ཨའེ་ཏེ་ཧྭ•ཐའེ་ལེ།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-01-25 17:20ལ་འགྲུབ།

ཨའེ་ཏེ་ཧྭ•ཐའེ་ལེ།

ཨའེ་ཏེ་ཧྭ•ཐའེ་ལེ།
ཁོང་ནི་སྤྱི་ལོ1832ལོར་དབྱིན་ཇི་རུ་འཁྲུངས་པའི་མིའི་རིགས་རིག་པ་བ་གྲགས་ཅན་ཞིག་སྟེ། དབྱིན་ཇིའི་མིའི་རིགས་རིག་པའི་སྲོལ་འབྱེད་པ་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
爱德华·伯内特·泰勒
ཕྱི་ཡིག་གི་མིང་།
Edward Burnett Tylor
རྒྱལ་ཁབ།
དབྱིན་ཇི།
འཁྲུངས་འདས།
སྤྱི་ལོ(1832-1917)
ལས་རིགས།
མིའི་རིགས་རིག་པ་བ། རིག་གནས་མིའི་རིགས་རིག་པ་བ།
བརྩམས་ཆོས།
《གདོད་མའི་རིག་གནས》དང《མི་དང་རིག་གནས་ཞིབ་འཇུག》
1 ​ངོ་སྤྲོད།

