རྟོགས་བརྗོད་ངོ་མཚར་སྤྲིན་གྱི་སྒྲ་དབྱངས།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-22 15:22ལ་འགྲུབ།

རྟོགས་བརྗོད་ངོ་མཚར་སྤྲིན་གྱི་སྒྲ་དབྱངས།

འཇམ་མགོན་སྨྲ་བའི་དབང་ཕྱུག་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་ཐོག་མཐའ་བར་དུ་དགེ་བ་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། ཆོས་དོན་རྣམ་པར་འབྱེད་པའི་མཁྱེན་སྤྱན་ཨུཏྤ་ལའི་འདབ་མ་ལྟར་དཀྱུས་རིང་པོས་བཅུ་ཕྲག་རིག་པའི་གནས་ཀྱི་དགོངས་དོན་མཐའ་དག་ཟ་འོག་གོས་ཀྱི་རི་མོ་བཞིན་མ་འདྲེས་པར་གཟིགས་པའི་མཁྱེན་རབ་ཀྱི་དབང་ཕྱུག་རྫོང་དཀར་སྐུ་ཕྱོགས་ཆེ་བའི་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བཀྲ་ཤིས་ཆོས་འཕེལ་རྒྱ་མཚོ་ནས་སྔ་ཕྱིར་དངོས་མཇལ་གྱི་སྐབས་དང་། འཕྲིན་ཡིག་གི་ལམ་ཅི་རིགས་ནས་འཆི་མེད་ཚེ་ལྷའི་སྣང་བརྙན་གསལ་བར་བཀྲ་བའི་དགེ་ལེགས་བཀྲ་ཤིས་ཀྱི་དར་དཀར་པོ་ཆེ་ལེགས་སྲིད་དུ་རིང་བ་དུ་མའི་སྐྱེས་དང་བཅས། བཀའ་སྩལ་གསེར་གྱི་སྦྲམ་བུ་ལྟར་ལྕི་བ་སྙིང་གི་པདྨོ་མངོན་པར་བཞད་པའི་ཟེའུ་འབྲུར་ཡང་ཡང་ཕེབས་པར་བརྟེན། རྩོད་དུས་ཀྱི་པཎ་ཆེན་ངག་གི་དབང་པོ་གང་གི་ལེགས་བཤད་བདུད་རྩིའི་སྙེ་མ་རྣམ་ཀུན་ཟད་པ་མེད་པའི་དཔལ་གྱིས་སྐལ་བཟང་བློ་ལྡན་མཐའ་དག་གི་རྣམ་པར་དཔྱོད་པའི་ལང་ཚོ་རྒྱས་པར་མཛད་པའི་འཕྲིན་ལས་ལ་སྙིང་ནས་ཡི་རང་བའི་མོས་པ་འཕང་མཐོ་བ། བཙུན་གཟུགས་རྨོངས་རྟུལ་ཆོས་མེད་ཆོས་མཁན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་ལྕགས་མོ་བྱ་ལོའི་རྒྱལ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་མ་དང་མཁའ་འགྲོ་མངོན་པར་འདུ་བ་བཀྲ་ཤིས་པའི་ཚེས་བཟང་པོར་མགར་རྩེའི་གྲྭ་ཚང་ཐུབ་བསྟན་ཆོས་འཁོར་གླིང་གི་གཟིམ་ཆུང་བཀྲ་ཤིས་མཐོང་སྨོན་ནས་དད་གུས་ཆེན་པོས་སུག་བྲིས་སུ་བགྱིས་པའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ།
1 ​མ་ཡིག

རྟོགས་བརྗོད་ངོ་མཚར་སྤྲིན་གྱི་སྒྲ་དབྱངས།

སྲིད་ཞིའི་མཛེས་སྡུག་སྙིང་པོ་གཟུགས་ཅན་བཞིན། ། ཤར་བའི་སྒྱུ་འཕྲུལ་མིག་གི་བདུད་རྩིའི་འོད། ། ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ་བ་ཡི། ། སྙིང་གི་མུན་སེལ་དབྱངས་ཅན་མ་ལ་འདུད། ། རྨད་བྱུང་སྐུ་བཞིའི1ལྷུན་པོ་ནི། ། སྲིད་དང་ཞི་བའི་བླ་ན་མཐོ། ། འགྲོ་བའི་བླ་མ2ཐམས་ཅད་མཁྱེན། ། འབྲལ་མེད་གཙུག་རྒྱན་ཉིད་གྱུར་ཅིག རྒྱལ་ཀུན་ཡེ་ཤེས་སྙིང་བོ་མ་ལི་ཀཿ3། ། ངོ་མཚར་མཚན་དཔེའི་འདབ་བརྒྱ་གྲོལ་བའི་དཔྱིད། ། ཟབ་མོ་རྟེན་འབྱུང4ལེགས་བཤད་སྦྲང་རྩིའི་བཅུད། ། སྤྲོ་མཛད་འཇམ་པའི་དབྱངས་ཀྱིས་རྣམ་ཀུན་སྐྱོབས། ། ནམ་མཁའ་རབ་འབྱམས་ཡོངས་གང་རྒྱལ་ཀུན་གྱི། ། ཡེ་ཤེས་ཉི་མ་འབར་བའི་གདེངས་ཀ་ནས། ། བློ་གྲོས་ཀུན་བཟང་གྲགས་པ་དོན་ལྡན་གྱི། ། བཤེས་གཉེན་གཟུགས་སུ་བཞེངས་པ་དེ་ལ་འདུད། ། ཐུགས་རྗེ་བགོ་སྐལ་རྩེ་དགའི་ཟུར་མིག་གིས། ། ཡོངས་འཁྱུད་གསེར་ལྡན5ཡངས་པའི་སྐྱབས་གཅིག་པུ། ། རྒྱལ་བ་རྒྱ་མཚོའི་གསང་གསུམ་མངོན་བཞད་པ། ། བྱིན་ཆེན་ཟེགས་མ་བདུད་རྩིའི་ཆར་དུ་བསྙིལ། ། བློ་གྲོས་ཀུན་བཟང་རྒྱལ་བ་རྒྱ་མཚོ་ཡི། ། འགག་མེད་གསུང་གི་གསང་བ་དབྱངས་ཅན་མ། ། བཅུ་དྲུག་འཁོར་ལོའི་འདབ་མ་འཛུམ་པའི་རྩེར། ། མངོན་རོལ་དཔལ་ལྡན་བླ་མ་གཙུག་ན་རྒྱལ། ། ལྔ་བདོ་སྙིགས་མའི་དུས6ཀྱི་མཐར། ། མདོ་སྔགས་ཟུང་འབྲེལ་བཤད་སྒྲུབ་སྲོལ། ། སྤེལ་བའི་སྙིང་སྟོབས་འོ་མའི་མཚོ། ། མཁའ་ལ་འཕྱུར་བའི་རྩེ་དགའ་འཛིན། ། མི་ཟད་ངག་ལ་དབང་འབྱོར་བའི། ། ཡོངས་འཛིན་ཉི་མ་གཞོན་ནུ་གང་། ། སྐལ་བཟང་རྣམས་ལ་བྱང་ཆུབ་ཀྱི། ། ལམ་བཟང་རབ་ཏུ་གསལ་བྱེད་ཉིད། ། དེ་ཕྱིར་འགྱུར་མེད་དད་གུས་ཀྱིས། ། དཔག་བསམ་ཤིང་རྩེར་སྨིན་པ་ཡི། ། དམ་པའི་རྟོགས་བརྗོད་བདུད་རྩིའི་འབྲས། ། ངོ་མཚར་རོ་བརྒྱ་བཅུད་དུ་རྫོགས། ། ཨེ་མ་རྒྱལ་བའི་ཡབ་གཅིག ། སྤྲུལ་པ་ཡང་སྤྲུལ་རོལ་པ7ནི། ། ནམ་མཁའ་ཁྱབ་པར་འཇུག་པ8ཡི། ། སྒྱུ་འཕྲུལ་ཕ་མཐའ་སུ་ཞིག་གཞལ། ། མི་ཤིགས་གསུང་གི་གསང་བ་ནཱ་དའི9གདངས། ། འགག་མེད་ནམ་མཁའ་ཁྱབ་པར་བཞད་པ་ཡིས། ། རྣམ་དག་ཆོས་ཀྱི་དབང་ཕྱུག་གྲགས་འབར་བས། ། ཐོས་པ་འཛིན་གང་བདུད་རྩིའི་གཏེར་དུ་བསྒྲུབས། ། གསང་གསུམ་སྒྱུ་འཕྲུལ་མར་མེ་གཅིག་ཉིད་ལས། ། རང་འདྲ་ཆད་པས་རྣམ་ཀུན་དོན་ཡོད་ཀྱི། ། ལེགས་བཤད་འོད་ཟེར་རྩེ་དགའ་འགྱེད་པ་ཡི། ། སྐལ་བཟང་ཀུན་དགའི་གར་གྱི་རི་མོར་འགོད། ། པུར་རྒྱལ་བོད་ཅེས་གྲགས་པ་ཡི། ། བསིལ་ལྗོངས་པད་མ་དཀར་པོའི་ཚལ། ། མཛེས་བྱེད་དགེ་བཅུ་ཚང་བའི་ཡུལ། ། གསེར་གྱི་པདྨོའི་རྫིང་བུ་འཁྱིལ། ། སྲིད་པར་སྣ་ཚོགས་ལས་ཀྱིས་བསྐྲུན་པ་ཡི། ། སྒྱུ་མ་སྤྲུལ་པའི་རོལ་མ་མཐའ་ཡས་ཀྱང་། ། སྲིད་པའི་རྟེན་བཟང་ལྷ་ལས་ཕུལ་བྱུང་བ། ། གུར་ཀུམ་གཞོན་ནུའི10མེ་ཏོག་ཡང་དག་འཛུམ། ། ཤིན་ཏུ་དཀོན་ཞིང་འདོད་པ་འཇོ་བ་ཡི། ། མཆོག་གསུམ་ནོར་བུའི་ཅོད་པན་འོད་འབར་བ། ། གཙུག་སྐྱེས་པདྨའི་ཚལ་ལ་ལྷན་སྐྱེས་སུ། ། འགྲོགས་པའི་རྟེན་འབྲེལ་མ་ལུས་ལྷུན་གྱིས་གྲུབ། ། འཇིགས་རུང་ནག་པོའི་སྤྲིན་གྱི་ལྡིང་ཁང་ནས། ། པདྨའི་རྩ་ལག་མངོན་པར་ཤར་བ་བཞིན། ། མི་ཟད་ཉེས་བརྒྱའི་འབྱུང་གནས་གྲོང་ཁྱིམ་ལས། ། ཐོན་པའི་གཞོན་ནུ་མཚམས་སྤྲིན་གོས་ཀྱིས་མཛེས11། ། ལང་ཚོ་ཆེས་ཕྲ་ཐོག་མ་ཐོག་མའི་དུས། ། རྣམ་དཔྱོད་འདབ་བརྒྱ་གྲོལ་བ་འདི་འདྲ་ན། ། མང་ཐོས་དཔག་བསམ་འཁྲི་ཤིང་རྒྱས་པ་ཡི། ། ཡལ་གས་ཕྱོགས་ཀྱི་འཁོར་ལོ་ཅིས་མི་འགེང་། ། གསང་གསུམ་མཐུ་ནུས་འབར་བའི་མེས། ། བདུད་ཀྱི་དཀྱིལ་འཁོར་མ་ལུས་པ། ། སྐད་ཅིག་ཉིད་ལ་སྲེག་མཛད་པའི། ། འཇིགས་མཛད་རྡོ་རྗེའི་སྤྲུལ་པའི་གར། ། འཁོར་ལོའི་མགོན་པོ་མཚུངས་མེད་རྗེ། ། འཇིགས་མེད་བསམ་གཏན12ཞབས་སྐྱེས་རྡུལ། ། སྤྱི་གཙུག་རྒྱན་དུ་ཉེར་བཀོད་དེ། ། ཆོས་ཟབ་བདུད་རྩི་དལ་གྱིས་གསོལ། ། དེའི་ཚེ་ཚད་མེད་སྙིང་རྗེའི་དབྱིངས་ལས་སྲིད་གསུམ་འཇིགས་པར་བྱེད་པའི་སྐུར། ། མངོན་བཞེངས་ལྷ་ཆེན་ཉི་མའི་སྲས་པོ་དུག་རི་ནག་པོ13ཆེར་འབར་བའི། ། སྤྱི་བོར་བཀའ་རྟགས་རྡོ་རྗེས་བྱིན་ཕབ14འཇིགས་མེད་དཔག་བསམ་མྱུ་གུ་དེ། ། ལེགས་བཤད་བདུད་རྩིའི་ཆར་གྱིས་སྐྱོང་ཚེ་བཞེད་དགུ་སྒྲུབ་པའི་གྲོགས་སུ་སྦྲན། ། གཞུང་ལུགས་ནོར་བུའི་དོ་ཤལ་འཆང་བ་ཀུན་སྤངས་བློ་བཟང་ཆོས་གྲགས15དང་། ། སྒྲ་རྩིས་སྙན་ངག་སྨྲ་བའི་དབང་པོ་དུས་ཞབས་མཚོ་བྱུང་དགྱེས་པའི་དཔལ16། ། བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་ཏེ་ལོ་ཟླ་སྔ་ཕྱི་ཅི་རིགས་པར། ། ཐུན་མོང་མིན་པའི་རིག་གནས་གཙུག་ལག་མང་པོར་རིང་དུ་སྦྱངས། ། ཡེ་ཤེས་འོད་ལྔ17འཁྱིལ་བ་འཇའ་ཀློང་ནས། ། མཁྱེན་གཏེར་བྱིན་རླབས་ཐུར་མས་མིག་ཕྱེ་བས། ། ཤེས་བྱ་རྒྱ་མཚོའི་རི་མོ་མ་འདྲེས