འཇར་ཨའོ་ཁྱབ་སྤེལ་སྨྲ་བ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-01-25 17:19ལ་འགྲུབ།

འཇར་ཨའོ་ཁྱབ་སྤེལ་སྨྲ་བ།

འཇར་ཨའོ་ཁྱབ་སྤེལ་སྨྲ་བ།
དེ་ནི་ཀོ་ལེ་པུའུ་ན་དང་ཧྲི་སྨི་ཐེ་རྣམ་གཉིས་ཀྱིས་གསར་དུ་གཏོད་པའི་གྲུབ་མཐའ་ཞིག་སྟེ། འཕེལ་འགྱུར་གྱི་ཟུར་ཚད་ནས་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་ལ་ཞིབ་འཇུག་བྱེད་པར་ངོ་རྒོལ་བྱས་ཏེ། མིའི་རིགས་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་རིག་གནས་སྣང་ཚུལ་གྱི་ཁྱབ་སྤེལ་དང་གཡོར་ལེན་གྱི་ལྟ་བ་ཡིན་པར་འདོན་མཁན་ཞིག་ཡིན།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德奥传播学派
1 ​ངོ་སྤྲོད་མདོར་བསྡུས།

འཇར་ཨའོ་ཁྱབ་སྤེལ་སྨྲ་བའི་ཚབ་བྱེད་མི་སྣ་ནི་ཀོ་ལེ་པུའུ་ན་དང་ཧྲི་སྨི་ཐེ་རྣམ་གཉིས་ཡིན། དེ་ལས་སྔ་མ་འཇར་མན་གྱི་མིའི་རིགས་རིག་པ་སྨྲ་བ་སྟེ། མི་ཚེ་གཅིག་ནི་ཕལ་ཆེར་དངོས་མང་བཤམས་སྟོན་ཁང་དང་དཔེ་ཀློག་ཁྲོད་འདས་ཤིང་། བརྩམས་ཆོས་གཙོ་བོ་ལ《མིའི་རིགས་རིག་པའི་བྱེད་ཐབས་སྨྲ་བ》དང《གླིང་ཆེན་ཏ་དབྱང་གི་རིག་གནས་དཀྱིལ་འཁོར་དང་རིག་གནས་རིམ་པ》སོགས་མཆིས། ཁོང་གིས་འཕེལ་འགྱུར་གྱི་ཟུར་ཚད་ནས་མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་ལ་ཞིབ་འཇུག་བྱེད་པར་ངོ་རྒོལ་བྱས་ཏེ། མིའི་རིགས་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་རིག་གནས་སྣང་ཚུལ་གྱི་ཁྱབ་སྤེལ་དང་གཡོར་ལེན་ཡིན་པར་འདོད། ཁོའི་ལྟ་ཚུལ་ལྟར་ན། ས་གནས་ཉུང་ཤོས་ཤིག་གི་ཕུལ་བྱུང་མི་རིགས་ཀྱིས་ད་གཟོད་རིག་གནས་གསར་གཏོད་བྱ་ནུས་ལ། མི་རིགས་གཞན་པའི་རིག་གནས་རྣམས་ནི་དེ་དག་ལས་བསྡུ་ལེན་བྱས་པ་ཡིན། འདབས་འབྲེལ་གྱི་མི་རིགས་ཡིན་ནའང་འདྲ། ཡང་ན་རྒྱ་མཚོས་བར་ཆོད་པའི་མི་རིགས་ཡིན་ནའང་འདྲ་སྟེ། གལ་ཏེ་དེ་དག་བར་ལ་རིག་གནས་འདྲ་མཚུངས་ཀྱི་ཆ་རྙེད་ཚེ། ལོ་རྒྱུས་སྟེང་ཕན་ཚུན་ལ་ཁྱབ་སྤེལ་གྱི་འབྲེལ་བ་བྱུང་མྱོང་བ་ཐག་གིས་ཆོད། དེར་བརྟེན་རིག་གནས་དཀྱིལ་འཁོར་གཅིག་ཏུ་བཀོད་ཆོག རིག་གནས་གྲུབ་རྒྱུའི་ཐད་ཀྱི་མཚུངས་ཆོས་ལ་བརྡར་ཤ་གཅོད་ཆེད། ཁོང་གིས་གདེང་འཇོག་གི་ཚད་ལྡན་གཉིས་ཙམ་བཏོན་པ་སྟེ། གཅིག རྣམ་པའི་ཚད་གཞི་སྟེ། རིག་གནས་ཀྱི་རྣམ་པ་དང་གྲུབ་ཚུལ། ནུས་པ་བཅས་ཀྱི་ཆ་ནས་རིག་གནས་གྲུབ་རྒྱུའི་མཚུངས་ཆོས་ལ་གདེང་འཇོག་བྱ་བ། གཉིས། གྲངས་ཀྱི་ཚད་གཞི་སྟེ། རིགས་མཚུངས་རིག་གནས་ཀྱི་གྲངས་ཀྱི་མང་ཉུང་ཐད་ནས་རིག་གནས་ཁྱབ་སྤེལ་འབྲེལ་བ་ལ་གདེང་འཇོག་བྱ་བ་ཡིན།

ཕྱི་མ་ཧྲི་སྨི་ཐེ་ནི་ཨའོ་ཏེ་ལིའི་མིའི་རིགས་རིག་པ་སྨྲ་བ་དང་སྐད་བརྡ་རིག་པ་སྨྲ་བ་ཞིག་སྟེ། བརྩམས་ཆོས་གཙོ་བོ་ལ《ལྷའི་འབྱུང་ཁུངས》དང《མི་རིགས་རིག་པའི་རིག་གནས་ལོ་རྒྱུས་བརྟག་ཐབས》སོགས་མཆིས། ཁོང་གིས་ཀོ་ལེ་པུའུ་ནའི་རིག་གནས་དཀྱིལ་འཁོར་དགོངས་པ་འཕེལ་རྒྱས་སུ་བཏང་ཡོད་ཅིང་། སྔ་མས་བཏོན་པའི་གདེང་འཇོག་ཚད་གཞི་གཉིས་སྟེང་རང་བཞིན་ཚད་གཞི་དང་རྒྱུན་མཐུད་ཚད་གཞི་སོགས་ཁ་སྣོན་བྱས། ཧྲི་སྨི་ཐེའི་ཁྱབ་སྤེལ་སྨྲ་བ་ལ་འཕེལ་འགྱུར་གྱི་ཁྱད་ཆོས་མངོན་གསལ་ལྡན་པས། དེར་རིག་གནས་དཀྱིལ་འཁོར་གྱི་འཕེལ་འགྱུར་སྨྲ་བ་ཞེས་འབོད་མཁན་ཡང་ཡོད། ཁོང་གིས་རིག་གནས་ཀྱི་བར་སྟོང་དབྱེ་ཚུལ་ལ་མཐོང་ཆེན་མཛད་པའི་ཞོར་དུ་རིག་གནས་ཀྱི་དུས་རིམ་ལའང་གཙིགས་མཐོང་བྱེད་དོ།།