ཁྱབ་སྤེལ་སྨྲ་བ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-01-23 10:39ལ་འགྲུབ།

ཁྱབ་སྤེལ་སྨྲ་བ།

ཁྱབ་སྤེལ་སྨྲ་བ།
དུས་རབས་བཅུ་དགུ་བའི་དུས་མཇུག་ནས་ཉི་ཤུ་བའི་དུས་མགོར་བྱུང་བའི་ནུབ་གླིང་མིའི་རིགས་རིག་པའི་གྲུབ་མཐའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
传播论
1 ངོ་སྤྲོད་མདོར་བསྡུས།

ཁྱབ་འཕེལ་སྨྲ་བ་ནི་དུས་རབས་བཅུ་དགུ་བའི་དུས་མཇུག་ནས་ཉི་ཤུ་བའི་དུས་མགོར་བྱུང་བའི་ནུབ་གླིང་མིའི་རིགས་རིག་པའི་གྲུབ་མཐའ་ཞིག་སྟེ། ཁོ་ཚོས་འཕེལ་འགྱུར་སྨྲ་བའི་གཞུང་ལུགས་ལ་དགག་པ་བྱས་ཏེ་བར་སྟོང་གི་ཆ་ནས་རིག་གནས་ལ་ཞིབ་འཇུག་བྱ་དགོས་པར་འདོད། མིའི་རིགས་ཀྱི་རིག་གནས་ལ་མཚུངས་ཆོས་ལྡན་པ་ནི་ཁྱབ་སྤེལ་ལྟ་བས་བདེ་བླག་ངང་འགྲེལ་ནུས་ཏེ། རིག་གནས་སྣང་ཚུལ་གང་ཞིག་ཡིན་ཡང་ས་ཆ་ག་གེ་མོ་ཞིག་ཏུ་ཐེངས་གཅིག་ལ་བྱུང་ཞིང་། དེ་ནས་རིམ་བཞིན་འཛམ་གླིང་གི་ས་གནས་སོ་སོར་དར་ཁྱབ་བྱུང་བ་རེད། མི་རིགས་སོ་སོའི་རིག་གནས་ནི་ཡོད་ཚད་རང་གིས་གསར་གཏོད་བྱས་པ་མ་ཡིན་ཏེ། གཙོ་བོ་རིག་གནས་གསར་གཏོད་བྱེད་གནས་གཞན་དག་ནས་བསྡུ་ལེན་དང་ནང་འདྲེན་བྱས་པ་ཡིན་ཙ་ན། ཐུན་མོང་གི་རིག་གནས་གྲུབ་ཆ་དང་ཁྱད་ཆོས་ཁ་ཤས་གཞིར་བཟུང་ནས་རིག་གནས་ཀྱི་དཀྱིལ་འཁོར་འགོད་རུང་བར་འདོད།

2 འབྱུང་ཁུངས།

གྲུབ་མཐའ་འདིའི་གཞུང་ལུགས་ཀྱི་འབྱུང་ཁུངས་ནི་འཇར་མན་གྱི་མིའི་རིགས་ས་ཁམས་རིག་པའི་སྲོལ་གཏོད་པ་པོ་ལ་ཚེ་ཨེར་ཞེས་པ་དེ་ཡིན་ཞིང་། ཁོང་གི་བརྩམས་ཆོས་གཙོ་བོ་ལ《མིའི་རིགས་ས་ཁམས་རིག་པ》དང་《མིའི་རིགས་ཀྱི་ལོ་རྒྱུས》སོགས་ཡོད། ལ་ཚེ་ཨེར་ལགས་ཀྱིས་སེམས་ཁམས་གཅིག་མཐུན་སྨྲ་བ་དང་སྒེར་ཚུགས་གསར་གཏོད་སྨྲ་བའི་གཞུང་ལུགས་ལ་དགག་པ་མཛད་ཅིང་། འགྲོ་བ་མིའི་རིགས་སྡོད་གནས་སྤོར་བ་དང་རྣམ་པ་གཞན་པའི་ཐུག་འཕྲད་བྱུང་བ་ནི་རིག་གནས་འདྲ་མཚུངས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད། ཁོས་རིག་གནས་མིའི་རིགས་རིག་པ་ལ་བསྐྲུན་པའི་བྱས་རྗེས་ནི་གཤམ་གྱི་ཕྱོགས་གསུམ་ཙམ་མཆིས་ཏེ། གཅིག ཁོང་གིས་ས་ཁམས་ཆ་རྐྱེན་གྱི་ཟུར་ཚད་ནས་མིའི་རིགས་ས་ཐོག་གི་གནས་སྟངས་དང་རིག་གནས་འཕེལ་རྒྱས་ཀྱི་སྤྱིའི་དཔེ་རིས་ཤིག་འབྲི་འདོད་པ་སྟེ། དེའི་བྱ་ཐབས་གཙོ་བོ་ནི་རིག་གནས་ཀྱི་གྲུབ་ཆ་རྣམས་ས་ཁྲའི་སྟེང་རི་མོར་འགོད་པ་དང་། དེ་ནས་རིག་གནས་གྲུབ་ཆ་དེ་དག་ཁྱབ་པའི་བྱེ་བྲག་གི་ཁྱབ་རྒྱ་ལ་དབྱེ་ཞིབ་བྱེད་པ། གཉིས། རྣམ་པའི་གདེང་འཇོག་ཚད་གཞི་ཞེས་པའི་དོན་སྤྱི་བཏོན་པ་སྟེ། དོན་སྤྱི་འདིའི་དགོངས་པ་ལྟར་ན། དངོས་མང་བཤམས་སྟོན་ཁང་གཉིས་སམ་དུ་མར་འཁོད་པའི་རིགས་མཚུངས་ཀྱི་དངོས་རྫས་རྣམས་ཀྱི་རྣམ་པ་ལ་ཉེ་མཚུངས་ཀྱི་ཆ་ལྡན་ཚེ། དེ་དག་ནི་ངེས་པར་དུ་འབྱུང་ཁུངས་གཅིག་ནས་མཆེད་པ་ཡིན་ལ། ས་ཡི་བར་ཐག་ཇི་ལྟར་རིང་ནའང་ཁྱབ་སྤེལ་དང་བརྒྱུད་སྒྲོག་ལ་བརྟེན་ནས་ད་གཟོད་ས་གནས་མི་འདྲ་བ་སོ་སོར་བྱུང་བ་ཡིན། གསུམ། ཁོང་ཉིད་ཆེས་སྤྲོ་སྣང་ལྡན་པ་ནི་དངོས་གཟུགས་རིག་གནས་ཡིན་ཏེ། ཁོང་གིས་དེ་ལ་མི་རིགས་རིག་པའི་འཇུག་ཡུལ་ཞེས་བརྗོད་ལ། དངོས་གཟུགས་རིག་གནས་ནི་མི་རིགས་ཕན་ཚུན་བར་གྱི་ལོ་རྒྱུས་འབྲེལ་བ་མཚོན་པའི་བདེན་དཔང་སྟེ། དེར་རིགས་རྒྱུད་ཁྱད་ཆོས་དང་སྐད་ཆའི་གཤིབ་བསྡུར་ལས་ལྷག་པའི་དོན་སྙིང་གལ་ཆེན་ལྡན།