་པར། ། གཟིགས་པའི་ངོ་མཚར་བློ་གྲོས་ཡུལ་ལས་འགོངས། ། ཀ་ཙན་དབྱངས་ཅན18ཕྱོགས་ཀྱི་རྣ་བ་ལ། ། འཁྱུད་ལེགས་མཁྱེན་དཔྱོད་ཉི་ཟླའི་འགྲོས་གཅིག་གིས། ། རྒྱ་བོད་བརྡ་སྤྲོད་ཇི་སྙེད་པདྨོའི་རྫིང་། ། ཅི་དགར་གྲོལ་བས་ཕལ་གྱི་ཁེངས་པ་བསྙིལ། ། སྐུ་ཡི་ཕྲེང་བར་མཛའ་བར་ཡོངས་འཐམ་པའི། ། སྙན་ཚིག་སྡེབ་སྦྱོར་སྒེག་མོ་ཟུང་འཇུག་མ། ། སྙིང་ལ་རྩེ་དགའི་གྲོགས་སུ་ཉེར་བཀུག་པས། ། དགེ་དབང་དཔའ་བོའི19མཆེད་པོར་ཅི་ཡང་སྙེམས། ། དུས་དབྱངས20མཇིང་བ་བསྣོལ་པའི་རྩིས་རིག་དང་། ། སྤོར་ཐང་དཀར་ནག21རིག་པའི་ལག་ལེན་བཅས། ། སྦྱངས་པས་དགོངས་དོན་ཕྲ་མོའང་མངོན་གཟིགས་པ། ། བླ་མཁྱེན་ཕལ་གྱི་ཚུལ་དང་ག་ལ་སྡེབ། ། སྙིང་པོའི་སྙིང་པོ་ལམ་རིམ་བློ་སྦྱོང22སོགས། ། ནང་རིག་བདུད་རྩིའི་དོག་པ་ལ་འཐུངས་པས། ། གཞན་དང་མི་མཉམ་ཡོན་ཏན་མངོན་རྫོགས་པས། ། རང་བཞིན་འཕགས་ཆེན་ངང་ལ་སུ་ཡིས་དབྱེ། ། སྔོན་བྱས་པ་ཡི་དཀར་ནག་གི། ། འདུ་བྱེད་སྒྱུ་མའི་རྫས་སྔགས་ཀྱི། ། སྤྲུལ་པའི་བདེ་སྡུག་རོལ་པ་འབུམ། ། འཇིག་རྟེན་འདི་ན་ཅི་ཡང་སྣང་། ། སྲིད་པའི་སྒྲོན་མེ་ནམ་མཁའའི་རྒྱན། ། པད་དཀར་སྡོང་བུ་སྐྱེད་ཚལ་རྒྱན། ། ཟླ་ཚེས་བདེ་འབྱུང་རལ་བའི་རྒྱན། ། ཡོངས་འཛིན་དམ་པ་སྤྱི་བོའི་རྒྱན། ། དེ་ཕྱིར་འཇམ་དཔལ་རྡོ་རྗེ་མཁྱེན་པའི་གཏེར། ། སྲིད་ཞིའི་དགེ་ལེགས་སྤེལ་སླད་སྲིད་པ་འདིར། ། སྐྱེ་མེད་དབྱིངས་ལས་སྐྱེ་བའི་གར་མཛད་པ། ། ཀུན་གཟིགས་འགྲོ་བའི་བླ་མ་སཾ་གྷའི་མཚན23། ། གང་གི་ཞབས་སེན་ནོར་བུའི་ཅོན་པད་དགེ་ལེགས་འདོད་དགུའི་ཆར་འབེབས་པ། ། ཟོལ་མེད་རྣམ་དག་བསམ་དང་སྦྱོར་བའི་རྒྱལ་མཚན་བརྟན་པོར་བཙུགས་པའི་རྩེར། ། འབྲལ་མེད་མཆོད་པའི་ངོ་མཚར་བཀྲ་ཤིས་འོད་སྣང་འབར་བས་འཇིག་རྟེན་ཁྱབ། ། བློ་བཟང་ལེགས་བཤད་རིན་ཆེན་ཆར་ཆེན་དུས་དང་དུས་སུ་མངོན་པར་ཕབ། ། འཇིག་རྟེན་མགོན་པོ་ཐུབ་ཆེན་རྒྱལ་བ་ཡི། ། བསྟན་པའི་སྙིང་པོ་བཤད་སྒྲུབ་པདྨ་ལ། ། མངོན་དགའ་དད་བརྩོན་ལྷོད་པ་མེད་པ་དེ། ། དམ་ཆོས་སྦྲང་རྩིའི་རོ་ལ་ཉིན་བཞིན་རོལ། ། བཀའ་དང་བསྟན་བཅོས་བྱེ་བ་འབུམ་གྱི་བཅུད། ། ཆེ་བ་བཞི་ལྡན24ལེགས་བཤད་བདུད་རྩིའི་རྒྱུན། ། ཐུགས་གསང་ཤེལ་གྱི་ཡོལ་གོར་བསྐྱིལ་པ་ལས། ། བློ་གསལ་བྱེ་བའི་དགའ་སྟོན་མངོན་པར་གྲུབ། ། དེའི་ཚེ་འཇམ་པའི་དབྱངས་ཀྱི་སྲས་པོ་ཞིག ། ཆུ་ཤེལ་དཀར་པོའི་ཁོར་ཡུག་མཛེས་པ་ཡི། ། ཞིང་གི་རྒྱན་དུ་ལྷམ་མེ་སྣང་ངོ་ཞེས། ། གྲགས་པའི་སྤྲིངས་ཡིག་སྐྱེ་དགུའི་ཁ་ལ་འགྱུ། ། བློ་གསལ་བྱེ་བའི་འཇུག་ངོགས་རིག་གནས་བཅུའི། ། དགོངས་ཟབ་དོན་བཟང་མ་འདྲེས་ཡང་དག་པར། ། རྒྱ་མཚོའི་རྫས་བཞིན་སྟོན་པར་མཛད་པ་ཡི། ། ཡོངས་འཛིན་མཁས་པ་གཞན་དང་གཞན་ཡང་བསྟེན། ། རིགས་གཞུང་དུ་མའི་རིགས་ཚན་སོ་སོ་ཡི། ། དགག་སྒྲུབ་རིགས་འཕྲུལ་སིནྡྷུ་ཝ་རའི25སྒོ། ། རྣམ་དཔྱོད་ལུས་ཕྲའི་འགྲམ་ཆང་རེག་ཙམ་གྱིས། ། དབང་མེད་གྲོལ་བའི་ཡ་མཚན་ཅི་ཡང་སྣང་། ། ཕྱོགས་གླང་གྲགས་པའི་གཞུང་ལུགས26ལས་འོང་བའི། ། བཟ་བརླིང་དགག་སྒྲུབ་རིགས་ཚུལ་འབུམ་ཕྲག་གིས། ། ཕས་རྒོལ་དམ་བཅའ་དྲུངས་ནས་འབྱིན་པ་ཡི། ། གྲགས་པ་སྤྲིན་གྱི་སྒྲ་དབྱངས་རྣ་བར་སྙན། ། དབུ་ཚད་སེངྒེའི་མཇིང་བསྣོལ27གྱི། ། རྟོག་གེའི་གསང་ཚིག་རིགས་པའི་འཕྲུལ། ། སོ་སོའི་དགོངས་ཟབ་རྒྱ་མཚོའི་གཏིང་། ། ལག་མཐིལ་རྫས་བཞིན་གཟིགས་པར་མཛད། ། དེའི་ཚེ་ཐལ་ངག28བྱེ་བའི་མདས། ། ཕས་རྒོལ་མགྲིན་བཅུའི་ཅོད་པན་རྒྱན། ། འཛིན་མར་ལྷུང་དང་ལྷན་ཅིག་ཏུ། ། རློམ་སེམས་རི་བོ་རྨང་ནས་ཞིག ། རྗེ་ཡིས་རང་གི་དག་པའི་འཁོར་སློབ་ན། ། འདི་འདྲའི་རྣམ་དཔྱོད་མཁའ་ཡི་གྲྭ་གཅིག་ཏུ། ། ཤེས་བྱ་ཡུངས་འབྲུའི་ཚད་ལ་འགོད་མཁས་པ། ། མེད་ཅེས་གཞན་ལས་ཡང་ཡང་ཁྱད་དུ་བསྔགས། ། འཕགས་བོད་གཞུང་བརྒྱའི་དོན་བཟང་མཁའ་ལྡིང་སྙིང29། ། ཡེ་ཤེས་རྒྱ་མཚོའི་བཅུད་དུ་སྨིན་པ་ཉིད། ། དད་བརྩོན་ཤེས་རབ་རྒྱལ་མཚན་རྩེར་བཀོད་པས། ། ལེགས་བཤད་འདོད་དགུའི་དངོས་ཀུན་ཆར་དུ་བབས། ། གཞུང་དང་ལམ་དང་འབྲས་བུའི་ཤེར་ཕྱིན་གྱི། ། སྙིང་པོ་མངོན་པར་རྟོགས་པའི་གསེར་གྱི་རྒྱན། ། དངོས་བརྒྱད་བདུན་ཅུའི་དོན་བཟང30རིན་ཆེན་ཕྲས། ། མངོན་པར་མཛེས་པ་མགུལ་བའི་རྒྱན་དུ་བཞེས། ། གཡེལ་མེད་ཉིན་མཚན་བརྩོན་པའི་གསེར་གྱི་གྲུ། ། ཐོས་བསམ་མཐུན་པའི་རླུང་གིས་ཉེར་བསྐྱོད་པས། ། ཀླུ་སྒྲུབ་བཞེད་གཞུང་དབུ་མའི་ཆུ་གཏེར་ངོགས། ། ཡུད་ཀྱིས་ཕྱིན་པས་འཇིགས་བྲལ་སྤོབས་པ་བརྙེས། ། གུས་རྟག་བརྩོན་པས31ལོ་ཟླ་ཁོར་ཡུག་ཏུ། ། སྡེ་སྣོད་རྒྱ་མཚོའི་སྙིང་པོ་ལམ་རིམ་དང་། ། བྱང་ཆུབ་སེམས་སྦྱོང་དམར་ཁྲིད་གཟབ་བཤད་སོགས། ། རང་རྒྱུད་འདུལ་བའི་གདམས་པ་མཐའ་ཡས་གསན། ། གསང་ཆེན་རྒྱུད་སྡེའི་ལྷ་ཚོགས་དུ་མ་ཡི། ། དབང་དང་རྗེས་གནང་རིགས་གཏད་སྒོམ་ལུང་དང་། ། དམ་པ་མང་པོའི་བཀའ་འབུམ་བཀླག་ལུང་སོགས། ། ཇི་སྙེད་གསན་པ་ཡི་གེས་མཚོན་མི་ནུས། ། སྒྲ་དོན་གབ་ཚིག་རྒྱན་མང་རིན་ཆེན་ཕྲེང་། ། དཎྜིའི་གཞུང་ལུགས་གསེར་གྱི་སྲད་བུ་ལ། ། མངོན་པར་བསྟར་བ་རི་མོ་གསུམ་པ་ཡི། ། རྒྱན་དུ་ཐོབ་པས་ཀུན་དགའི་ཚོར་བ་འཕེལ། ། ངག་དབང་དབྱངས་ཅན་ཟླ་བ་ནོར་བུའི་འོད། ། ཕྱོགས་ལས་རྣམ་རྒྱལ་མི་ཕམ་རྣམ་དཔྱོད་ཀྱི། ། དཔྱིད་དུ་སྨིན་པས་སྙན་ཚིག་དྲི་བསུང་འབུམ། ། ཅི་དགར་སྤྲོ་ལ་ཟླ་དང་བྲལ་བ་ཉིད། ། ཤེས་བརྩོན་གསེར་གྱི་ཤིང་རྟས་བགྲོད་པ་ཡིས། ། བཅུ་ཕྲག་རིག་གནས་འཕང་མཐོ་རི་བོའི་རྩེར། ། ཡུད་ཀྱིས་བྱོན་ཏེ་ཕྱོགས་རྣམས་ཐམས་ཅད་ལས། ། རྣམ་རྒྱལ་གྲགས་པའི་བ་དན་དཀར་པོ་བསྒྲེངས། ། བརྒལ་བརྟག32གཡུ་རལ་ལུང་རིགས་རི་མོའི་རལ་གྲི་ཡིས། ། འདེབས་པར་བརྩོན་རྣམས་ངལ་བའི་གནས་ལས་ཅི། ། ཕྱོགས་རེར་སྦྱངས་པས་བློ་མིག་བྲལ་བ་འགའ། ། ཚེགས་ཆེ་དོན་ཆུང་རྡོ་བའི་སྟེགས་བུ་ལ། ། འཛེགས་ཏེ་གཞུང་དོན་ཟླ་བ་འཛིན་འདོད་པ། ། དོན་མེད་རང་སྡུག་རིན་གྱིས་ཉོས་པར་ཟད། ། རིགས་པ་མི་བཟད་ང་རོའི་སྒྲ་གཅིག་གིས། ། ཕས་རྒོལ་གླང་བོ་སྟོང་ཕྲག་འགྱེལ་བའི་ལྕིད། ། མ་ཐེག་ནོར་འཛིན་འདི་ཡང་འགས་སྙམ་ན། ། རྩོད་དུས་རྩོད་པའི་ཟླ་བོར་སུ་ཞིག་སྙེམས། ། ཞེས་འཇམ་མགོན་སྨྲ་བའི་དབང་ཕྱུག་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་ཐོག་མཐའ་བར་དུ་དགེ་བ་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་ལས་ཐོག་མར་དགེ་བའི་གཏམ་གྱི་སརྒ་སྟེ་དང་པོའོ། །

