རིག་གནས་འཕོ་འགྱུར་གྱི་རིགས་དབྱེ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-02-25 09:42ལ་འགྲུབ།

རིག་གནས་འཕོ་འགྱུར་གྱི་རིགས་དབྱེ།

རིག་གནས་འཕོ་འགྱུར་གྱི་རིགས་དབྱེ།
རིག་གནས་ལ་འཕོ་འགྱུར་འབྱུང་བ་ནི་མིའི་རིགས་ཀྱི་རིག་གནས་ལ་གནའ་ནས་ལྡན་པའི་ཁྱད་ཆོས་ཤིག་སྟེ། དེ་ནི་རིག་གནས་གང་ཞིག་འགྲོ་བ་མིའི་ཚེ་འདིའི་སྦྱངས་གོམས་ལས་བྱུང་ཞིང་མུ་མཐུད་ནས་ཁོར་ཡུག་འགྱུར་ལྡོག་ལ་བསྟུན་པའི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཡིན། མིའི་རིགས་སྤྱི་ཚོགས་ཀྱི་རིག་གནས་འཕོ་འགྱུར་ལ་ཆེ་ཕྱོགས་ནས་རིགས་ཆེན་པོ་གཉིས་སུ་དབྱེ་རུང་སྟེ། གཅིག་ནི་བསམ་བཞིན་མ་ཡིན་པའི་འཕོ་འགྱུར་དང་། ཅིག་ཤོས་ནི་བསམ་བཞིན་པའི་འཕོ་འགྱུར་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文化变革的分类
1 ​རིགས་དབྱེ།

མིའི་རིགས་སྤྱི་ཚོགས་ཀྱི་རིག་གནས་འཕོ་འགྱུར་ལ་ཆེ་ཕྱོགས་ནས་རིགས་ཆེན་པོ་གཉིས་སུ་དབྱེ་རུང་སྟེ། གཅིག་ནི་བསམ་བཞིན་མ་ཡིན་པའི་འཕོ་འགྱུར་དང་། ཅིག་ཤོས་ནི་བསམ་བཞིན་པའི་འཕོ་འགྱུར་རོ།

1_1 བསམ་བཞིན་མ་ཡིན་པའི་འཕོ་འགྱུར།

བསམ་བཞིན་མ་ཡིན་པའི་འཕོ་འགྱུར་ཞེས་པ་ནི། རིག་གནས་འཕོ་འགྱུར་གྱི་བརྒྱུད་རིམ་དེ་ནི་རང་རྟོགས་མ་ཡིན་པའི་སྒོ་ནས་སྤེལ་བ་སྟེ། འགྱུར་བ་གཏོང་མཁན་དང་དེར་ཞུགས་མཁན་རྣམས་ཀྱིས་ཀྱང་གནས་སྐབས་ཀྱི་ཁེ་ཕན་དང་གནོན་ཤུགས་གང་རུང་གི་འོག་ཏུ་དེ་ལྟར་བྱེད་པ་མ་གཏོགས། རང་ཉིད་ཀྱི་བྱ་སྤྱོད་དེས་མཇུག་འབྲས་ཅི་འདྲ་ཞིག་བསླང་འོང་བ་གསལ་བོ་ཞིག་ངེས་མེད། འཕོ་འགྱུར་འདིའི་རིགས་ལ་རང་བྱུང་གི་འཕོ་འགྱུར་ཞེས་ཀྱང་བྱ་སྟེ། དེས་གཙོ་བོ་འགྱུར་བ་གཏོང་མཁན་དེའི་རང་རྟོགས་མ་ཡིན་པ་དང་འཆར་གཞི་མེད་པའི་ཁྱད་ཆོས་དང་རང་བཞིན་དེ་གཙོར་འདོན་བྱས་པ་ཡིན་ནོ། །

