དེ་ཡང་སྲོལ་རྒྱུན་གྱི་ལྟ་བ་ལྟར་ན། རིགས་རྒྱུད་ལ་མི་རྒྱུད་ཅེས་ཀྱང་འབོད་ལ། དེ་ནི་གཟུགས་གཞིའི་རྣམ་པའི་ཆ་ནས་ཐུན་མོང་དུ་རྒྱུད་འཛིན་བྱས་པའི་ཁྱད་ཆོས་ངེས་ཅན་ལྡན་པའི་མི་ཚོགས་ཤིག་ལ་བྱ། རིགས་རྒྱུད་ཅེས་པའི་གོ་དོན་དང་དེར་རིགས་ཀྱི་དབྱེ་བ་དགར་སྟངས་ནི་རྩོད་གླེང་ཤིན་ཏུ་ཆེ་བའི་བརྗོད་གཞི་ཞིག་སྟེ། དུས་རབས་མི་འདྲ་བ་དང་རིག་གནས་མི་འདྲ་བར་འགྲེལ་ཚུལ་མི་འདྲ་བར་མཆིས་ཤིང་། ཆབ་སྲིད་རིག་པ་དང་དམག་དོན་རིག་པ། སྐད་བརྡ་རིག་པ། ལོ་རྒྱུས་རིག་པ། མིའི་རིགས་རིག་པ་བཅས་ཀྱི་མཁས་པ་རྣམ་པའི་གོ་བ་ལེན་སྟངས་ཀྱང་འདྲ་མིན་ཐ་དད་ཡིན། དེ་ཡང་མཁས་པ་ཁ་ཤས་ཀྱིས་ཐུན་མོང་གི་སྐད་རིགས་ལྡན་པའི་མི་ཚོགས་ཤིག་ལ་རིགས་རྒྱུད་ཟེར་ཏེ། དཔེར་ན། ཨཱརྱཎ(雅利安人)ལྟ་བུ་དང་། ཁ་ཤས་ཀྱིས་ལུས་པོའི་གྲུབ་སྟངས་དང་སྐྲ་མདོག་ལ་སོགས་ལྷན་སྐྱེས་ཀྱི་ཁྱད་ཆོས་ཐུན་མོང་དུ་ལྡན་པའི་ཚོགས་པ་དག་མི་རྒྱུད་རིགས་གཅིག་ཏུ་དགར་བ་སྟེ། དཔེར་ན། ནུའོ་ཏི་ཁོ་མི(诺狄克人)ལྟ་བུ། ཡང་ཁ་ཤས་ཀྱིས་སྐྱེས་རྒྱུད་ཀྱི་མེས་པོ་མི་འདྲ་ཡང་ཆོས་ལུགས་གཅིག་ལ་དད་མོས་བྱེད་པའི་མི་ཚོགས་རྣམས་རིགས་རྒྱུད་གཅིག་ཏུ་འདོད་དེ། དཔེར་ན། ཡ་ཧུ་དཱ་པ(犹太人)ལྟ་བུ་སོགས་སོ། ། གོང་སྨྲས་འདི་དག་ནི་དོན་གྱིས་ཚན་རིག་དོན་སྙིང་སྟེང་གི་རིགས་རྒྱུད་ཀྱི་གོ་དོན་མ་ཡིན། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་བའི་རྗེས་ནས་བཟུང་ད་གཟོད་གཞུང་ལུགས་ཀྱི་ཆ་ནས་ཁས་ལེན་ཐོབ་པ་ལྟར། རིགས་རྒྱུད་ཅེས་པ་ནི་མི་རྣམས་ཀྱི་ལྷན་སྐྱེས་ནས་རྒྱུད་འཛིན་བྱས་པའི་གཟུགས་གཞིའི་ཁྱད་ཆོས་ལྟར་དགར་བའི་མི་ཚོགས་ཏེ། དེ་ནི་སྐྱེ་དངོས་རིག་པའི་ཐད་ཀྱི་བརྡ་ཆད་ཅིག་ཡིན།
དེ་ཡང་འགྲོ་བ་མིའི་རིགས་ནི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པའི་ཆ་ནས། ལྷན་སྐྱེས་ནས་བྱུང་བའི་རྒྱུད་འཛིན་དང་། ཡང་ན་ཁོར་ཡུག་གི་ཚད་བཀག རིག་གནས་སྲོལ་རྒྱུན་ལ་སོགས་པའི་རྒྱུ་རྐྱེན་ལས་གྲུབ་པའི་ལུས་ཁམས་ཐད་ཀྱི་ཁྱད་ཆོས་ལྟར་མིའི་རིགས་ལ་བྱེ་བྲག་གི་རིགས་དགར་བ་དེར་བྱ།
རིགས་རྒྱུད་དང་མི་རིགས་ཞེས་པ་གཉིས་ཀར་མཚོན་ན། ཐུན་མོང་གི་ཁྱད་ཆོས་གང་ཞིག་རྒྱུན་འཛིན་བྱས་དང་བྱེད་བཞིན་བའི་འགྲོ་བ་མིའི་རིགས་ཀྱི་ཚོགས་པའི་རིགས་ཤིག་ཡིན་པ་འདྲ་ཡང་། དེ་གཉིས་ལའང་ཁྱད་པར་ལྡན་ཏེ།
གཅིག རིགས་རྒྱུད་ཅེས་པའི་ཐ་སྙད་འདི་ནི་གཟུགས་གཞི་མིའི་རིགས་རིག་པའི་དོན་སྤྱི་ཞིག་སྟེ། དེ་ནི་རང་བྱུང་ཚན་རིག་དང་ལྷག་པར་དུ་སྐྱེ་དངོས་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ཡིན་ལ། འགྲོ་བ་མིའི་རིགས་ལ་སྐྱེ་དངོས་དོན་སྙིང་སྟེང་གི་ཁྱད་པར་དགར་དུས་ད་གཟོད་བེད་སྤྱོད་བྱ་བ་ཡིན། མི་རིགས་ཞེས་པ་ནི་རིག་གནས་མིའི་རིགས་རིག་པའི་དོན་སྤྱི་ཞིག་སྟེ། དེ་ནི་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ཡིན་ལ། གཙོ་བོ་སྤྱི་ཚོགས་རིག་གནས་ཀྱི་ཚོགས་པ་གང་ཞིག་དང་སྐྱེ་ཁམས་ཁོར་ཡུག་བར་གྱི་འབྲེལ་འདྲིས་ཐད་ལ་སྤྱོད་པ་ཡིན།
གཉིས། མི་རིགས་ཞེས་པ་ནི་གཙོ་བོ་སི་ཏ་ལིན་ལགས་ཀྱིས་བཏོན་པའི་རྩ་བའི་ཁྱད་ཆོས་བཞི་ཚད་གཞིར་བཟུང་སྟེ་དབྱེ་འབྱེད་དང་ངོས་འཛིན་བྱེད་པ་དང་། རིགས་རྒྱུད་ཅེས་པ་ནི་འགྲོ་བ་མིའི་སྐྱེ་ཁམས་ཐད་ཀྱི་ཁྱད་ཆོས་དང་ཁྱད་པར་གཞིར་བཟུང་ནས་སོ་སོར་དགར་བ་ཡིན།
གསུམ། རིགས་རྒྱུད་གཅིག་ལ་གཏོགས་པའི་མི་རྣམས་ནི་མི་རིགས་མི་འདྲ་བ་སོ་སོར་གཏོགས་རུང་སྟེ། དཔེར་ན། རང་རྒྱལ་གྱི་བོད་རིགས་དང་རྒྱ་རིགས། ཉི་ཧོང་གི་ཏ་ཧི་མི་རིགས་ལྟ་བུར་མཚོན་ན། རིགས་རྒྱུད་གཅིག་སྟེ་མི་སེར་གྱི་རིགས་སུ་གཏོགས་པ་ཡིན། འོན་ཀྱང་མི་རིགས་གཅིག་ལ་གཏོགས་པའི་མི་རྣམས་ནི་སྤྱིར་བཏང་དུ་རིགས་རྒྱུད་གཅིག་གི་ཁོངས་གཏོགས་ཡིན་པ་ལས་རིགས་རྒྱུད་མི་འདྲ་བ་སོ་སོར་གཏོགས་པ་མི་སྲིད་དོ། །