བསོད་ནམས་འོ་མའི་རྒྱ་མཚོ་འཕྱུར་བ་ལས། ། དྲི་མེད་ཤེས་རབ་ནོར་བུའི་གཏེར་རྡོལ་བས། ། རྒྱལ་བསྟན་རྒྱ་མཚོའི་གསང་མཛོད་འཛིན་པ་ལ། ། གཞན་དྲིང་མི་འཇོག33རང་དབང་ཉིད་དུ་སྤྱོད། ། མཁྱེན་རབ་ལི་ཁྲིའི་འོད་ཀྱི་ཐིག་ལེ་ཡིས། ། གཞི་ལྔའི34རང་སྤྱིའི35ཨུ་དུམ་ཝ་རའི་འཛུམ། ། མངོན་པར་ཕྱེ་བས་ཆོས་མངོན་སྦྲང་རྩིའི་རྡུལ། ། སྐལ་བཟང་རྐང་བ་དྲུག་པའི་གསོས་སུ་སྨིན། ། ཐུབ་པའི་ཞལ་ཆབ་དྲོན་མོ་ལུང་སྡེ་བཞིའི36། ། བརྗོད་དོན་ཚོམ་བུར་བསྡུས་པ་འདུལ་བའི་མདོ37། ། འཕགས་བོད་འདུལ་འཛིན་གོང་མའི་ལེགས་བཤད་ཀྱིས། ། བཀྲལ་བའི་དགོངས་དོན་མ་ནོར་ཇི་བཞིན་གཟིགས། ། དུས་གསུམ་ཆང་གིས་མྱོས་པ་ཡིད་ཀྱི་གླང་། ། དགག་སྒྲུབ་གནང་བའི་བཅས་ཁྲིམས་ལྕགས་ཀྱུ་ཡིས། ། ལེགས་བཏུལ་དྲན་ཤེས་བག་ཡོད་རྭ་བ་ལས། ། ནམ་ཡང་མི་འདའ་འཕགས་པ་དགྲ་བཅོམ་བཞིན། ། ནམ་མཁའ་མཐའ་ཀླས་རྒྱལ་བ་རྒྱ་མཚོའི་གསང་གསུམ་རྒྱན་གྱི་འཁོར་ལོ38ཡི། ། ངོ་མཚར་སྒྱུ་འཕྲུལ་དྲ་བའི་རོལ་གར་བརྟན་གཡོ་ཅིར་ཡང་འཆར་བ་ལས། ། དེང་འདིར་མཆོག་གསུམ་འདུས་པའི་ཚོམ་བུ་གསུམ་ལྡན་རྡོ་རྗེ་འཛིན་པ39ཡི། ། ཟློས་པའི་གར་དུ་མངོན་པར་བཞེངས་པ་དུ་མའི་ཞབས་ལ་ཁྱོད་ཀྱིས་གཏུགས། ། ཟབ་གསང་ཆོས་ཀྱི་རྒྱ་མཚོ་དེ་དག་ལས། ། དབང་ཁྲིད་ལུང་གསུམ་ཆོས་རྒྱུན་བདུད་རྩིའི་ཀླུང་། ། དད་བརྩོན་ཡུར་བའི་ལམ་ནས་ཉེར་དྲངས་པ། ། གང་ཐུགས་པདྨའི་རྫིང་བུར་ཡུན་དུ་བསྐྱིལ། ། བཀའ་བབས་སྙན་བརྒྱུད་ཚད་མའི་རྒྱལ་སྲིད་ཆེ། ། མཐའ་དག་རང་གིར་སྤྱོད་པ་འདི་ཁོ་ན། ། རང་སྲིད་ལ་གུས་སྒྲུབ་བརྒྱུད་དམ་པའི་ཚོགས། ། ཀུན་ལ་གདུང་སེལ་ངལ་གསོའི་རྔ་ཡབ་ཉིད། ། སླར་ཡང་དྲང་ངེས་གསུང་རབ40མཐའ་ཡས་པར། ། དབུ་ཚད་རིགས་པ་བསྡེབས་པའི་དྲ་བ་ནས། ། དཔྱད་པས་ཟླ་བའི་ཞབས41དང་ཆོས་ཀྱི་གྲགས42། ། གཅིག་གྱུར་རྩོད་དུས་འཛམ་གླིང་རྒྱན་དུ་གྲུབ། ། རྒྱ་བོད་ཡུལ་གྱི་གྲུབ་མཐའ་མ་ལུས་པའི། ། ལྟ་སྒོམ་ཕྲ་མའི་སྲོལ་ཡང་མ་འདྲེས་པར། ། ལེགས་པར་ཕྱེད་པའི་རྣམ་དཔྱོད་འདི་འདྲ་ན། ། བློ་བཟང་རྒྱལ་བའི་མཚན་ཡང་འཕྲོག་ལ་དོགས། ། ཕྱི་ནང་ཐུན་མོང་ཐུན་མོང་མ་ཡིན་པའི། ། བཅུ་ཕྲག་རིག་གནས་སྐལ་ལྡན་ཤིང་རྟའི་ཀླུང་། ། གང་གི་མཁྱེན་དཔྱོད་ལྟོ་བར་བསྐྱིལ་ཟིན་ཀྱང་། ། ད་དུང་ཐོས་པས་མི་ངོམས་ཚུལ་འདི་ཅི། ། མེ་དཔུང་འབར་བས་སྙིང་ལ་འཇིགས་སྟེར་བ། ། རྒོད་མ་ཁ་ཡིས་རྒྱ་མཚོའི་ཆུ་འཐུངས་ཀྱང་། ། ད་དུང་མི་ངོམས་རྟག་ཏུ་འབར་བཞིན་དུ། ། རི་གླིང་རྒྱ་མཚོར་བཅས་པའི་མཐའ་ལ་འཁྱུད། ། ཤེས་བྱ་རབ་འབྱམས་སྤྱི་དང་ཁྱད་པར་དུ། ། རྒྱལ་ཀུན་གསང་གསུམ་སྙིང་པོ་འདུས་པ43སོགས། ། ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་གསང་དོན་ལ། ། སྐྱེས་པ་ཐོབ་པའི་སྤོབས་པ་བླ་ན་མཐོ། ། མདོ་དང་རྒྱུད་སྡེར་བཅས་པ་ཡི། ། བསྟན་པ་ཡོངས་རྫོགས་བཤད་སྒྲུབ་ལ། ། ཕྱོགས་སུ་ལྷུང་མིན་དབང་འབྱོར་བས། ། སྨྲ་བའི་ཉིད་བྱེད་གཅིག་པུར་འཁུམས། ། འཇམ་དཔལ་རྡོ་རྗེ་ཡེ་ཤེས་ལྷའི། ། སྒྱུ་འཕྲུལ་དྲ་བའི44གསུང་རབ་ཀྱི། ། སྙིང་པོར་གྱུར་པ་གསང་ཆེན་མཛོད། ། མ་ལུས་རང་དབང་ཉིད་དུ་སྤྱོད། ། ཞེན་ལོག་རྣོ་རྒྱུན་འབར་བ་རལ་གྲིའི་རྩེས། ། རྙེད་བཀུར་འདུ་འཛི་ལྕགས་ཀྱི་ལུ་གུ་རྒྱུད། ། ལྷག་མེད་བཅད་དེ་དབེན་པའི་བསྟི་གནས་སུ། ། ཡང་དག་ལམ་གྱི་ཏིང་འཛིན་མནལ་དུ་ཡུར། ། ལུས་ངག་རྡུལ་དུ་རློག་པའི་དཀའ་ཐུབ་ཀྱིས། ། ཆེ་བ་བཞི་ལྡན་ལམ་གྱི་དཔྱད་འཇོག་སྒོམ45། ། ཐུན་དང་ཐུན་མཚམས་རིམ་པས་ཉམས་བཞེས་པས། ། བཀའ་བསྟན་གཞུང་བརྒྱ་མ་ལུས་གདམས་པར་ཤར། ། ཡོངས་རྫོགས་ལམ་གྱི་ཉམས་ལེན་རྣམ་དག་གིས། ། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ46དང་། ། གསུང་རབ་གདམས་པར་འཆར47ཞེས་གང་གསུངས་པ། ། དེ་དེ་མགོན་པོ་ཁྱོད་ལ་མངོན་སུམ་ཉིད། ། སངས་རྒྱས་ཀུན་གྱི་བླ་མས་རང་གི་མཚོན། ། བྱིན་པའི་མོད་ལ་སྟོང་བའི་མཛའ་ན་མོར། ། འཁྱུད་པའི་མངོན་དགའ་རྒྱས་པས་དུས་མཐའ་ན། ། ཀླུ་སྒྲུབ་སྙིང་པོའི་གདུང་འཚོབ་ཁྱོད་མིན་སུ། ། བླ་མེད་བྱང་ཆུབ་ཐོབ་པར་འདོད་པ་ཡི། ། དམ་བཅའི་སྙིང་པོ་རིན་ཆེན་མུ་ཏིག་ཚོགས། ། བདག་དོན་གཅེས་འཛིན་བློ་ངན་ཆོམ་རྐུན་གྱིས། ། འཕྲོག་པར་མ་ནུས་ཐབས་ཤེས་མཛོད་དུ་སྦས། ། སྔོན་འགྲོའི་ཆོས་ཟབ་མཁའ་ལྡིང་སྔོན་སྐྱེས48བླ་མེད་ཤུགས་ཀྱིས་མདུན་བསུས་པའི། ། བྱང་ཆུབ་རྡོ་རྗེའི་ཞལ་ཆབ་དྲོན་མོ་རིམ་གཉིས་ཏིང་འཛིན་མ་ཟླུམ་པ། ། མཚན་འཛིན49སྤྲོས་པའི་སྤྲིན་ཚོགས་ཉེར་ཞི་ཤེས་བརྩོན་འོད་ཀྱི་གདེངས་ཀ་ཡིས། ། སྨིན་གྲོལ་པད་ཚལ་དུས་གཅིག་བཞད་པས་དཀར་ཆོས་སྦྲང་རྩི་འབུམ་དུ་འཛག ། སར་གནས་དཔའ་བོ་ཀུན་ཏུ་བཟང་། ། ཡེ་ཤེས་མེ་ལོང་འཇམ་པའི་དཔལ། ། བརྟུལ་ཞུགས་གྲུབ་པ་དྲིལ་བུ་བའི50། ། ངོ་མཚར་ཡོན་ཏན་གཅིག་ཏུ་བསྡུས། ། ཞི་བ་བསིལ་བ་མྱང་འདས་ཀྱི། ། གཡུང་དྲུང་གོ་འཕང་ས་ཆེན་ཁྱོན། ། གསང་ཆེན་མྱུར་ལམ་གོམ་གཅིག་གིས། ། གཞལ་ལ་བློ་ལྡན་སུ་མི་མཚར། ། གང་ཚེ་སྙིང་སྟོབས་ཕྲག་པ་རབ་ཡངས་པས། ། དམ་ཆོས་འཛིན་པའི་རང་བྱུང་རྒྱལ་པོའི་དཔལ། ། བརྙེས་པའི་བདེན་གཏམ་མར་མེ་སྣང་བའི་འཛུམ། ། བསླུ་མེད་ཤཱཀྱ་སེངྒེའི་ལུང་ལས་ཤར། ། ཟབ་གསང་སྨིན་གྲོལག་ལམ་བཟང་གངྒཱ་མ། ། གེགས་སེལ་བོགས་འདོན་ཀླུ་བརྒྱའི་གྲོགས་དང་བཅས། ། ཕྱིར་མི་ལྡོག་པར་བྱང་ཆེན51རྒྱ་མཚོ་ཡི། ། ཀློང་ཡངས་གཞོལ་བའི་འཕྲུལ་འདི་ཐབས་ཀྱི་ཕུལ། ། འཕགས་བོད་མཁས་གྲུབ་གཞུང་བཟང་རིན་ཆེན་ཚོགས། ། འཇམ་མགོན་མཁྱེན་རབ་གསེར་གྱི་སྲད་བུ་ལ། ། མངོན་པར་བརྒྱུས་པའི་དགོངས་ཟབ་སེ་མོ་དོ52། ། རྣམ་དཔྱོད་གཞོན་ནུའི་རྒྱན་དུ་ཅི་ཡང་མཛེས། ། རང་བྱུང་བྲག་ཕུག་བསྟེན་པའི་གཅིག་རི་པ། ། བླ་མའི་ཞལ་ཆབ་བདུད་རྩིས་མྱོས་པ་ཡིས། ། རབ་དགའི་གླུ་དབྱངས་བླངས་པ་ཞིང་ཀུན་ཏུ། ། ཀུན་བཟང་མཆོད་པ་སྤྲིན་གྱི་རོལ་མོ་བཞིན། ། ལྷ་དང་བླ་མས་དངོས་སུ་བྱིན་ཕབས་ཤིང་། ། བཀའ་བསྟན་གདམས་པར་རྫོགས་པའི་རྣམ་དཔྱོད་དང་། ། ཉམས་རྟོགས་ཀློང་དུ་རྡོལ་བའི་ངོ་མཚར་གཏམ། ། ཅིར་ཡང་སྦས་པའི་གསང་བ་ཟད་དུ་མེད། ། ཅེས་འཇམ་མགོན་སྨྲ་བའི་དབང་ཕྱུག་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་ཐོག་མཐའ་བར་དུ་དགེ་བ་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་ལས་བར་དུ་དགེ་བའི་གཏམ་གྱི་སརྒ་སྟེ་གཉིས་པའོ། །

སྔོན་མེད་ལེགས་བཤད་འོད་ཀྱི་གདུགས་དཀར་པོ། ། ཀུན་བཟང་ཞིང་གི་རྒྱན་དུ་འཁོར་བ་ཡིས། ། དགེ་ལྡན་བཤད་སྒྲུབ་ངོ་མཚར་ཀུན་དའི་ནགས། ། རྣམ་ཀུན་འབྱེད་པའི་འཕྲིན་ལས་ཟད་མི་ཤེས། ། རྒྱལ་ཀུན་ཡེ་ཤེས་ཟླ་བའི་ཆ། ། མ་ལུས་ཀུན་ནས་རབ་རྫོགས་པ། ། སྲིད་ན་མངོན་པར་གསལ་བ་ཡིས། ། བདུད་ཀྱི་དཀྱིལ་འཁོར་ཟིལ་གྱིས་མནན། ། འཇིགས་མེད་མཁྱེན་རབ་སྤྱན་དཀྱུས་རིང་པོ་ཡིས། ། ཤེས་བྱའི་མཁའ་མཐའ་གཞལ་དང་ལྷན་ཅིག་ཏུ། ། ཟབ་རྒྱས་དམ་ཆོས་བཤད་སྒྲུབ་རྒྱ་ཆེན་མཚོ། ། འཕྱུར་བའི་རླབས་ཕྲེང་ཀུན་གསལ་དོག་པོར་འགེང་། ། རབ་བཞིན་འོད་གསལ53ནམ་མཁའ་བཞིན། ། སྤྲོས་པའི་མཐའ་དང་བྲལ་བ་ཡི། ། རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཀྱིས། ། ཤེས་བྱའི་དཀྱིལ་འཁོར་ཡང་དག་གཟིགས། ། དགེ་ལེགས་འདོད་རྒུ་ཆར་དུ་འཇོ་བའི་ཞབས་སེན་ནོར་བུ་འོད་འབར་བ། ། འདབ་བརྒྱད་ཆུ་སྐྱེས་ཟེའུ་འབྲུས་རབ་མཛེས་མི་ཤིགས་རླུང་སེམས་འོད་ཀློང་དུ། ། རྟག་བརྟན་འགྱུར་མེད་བདེ་སྟོང་དབྱིངས་སུ་ནམ་ཡང་བརྗེད་མེད་བསྟེན་པ་ལས། ། མི་ཤེས་ཀུན་རྨོངས་ལྕགས་སྒྲོག་རྣམ་གྲོལ་ཡང་དག་ཆོས་ཀྱི་གཏེར་བརྒྱ་རྡོལ། ། མཁའ་ལ་ཉི་འོད་རྩེ་དགའ་རྒོད། ། ས་ལ་འདབ་བརྒྱའི་མཆུ་སྒྲོས་འཛུམ། ། ངོ་མཚར་ཟིལ་དངར་བཅུད་དུ་རྫོགས། ། སྦྲང་རྩིའི་བུ་མོ་གླུ་དབྱངས་ལེན། ། ཡང་དག་དམ་ཆོས་བདེན་པའི་གསུང་། ། འབད་མེད་ལྷུན་གྱིས་གྲུབ་པ་ཡིས། ། གསང་བ་བསམ་མི་ཁྱབ་པའི་དབྱངས། ། ལེགས་ལམ་སྟོན་པའི་རོལ་མོ་ཆེར། ། འཕགས་བོད་མཁས་གྲུབ་གཞུང་མང་དགོངས་ཟབ་གནད། ། ན་མོར་མ་འདྲེས་ལག་མཐིལ་རྫས་ཇི་བཞིན། ། གསལ་བར་སྟོན་པ་ཁོ་བོའི་སྐལ་བའོ་ཞེས། ། མགྲིན་པ་བསལ་ནས་འཛུམ་པའི་དམངས་ཀྱིས་འཆད། ། མདོ་རྒྱུད་རྒྱ་མཚོའི་དགོངས་དོན་ཟབ་མོའི་གཏམ། ། གདུལ་བྱའི་རྣ་བར་སྐྱེལ་ལ་ཁོང་གཟོ་ཞིང་། ། བསྡུས་དོན་རྒྱས་བཤད་སྨྲ་ལ་མཁས་པའི། ། བློ་གསལ་བློ་གྲོས་མི་འཕེལ་རང་དབང་ཅི། ། དེང་དུས་ན་ཚོད་ཕྲ་མོའི་གཞོན་ནུ་ལ། ། དབྱངས་གསལ་ཡི་གེ་ཞིབ་མོར་སློབ་པ་བཞིན། ། གང་ལ་གང་འཚམ་གོ་རིམ་མ་འཆོལ་བར། ། སྟོན་མཁས་བཟང་པོའི་ཐབས་ཀྱིས་བཟང་པོར་བསྒྲུབས། ། བཟློག་མེད་ཐལ་འགྱུར་རླུང་ཤུགས་ཀྱིས་བསྐུལ་བའི། ། རིགས་ལམ་རིགས་པའི་འཕྲུལ་ལྡན་འབར་བའི་མེས། ། ལོག་རྟོག་ཀུན་རྨོངས་དུག་ཚེར་འཛིངས་པའི་ནགས། ། ལྷག་མེད་བསྲེགས་པའི་དམར་འོད་མཁའ་ལ་བསྙེགས། ། ཡུམ་ཆེན་རྒྱས་འབྲིང་བསྡུས་པ54ཡི། ། སྦས་དོན་གསལ་བྱེད་མངོན་རྟོགས་རྒྱན55། ། བཤད་བྱ་རྩ་བའི་མདོ་སོ་སོར། ། སྦྱོར་བའི་ལེགས་བཤད་བགོ་སྐལ་འགྱེད། ། འགྲེལ་ཆེན་འགྲེལ་ཆུང་གསེར་ཕྲེང་རྣམ་བཤད་དང་། ། མདོ་དབུས་གྲྭ་སོ་སོའི་ཡིག་ཆའི་གཞུང་། ། སྐབས་སུ་གང་འོས་སྦྱར་ཏེ་ཟབ་རྒྱས་དོན། ། མ་ནོར་མ་འདྲེས་འཆད་ལ་ཐོགས་པ་མེད། ། སྨྲ་བའི་ཟླ་བ་ཀླུ་སྒྲུབ་ཡབ་སྲས་ཀྱི། ། རྩ་འཇུག་བཞི་གསུམ56དགོངས་འགྲེལ་ཡང་འགྲེལ་དང་། ། སྤྱི་ཐལ་ལུང་རིགས་མཐའ་ཡས་དཀར་པོའི་འབྲུ། ། ཐང་མར་བརྡལ་བའི་དགའ་སྟོན་ཟད་མི་ཤེས། ། སོ་སོ་རང་གི་རིག་པའི་སྤྱོད་ཡུལ་ལས། ། སྒྲ་རྟོག་སྨྲ་བརྗོད་ཡུལ་ལས་འདས་གསུངས་ན། ། ཀླུ་སྒྲུབ་བློ་བཟང་བཞེད་གཞུང་དབུ་མའི་དོན། ། བདེན་གཏམ་དབྱངས་ཀྱིས་མཚོན་པ་འདི་ཅི་ཞིག ། འཕགས་བོད་ཚད་ཐུབ་དབུ་མའི་གཞུང་བཤད་དང་། ། སྙན་བརྒྱུད་ཕྱག་རྒྱ་ཆེན་པོའི57ངོ་སྤྲོད་གཉིས། ། གཅིག་བསྡེབས་བརྒྱ་ཕྲག་འཆད་པའི་ངོ་མཚར་འདི། ། ལྗོངས་འདིར་ཆེན་པོ་ཕལ་ལའང་བྱུང་རེ་སྐན། ། སྡེ་བདུན་བྱེ་བྲག་བཤད་པ་ཆོས་མངོན་མཛོད58། ། རྩ་འགྲེལ་ཐལ་ཕྲེང་དགོངས་དོན་གོ་ལའི་ལམ། ། རྣམ་དཔྱོད་ཉི་མ་ཟླ་བའི་རང་འགྲོས་ཀྱིས། ། གཞལ་བཞིན་ལེགས་བཤད་འོད་ཀྱི་རྩེ་དགའ་འགྱེད། ། བྱམས་ཆོས59ཀུན་དང་འཕགས་པའི་ས་སྡེའི་གཞུང60། ། རིང་མོ་ཞིག་ན་ས་ལྐོག་ཏུ་མནལ་ཐབས་ཆགས། ། དུས་འདིར་ཁྱོད་ཀྱི་ལྗགས་རྩེ་གཞོན་ནུའི་མར། ། རོལ་རྩེ་གར་གྱི་ཡ་མཚན་གཟུགས་ཅན་བཞིན། ། འདུལ་ལུང་སྡེ་བཞིའི་སྙིང་པོ་འདུལ་བའི་མདོ། ། རྒྱ་ཆེར་འགྲེལ་སོགས་འཕགས་བོད་གཞུང་བརྒྱའི་དོན། ། མ་ལུས་དགག་སྒྲུབ་གནང་གསུམ་ལག་ལེན་དུ། ། དྲིལ་བའི་བདུད་རྩི་སྨན་གྱི་མྱུ་གུ་སྤེལ། ། མདོ་དང་སྡེ་བདུན་རིགས་པའི་གཞུང་ལུགས61གསེར་གྱི་པདྨོ་