1_2  བསམ་བཞིན་པའི་འཕོ་འགྱུར།

བསམ་བཞིན་པའི་འཕོ་འགྱུར་ཞེས་པ་ནི། སྔོན་ཞིག་ནས་གཏན་དུ་ཁེལ་ཟིན་པའི་ཇུས་འགོད་དང་འཆར་གཞི་ལྟར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་མཐུན་པའི་རིག་གནས་གྲུབ་རྒྱུ་རྣམས་ལ་འགྱུར་བ་གཏོང་བའི་བྱ་རིམ་དེར་བྱ་ཞིང་། དེ་ཡང་རང་འགུལ་གྱིས་བསྒྱུར་བ་དང་མཛུབ་སྟོན་རང་བཞིན་གྱིས་བསྒྱུར་བ། བཙན་གྱིས་བསྒྱུར་བ་བཅས་རིགས་གསུམ་ཙམ་ལྡན་པར་བཤད་དེ།

དང་པོ་རང་འགུལ་གྱིས་བསྒྱུར་བ་ཞེས་པ་ནི་དོ་བདག་མི་སྣ་དེས་རང་རྟོགས་དང་རང་འཐད། རང་འགུལ་བཅས་ཀྱི་སྒོ་ནས་རིག་གནས་ལ་འགྱུར་བ་གཏོང་བ་སྟེ། དཔེར་ན་རང་རྒྱལ་གྱིས་དེང་དུས་སྤེལ་བཞིན་པའི་སྤྱི་ཚོགས་དཔལ་འབྱོར་སྒྲིག་གཞིའི་བཅོས་བསྒྱུར་ཁྲོད་དུ་སྔོན་ཐོན་ཅན་གྱི་ཚན་རིག་ལག་རྩལ་དང་དོ་དམ་ཉམས་མྱོང་སོགས་ནང་འདྲེན་བྱེད་པ་དང་། སྒྲིག་སྲོལ་རྙིང་བ་བཅོས་བསྒྱུར་བྱས་ཏེ་སྤྱི་ཚོགས་ལུགས་སྲོལ་གསར་བ་འཛུགས་པ་མཐའ་དག་རིགས་འདིར་གཏོགས་པ་ཡིན།

གཉིས་པ་མཛུབ་སྟོན་རང་བཞིན་གྱིས་བསྒྱུར་བ་ཞེས་པ་ནི་རིག་གནས་གཞན་ཞིག་ལ་གཏོགས་པའི་མི་རྣམས་ལ་འཆར་གཞི་ལྡན་པའི་སྒོ་ནས་རྩ་འཛུགས་དང་མཛུབ་སྟོན་བྱས་ཏེ་རང་གི་སྤྱི་ཚོགས་སམ་ཡང་ན་རིག་གནས་ལ་འགྱུར་བ་གཏོང་བའི་བྱ་རིམ་དེར་བྱ་སྟེ། དེང་དུས་སྤྱི་ཚོགས་འཕེལ་རྒྱས་སུ་དམིགས་པའི་ལས་གཞི་ཕལ་ཆེར་ཞིག་ནི་འདིར་གཏོགས་པ་ཡིན།

གསུམ་པ་བཙན་གྱིས་བསྒྱུར་བ་ཞེས་པ་ནི་གཞན་ལ་བཙན་དབང་དང་གནོན་ཤུགས་བསྩལ་ནས་རིག་གནས་ལ་འགྱུར་བ་གཏོང་དུ་འཇུག་པ་སྟེ། འདི་ནི་རྒྱུན་དུ་མི་རིགས་ཕན་ཚུན་བར་གྱི་དབང་བསྒྱུར་གོ་རིམ་ཁྲོད་འབྱུང་བ་ཡིན། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་དབང་དུ་བསྒྱུར་བ་ན། རང་གི་དབང་བསྒྱུར་དགོས་མཁོ་དང་མཐུན་ཆེད་གཞན་པ་དེར་བཙན་དབང་སྒོས་རང་གི་རིག་གནས་དང་འཚོ་བའི་རྣམ་པ་སོགས་བསྒྱུར་དུ་འཇུག་པས་ན། ཆབ་སྲིད་ཐད་ཀྱི་གཉའ་གནོན་དང་དཔལ་འབྱོར་ཐད་ཀྱི་བཤུ་གཞོག་དང་མཉམ་དུ་འབྲེལ་ཡོད།

