅོད་པ་དང་། ཁོ་ཚོའི་སྡོད་གནས་དང་འདུག་ཁང་རྣམ་པ། འགྲིམ་འགྲུལ་ལག་ཆ་དང་སྐྱེལ་འདྲེན་རྣམ་པ། བཟའ་བཏུང་དང་སྤྱོད་ཆས། གྱོན་པ་དང་རྒྱན་ཆས་སོགས་ཐག་གཅོད་པ་ཡིན།

གཉིས། དཔལ་འབྱོར་རིག་གནས་རྣམ་པར་ས་ཁོངས་ལས་བརྒལ་བའི་ཁྱད་ཆོས་ལྡན་ཏེ། ས་ཁམས་ཁོར་ཡུག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཉེ་མཚུངས་ཡིན་པའི་ཆ་རྐྱེན་འོག་ཏུ་བར་ཐག་རིང་བའི་ས་ཁུལ་སོ་སོའི་མི་རིགས་མི་འདྲ་བ་རྣམས་ཀྱང་དཔལ་འབྱོར་རིག་གནས་རྣམ་པ་གཅིག་གི་ཁོངས་སུ་གཏོགས་པ་ཡིན།

གསུམ། རིགས་མི་འདྲ་བའི་རིག་གནས་ཀྱི་ཁྱད་ཆོས་དག་ཀྱང་ཐོག་མར་དེ་ཉིད་གནས་སའི་ས་ཁམས་ཆ་རྐྱེན་གྱིས་ཐག་བཅད་པའི་དཔལ་འབྱོར་འཕེལ་ཕྱོགས་ལ་རག་ལས།

བཞི། དཔལ་འབྱོར་རིག་གནས་རྣམ་པ་ནི་ལོ་རྒྱུས་ཀྱི་ཐོན་དངོས་ཤིག་སྟེ། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མི་རིགས་སོ་སོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཡིན་ན་ཡང་འདྲ། ཡང་ན་དེའི་ཁོར་ཡུག་གི་རང་བྱུང་ས་ཁམས་ཡིན་ཡང་རུང་སྟེ། དཔལ་འབྱོར་རིག་གནས་ཕྱོགས་སུ་ཐེབས་པའི་ཤུགས་རྐྱེན་ཚད་ལ་རྒྱུན་དུ་འགྱུར་ལྡོག་འབྱུང་བ་ཡིན།

ལྔ། དཔལ་འབྱོར་རིག་གནས་རྣམ་པ་སོ་སོར་རང་ཉིད་ཀྱི་ལོ་རྒྱུས་དུས་ཡུན་ལྡན་ཏེ། ཆེས་སྔ་བ་ནི་རྡོ་ཆས་རྙིང་མའི་དུས་མཇུག་ཏུ་གཏུག་རུང་ལ། ཆེས་ཕྱི་མ་ནི་གྲལ་རིམ་སྤྱི་ཚོགས་སྔ་མའི་དུས་སུ་བྱུང་ཡང་སྲིད། དེར་བརྟེན་ང་ཚོས་དཔལ་འབྱོར་རིག་གནས་རྣམ་པར་ཞིབ་འཇུག་བྱེད་དུས། དེའི་དུས་མཉམ་གྱི་བར་སྟོང་གི་ཆ་ལ་དཔྱད་དགོས་ལ། དེའི་དུས་འདས་ཀྱི་འཕེལ་རིམ་ཕྱོགས་ལའང་གཞིགས་དགོས།

འདི་ནི་སུའུ་ལེན་སྔོན་མའི་མཁས་པ་རྣམས་ཀྱིས་བཏོན་པའི་དཔལ་འབྱོར་རིག་གནས་རྣམ་པའི་གོ་དོན་དང་གཞུང་ལུགས་ཐད་ཀྱི་རྩ་བའི་ནང་དོན་ཡིན། ཁོ་ཚོས་དཔལ་འབྱོར་རིག་གནས་རྣམ་པར་རིགས་དབྱེ་དུས་གཞི་འཛིན་ས་གཙོ་བོ་ནི་དངོས་གཟུགས་རིག་གནས་ཕྱི་ངོས་ཀྱི་རྒྱུ་རྐྱེན་ཏེ། གཞུང་ལུགས་འདི་ཉིད་རང་རྒྱལ་དུ་དྲངས་དུས་ཡང་བསྐྱར་འཕེལ་རྒྱས་དང་གསར་གཏོད་བྱས་ཡོད། ཁོ་ཚོས་དཔལ་འབྱོར་རིག་གནས་རྣམ་པའི་མཚན་ཉིད་ལ་བཟོ་བཅོས་བྱས་ཏེ། དེ་ནི་རིགས་མཚུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཏུ་འཚོ་ཞིང་། འཚོ་གནས་རྣམ་པ་འདྲ་མཚུངས་ཡིན་པའི་མི་རིགས་སོ་སོས་ལོ་རྒྱུས་སྟེང་གྲུབ་པའི་ཐུན་མོང་གི་དཔལ་འབྱོར་དང་རིག་གནས་ཁྱད་ཆོས་ལྡན་པའི་སྤྱི་འདུས་ཤིག་ལ་བྱ་ཞེས་མཚན་ཉིད་བཀོད་ཡོད། གཞན་ཁོ་ཚོས་གྲུབ་ཚུལ་རིམ་པའི་དབྱེ་ཞིབ་བྱ་ཐབས་ཉིད་དཔལ་འབྱོར་རིག་གནས་རྣམ་པའི་གཞུང་ལུགས་སུ་དྲངས་ཏེ། མ་ལག་དང་རིགས་དབྱེ། ཡན་ལག་ལ་སོགས་ཀྱི་ཐ་སྙད་བཏོན་ཡོད། སྤྱི་ཚོགས་དང་། དཔལ་འབྱོ། རང་བྱུང་གསུམ་གྱི་གྲུབ་ཚུལ་ཆ་ནས་དབྱེ་ཞིབ་བྱ་དགོས་པར་འདོད་དེ། རྒྱུ་མཚན་ནི་སྐྱེ་ཁམས་ཁོར་ཡུག་ནས་བསམ་བློའི་རིག་གནས་བར་ནི་རིམ་པ་མང་པོའི་གྲུབ་ཚུལ་ཞིག་ཡིན་ལ། རིམ་པ་སོ་སོ་ནི་རྒྱུ་རྐྱེན་མང་པོ་ཞིག་གིས་གྲུབ་པ་ཡིན། སྤྱི་ཚོགས་དང་དཔལ་འབྱོར། རང་བྱུང་བཅས་ནི་ངོ་བོ་མི་འདྲ་བའི་མ་ལག་ཅིག་ཡིན་མོད། ས་ཁུལ་སོ་སོའི་འཚོ་གནས་དང་འཕེལ་རྒྱས་ལ་མ་ལག་གཞན་པའི་ཚོད་འཛིན་ཐེབས་པ་ཡིན། དེ་བས་ངེས་པར་དུ་དེ་དག་གཅིག་འདུས་ཀྱི་མ་ལག་ཅིག་ཏུ་ངོས་བཟུང་སྟེ་བསམ་གཞིག་བྱེད་དགོས་པར་མ་ཟད། ས་ཁུལ་ཁྱབ་རྒྱ་ཆེན་པོ་ཞིག་གི་དཔལ་འབྱོར་རིག་གནས་རྣམ་པར་ཞིབ་འཇུག་བྱེད་དུས། མ་ལག་རང་བཞིན་དང་བང་རིམ་རང་བཞིན་ལ་དོ་སྣང་དང་མཐོང་ཆེན་བྱེད་དགོས་སོ། །