ཨའེ་ཏེ་ཧྭ་ཐའེ་ལེ་ནི་དབྱིན་ཇིའི་མིའི་རིགས་རིག་པའི་སྲོལ་འབྱེད་པ་པོ་སྟེ། སློབ་ཆེན་དངོས་སུ་མ་འགྲིམས་ཡང་སློབ་ཆེན་སྟེགས་བུའི་སྟེང་མིའི་རིགས་རིག་པ་ཐེངས་དང་པོར་འཁྲིད་མཁན་དང་མིའི་རིགས་རིག་པའི་དགེ་རྒན་ཆེན་མོའི་མཚན་སྙན་ཐོབ་མཁན་དང་པོ་དེ་ཡིན། ཁོང་གིས་རིག་གནས་ལ་ཐེངས་དང་པོར་མཚན་ཉིད་བཀོད་པ་སྟེ། རིག་གནས་སམ་ཤེས་རིག་ཅེས་པ་ནི། མིའི་རིགས་རིག་པའི་དོན་སྙིང་རྒྱ་ཆེན་པོའི་ངོས་ནས་བརྗོད་ན། དེ་ནི་སྣ་འདུས་ཀྱི་ཕུང་བོ་ཧྲིལ་པོ་ཞིག་སྟེ་དེར་ཤེས་བྱ་དང་དད་མོས། སྒྱུ་རྩལ། ཀུན་སྤྱོད། བཅའ་ཁྲིམས། ཡུལ་སྲོལ་བཅས་དང་། སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་མི་རྣམས་ཀྱི་སྦྱངས་གོམས་ལས་བྱུང་བའི་ནུས་པ་དང་གོམས་གཤིས་གཞན་པ་མཐའ་དག་འདུས་པ་ཡིན་ཞེས་གསུངས་པ་འདིས་ཕྱིས་ཀྱི་རིག་གནས་ཞིབ་འཇུག་ཐད་ལ་ཤུགས་རྐྱེན་རྒྱ་ཆེན་པོ་ཐེབས། ཁོང་གི་ལྟ་ཚུལ་ལྟར་ན། འགྲོ་བ་མིའི་རིགས་ཀྱི་རིག་གནས་ནི་རྨོངས་མུན་དང་དམུ་རྒོད། ཤེས་རིག་བཅས་རིམ་པ་གསུམ་བརྒྱུད་མྱོང་བར་འདོད་ཅིང་། མི་རྣམས་ཀྱིས་འཇིག་རྟེན་ལ་ངོས་འཛིན་བྱ་བ་དེར་ཡང་རྣམ་པ་གསུམ་ཙམ་ལྡན་པ་སྟེ། ཚན་རིག་གི་རྣམ་པ་དང་མཐུ་ཆོས་ཀྱི་རྣམ་པ། ཆོས་ལུགས་ཀྱི་རྣམ་པ་བཅས་སོ།། དངོས་ཀུན་བླ་ཡོད་འདུ་ཤེས་ནི་ཆོས་ལུགས་མཐའ་དག་གི་འབྱུང་ཁུངས་དང་གདོད་མའི་རྣམ་པ་ཡིན་པར་འདོད། ཁོས་བསྟན་དོན། སྤྱི་ཚོགས་འཕེལ་རྒྱས་དང་ཤེས་རིག་སོགས་དམའ་རིམ་དུ་གནས་པའི་གདོད་མའི་མི་རྣམས་ཀྱིས་རྨི་ལམ་དང་ཤི་འདས་སོགས་ཀྱི་རང་བྱུང་སྣང་ཚུལ་ལ་རྟོག་གཞིགས་མཛད་པ་ལས་འགྲོ་བ་མི་དང་འཇིག་རྟེན་གྱི་དངོས་པོ་ཀུན་ལ་བླ་གནས་པའི་འདུ་ཤེས་སྐྱེས་ལ། དེ་ནས་རིམ་གྱིས་འཕེལ་ཏེ་མེས་པོ་དང་ལྷ་མང་ལ་དད་མོས་བྱ་བའི་བསམ་བློ་གྲུབ་ཅིང་། གདོད་མའི་ཆོས་ལུགས་ནི་དངོས་ཀུན་ལ་བླ་ཡོད་པར་འདོད་པའི་བསམ་བློ་འདིའི་སྟེང་རིམ་གྱིས་བྱུང་བ་ཡིན། ཁོང་གི་ལྟ་བ་ལྟར་ན། ཆོས་ལུགས་ཀྱི་འདུ་ཤེས་ནི་ཐོག་མར་མིའི་རིགས་ཀྱི་གནའ་བོའི་རུས་རྒྱུད་ཚོ་བའི་ཁྲོད་བྱུང་བ་ཡིན་ལ། ཁོ་ཚོའི་ཐུན་མོང་གི་དད་མོས་བྱེད་ས་ནི་བླ་དང་ལྷ་འདྲེ་རྣམས་ཡིན། རྗེས་དཔག་གི་བསམ་གཞིག་ནུས་པའི་ཆ་ནས་གནའ་བོའི་མི་དང་དེང་རབས་ཀྱི་མི་རྣམས་ལ་ཁྱད་པར་གང་ཡང་མེད་ལ། དངོས་ཀུན་བླ་ཡོད་སྨྲ་བས་དམུ་རྒོད་པའི་མཚན་ཉིད་རིག་པའི་རྨང་གཞི་གྲུབ་པ་ཡིན་ལ། དེ་དང་འདྲ་བར་ཤེས་ལྡན་མི་རིགས་ཀྱི་མཚན་ཉིད་རིག་པའི་རྨང་གཞི་དེའང་གྲུབ་པ་ཡིན། དངོས་ཀུན་བླ་ཡོད་སྨྲ་བའི་བསམ་བློ་འདི་ལ་དད་མོས་ཀྱི་ཆ་ནས་ཁྱད་ཆོས་གཉིས་ལྡན་ཏེ། གཅིག སྐྱེ་དངོས་མཐའ་དག་གི་བླ་ཞེས་པ་འདི་ནི་ལུས་པོ་འཇིག་ནའང་མུ་མཐུད་དུ་གནས་པ། གཉིས། ལྷ་རིགས་ཀྱིས་འགྲོ་བ་མིའི་ལས་དབང་ལ་ཁ་ལོ་བསྒྱུར་བ་ཡིན་ཞིང་། འགྲོ་བ་མིའི་བྱ་སྤྱོད་ཀྱིས་ལྷའི་དགའ་སྐྱོ་ཆགས་སྡང་ལ་སོགས་ཀྱི་ཡིད་འགྱུར་སྣ་ཚོགས་སློང་སྲིད་པ། དེ་ཡང་བྱེ་བྲག་ཏུ་བརྗོད་ན། བླ་ཞེས་པ་ནི་རྣམ་པ་གསུམ་གྱི་སྒོ་ནས་གནས་ཡོད་དེ། བླ་ནི་གནས་ངེས་མེད་དུ་འགྲིམ་ནས་གནས་ཤིང་སྐབས་ལ་ལར་རང་གི་མེས་པོའི་ཁྱིམ་གཞི་ལའང་ལོག་འགྲོ། བླ་དེ་ནི་མི་གཞན་དང་ཐ་ན་སྲོག་ཆགས་དང་སྐྱེ་དངོས་གཞན་དག་གི་སྐྱེ་བའང་ལེན་སྲིད། བླ་དེ་ལ་འཇིག་རྟེན་གཞན་ཞིག་ཏུ་གོ་གནས་ཁྱད་པར་བ་ཞིག་མཆིས་ཏེ། དཔེར་ན། ནུབ་ཕྱོགས་བདེ་བ་ཅན་དང་དམྱལ་བའི་ཡུལ་ལྟ་བུའོ། །