མདོར་ན། རིག་གནས་འཕོ་འགྱུར་ནི་མིའི་རིགས་སྤྱི་ཚོགས་ཁྲོད་རྒྱུན་མཐོང་གི་སྣང་ཚུལ་དང་ཆོས་ཉིད་ཅིག་སྟེ། མི་རིགས་དང་སྤྱི་ཚོགས་མི་འདྲ་བའི་ཁྲོད་དུ་འཕོ་འགྱུར་བྱུང་བའི་འགྲོས་ཚད་དང་དྲག་ཚད། བརྒྱུད་རིམ་སོགས་ཀྱང་འདྲ་མིན་ཐ་དད་དུ་སྣང་། སྤྱིར་བཏང་དུ་བརྗོད་ན། མི་རིགས་གང་ཞིག་ལ་ཡུན་རིང་ཞིང་རྫོང་མཐུག་པའི་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ལྗོངས་ཇི་ལྟར་ལྡན་ན། དེའི་རིག་གནས་འཕོ་འགྱུར་གྱི་འགྲོས་ཚད་དེ་ལྟར་དལ་ཞིང་བརྒྱུད་རིམ་ཡང་དཀའ་ཁག་ཆེ་ལ། དེ་ལས་བསྐྱེད་པའི་སྡུག་བསྔལ་ཡང་དེ་ལྟར་ལྕི་བ་ཡིན། རིག་གནས་འཕོ་འགྱུར་གནད་དོན་གྱིས་དེང་རབས་མིའི་རིགས་རིག་པའི་ཁྲོད་དུ་གོ་གནས་གལ་ཆེན་ཞིག་ཟིན་ཡོད། དེང་དུས་འཛམ་གླིང་ཡོངས་སུ་དེང་རབས་ཅན་དུ་བསྒྱུར་བའི་ཚ་རླབས་ཤིག་འཕྱུར་བ་འདི་ཡང་། ངོ་བོའི་སྟེང་གཞན་པའི་སྔོན་ཐོན་ཅན་གྱི་ཚན་རིག་ལག་རྩལ་དང་བཟོ་ལས་ཅན་སོགས་ཀྱི་རིག་གནས་ཁྱད་ཆོས་རྣམས་དང་ལེན་བྱས་ཏེ་རང་གི་རིག་གནས་ལ་འགྱུར་བ་ཆེན་པོ་གཏོང་བའི་བརྒྱུད་རིམ་ཞིག་ལས་མ་འདས། ཚན་རིག་དཔལ་ཡོན་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་བ་འདིས་མི་རིགས་སོ་སོའི་སྤྱི་ཚོགས་དང་རིག་གནས་ལ་རྡུང་རྡེག་དང་ཤུགས་རྐྱེན་རྒྱ་ཆེར་ཐེབས་བཞིན་ཡོད་པས། སྲོལ་རྒྱུན་གྱི་བཅུད་འདུས་ཤིང་དུས་རབས་ཀྱི་དགེ་ཐོན་པའི་རིག་གནས་མ་ལག་དང་རིན་ཐང་འདུ་ཤེས་ཤིག་བསྐྲུན་རྒྱུ་ནི། རིག་གནས་མིའི་རིགས་རིག་པའི་མཁས་པ་རྣམས་ཀྱིས་རིག་གནས་འཕོ་འགྱུར་ཞིབ་འཇུག་ཁྲོད་ངེས་པར་དུ་དོ་སྣང་དང་གཙིགས་ཆེན་བྱེད་དགོས་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་ནོ། །