2 ཐའེ་ལེའི་འཕེལ་འགྱུར་སྨྲ་བ།

ཐའེ་ལེ་ཡིས་འཕེལ་འགྱུར་སྨྲ་བའི་ཕྱོགས་སུ་ལྟ་བ་གཙོ་བོ་གསུམ་ཙམ་བཏོན་པ་སྟེ། དང་པོ། འགྲོ་བ་མིའི་རིགས་ཀྱི་ངོ་བོ་དང་རང་བཞིན་གཅིག་མཐུན་ཡིན་པའི་འདུ་ཤེས་དེས་རིག་གནས་འཕེལ་རྒྱས་ཀྱི་སྣ་གཅིག་རང་བཞིན་ཐག་བཅད་པ། གཉིས། འཛམ་གླིང་གི་མི་རིགས་སོ་སོའི་རིག་གནས་ནི་ཐིག་སྐུད་གཅིག་བརྒྱུད་དེ་འཕེལ་འགྱུར་བྱུང་བ། གསུམ། འཛམ་གླིང་ཡོངས་ནི་རང་བྱུང་ཆོས་ཉིད་ལྟར་འཚོ་གནས་བྱེད་པ་བཅས་སོ། །ཡང་མིའི་རིགས་རིག་པའི་ཞིབ་འཇུག་བྱེད་ཐབས་ཐད་ཁོང་གིས་བྱས་རྗེས་གསུམ་ཙམ་བཞག་པ་སྟེ། གཅིག ལྷག་ལུས་ཞིབ་འཇུག་བྱ་ཐབས་ཏེ། དེང་རབས་སྤྱི་ཚོགས་ཁྲོད་ལྷག་ལུས་སུ་གནས་པའི་གནའ་དུས་ཀྱི་རིག་གནས་ཤུལ་བཞག་ལ་བརྟེན་ནས་ལོ་རྒྱུས་འཕེལ་རིམ་ལ་དབྱེ་ཞིབ་བྱེད་པ། གཉིས། གཤིབ་བསྡུར་ཐབས་ལམ་འཕེལ་རྒྱས་སུ་བཏང་བ་སྟེ། མི་རིགས་མི་འདྲ་བའི་རིག་གནས་རྣམས་ཕན་ཚུན་ཞིབ་བསྡུར་བྱས་ནས་དེར་རིགས་ཀྱི་དབྱེ་བ་འབྱེད་པ་དང་། དེར་བརྟེན་ནས་རིག་གནས་འཕེལ་རྒྱས་ཀྱི་རྩ་བའི་ཤུལ་ལམ་དང་གོ་རིམ་འཚོལ་སྙེག་བྱེད་པ། གསུམ། རིག་གནས་ཞིབ་འཇུག་ཁྲོད་བསྡོམས་རྩིས་ཀྱི་ཐབས་ལམ་སྤྱོད་པ་བཅས་སོ། །