འཛུམ་པ་ལས། ། དོན་བཟང་སྦྲང་རྩི་བཅུད་དུ་འཛག་པ་མཁྱེན་དཔྱོད་བུང་བས་གཞིབ་པ་ལས། ། སྟོན་དང་བསྟན་པ་ནམ་ཡང་བསླུ་མེད་ཚད་མར་ངེས་པར་རྙེད་པ་ཡི། ། སྟོན་མེད་ལེགས་བཤད་དབྱངས་ཀྱི་རོལ་མོ་སོས་ཀྱི་དུས་སྟོན་ཡི་གར་འོང་། ། གཞན་ཡང་སྐྱེས་ཚོམས་བསླབ་སྤྱོད་དང་། ། ས་རྒྱན62སྦྱར་བའི་ལེགས་བཤད་ཀྱི། ། ཆེས་དཀར་མུཀྟི་ཀ་ཡི་ཕྲེང་། ། དཔྱོད་ལྡན་མགྲིན་པའི་རྒྱན་དུ་སྤེལ། ། སྐྱེ་རྒུའི་སྙིང་ལ་ཉལ་བ་རྟག་པའི་མུན། ། ཅིག་ཆར་སེལ་བའི་སྒྲོན་མེ་ཕུལ་བྱུང་བ། ། བྱང་ཆུབ་ལམ་གྱི་རིམ་པའི་བཤད་ཁྲིད་དང་། ། ཉམས་མྱོང་ཚད་མའི་བདུད་རྩི་རིམ་བཞིན་སྩལ། ། ལོ་ཟླ་ཁོར་མོ་ཡུག་དང་དུས་བཞི་ཡི། ། ཉིན་དང་མཚན་དུ་འཆད་ཉན་བཤད་སྒྲུབ་ཀྱིས། ། ནམ་ཡང་སྐྱོ་མེད་སྐྱེས་བུ་དམ་པ་ནི། ། བསྟན་འཛིན་ཆེན་པོ་ཡིན་པར་ཅིས་མི་ཤེས། ། འཇམ་མགོན་ཐུགས་བཅུད་ལམ་རིན་ཆེན་མོ་ཞེས། ། དགེ་ལྡན་བསྟན་འཛིན་ཡོངས་ཀྱི་སྤྱི་ནོར་ཏེ། ། ཕྱིས་སུ་རྡུལ་མང་བརྩེགས་པའི་གོས་གྱོན་ནས། ། ཆོས་ཁྲིའི་མལ་དུ་ལྡང་བ་མེད་པར་མནལ། ། གང་གི་ངོ་མཚར་མཁྱེན་རབ་དབྱུག་གུ་ཡིས། ། གཟབ་བཤད་གསེར་གྱི་རྔ་ཆེན་བརྡུངས་པའི་སྒྲས། ། གཡོ་མེད་ཏིང་ངེ་འཛིན་ལས་སླར་བཞེངས་ཏེ། ། སྐལ་བཟང་བློ་གསལ་བྱེ་བའི་དཔལ་དུ་གྱུར། ། བློ་བཟང་འཆད་རྩོད་རྩོམ་པའི་དཔལ་ལྡན་འཇིགས་མེད་སེངྒེ་ང་རོའི་དབྱངས། ། རྟག་ཏུ་ཆོས་འཚོལ་བས་མི་རོམས་སྐལ་བཟང་རྣ་བའི་བདུད་རྩི་རུ། ། རྒྱུན་ཆད་མེད་པ་དུས་དང་དུས་སུ་བརྩེ་བས་སྒྲོག་པར་མཛད་པ་ཡིས། ། ཐུབ་བསྟན་སྙིང་པོའི་བཤད་སྒྲུབ་རྒྱ་མཚོ་མཁའ་ལ་འཕྱུར་བའི་རྩེ་དགའ་འཛིན། ། གཞུང་ལུགས་ཆེན་པོར་མ་སྦྱངས་ཕོ་ཚོད་དང་། ། ཕྱོགས་རེའི་ངག་སྒྲོས་ཐན་ཐུན་ཙམ་མིན་པར། ། དཔྱད་གསུམ་གྱིས་དག་ལུང་རིགས་དྲི་མེད་སྒོས། ། མང་ཐོས་གདོང་ལྔའི་གཡུ་རལ་གནམ་དུ་གསིག ། ཨེ་མ་སྐལ་བཟང་བློ་ལྡན་རྣམས། ། སྲིད་ན་རྙེད་དཀའི་ལེགས་བཤད་དབྱངས། ། ཉན་བཟོད་ཐོས་པ་འཛིན་པ་ཡང་། ། བསོད་ནམས་བྱེ་བས་བསྐྲུན་མིན་ནས། ། འཇིགས་མེད་བདེན་གསུང་དམ་ཆོས་ནཱ་དའི་གླུ། ། སྙན་རྒུར་ལེན་པ་རྒྱལ་བ་རྒྱ་མཚོ་ཡིས། ། བསྟན་པ་སྐྱོང་ཕྱིར་མགྲིན་གཅིག་དབང་སྐུར་པའི། ། ངོ་མཚར་བཀྲ་ཤིས་དར་དཀར་སྲིད་རྩེར་འཕྱར། ། སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། ། ལེགས་གྲུབ་ཆེ་བ་བཞི་ལྡན་ལམ་རིམ་གྱི། ། འཆད་ཉན་འདི་དང་འདི་འདྲ་ཁོ་ན་ཡིས། ། བློ་ལྡན་སྐྱོང་བར་མཛོད་ཅེས་ཐལ་མོ་སྦྱོར། ། འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཏི་ལ་ཀཿ63། ། རྗེས་ཆགས་སྙིང་རྗེའི་མངལ་དུ་བསྐྱེད་བསྲིངས་པ། ། དུས་འདིར་མཁས་དགུའི་ཟུར་ཕུད་ལ་འཛེགས་ནས། ། གྲུབ་པའི་གཞུང་ལམ་དབྱངས་ཀྱི་རྒྱུད་དུ་འདྲེན། ། རྒྱུད་སྡེ་རྒྱ་མཚོའི་གསང་བ་ཀུན་གྱི་གནད། ། རྣམ་པར་ཕྱེ་བའི་སྙིང་པོ་ངོ་མཚར་གཏམ། ། ཆིག་ཐུབ་སྨན་གྱིས་གདུལ་བྱ་མཐའ་དག་གི། ། རྣམ་མཁྱེན་སྲོག་གི་ཀ་བ་བརྟན་པོར་བཙུགས། ། འཇིགས་གསང་བདེ་དགྱེས་དུས་ཀྱི་འཁོར་ལོ་ཡི། ། རྩ་བཤད་ཕྱོགས་མཐུན་རྒྱུད་དང་རྒྱུད་འགྲེལ་སྐོར། ། འཆད་པའི་བཀའ་སྲོལ་འདྲ་དང་འདྲ་མིན་ཀུན། ། ཇི་བཞིན་གཟིགས་པས་འདོམས་པ་གཞན་ཡོད་མིན། ། རྣམ་མང་རྒྱུད་སྡེའི་ཆུ་ཀླུང་བྱེ་བ་བརྒྱ། ། བཤད་སྒྲུབ་རླབས་ཀྱི་འཁྲི་ཤིང་གཡོ་བཞིན་པར། ། རྡོ་རྗེ་གསང་གསུམ་ཀུན་འདུས་རྒྱ་མཚོ་ཆེར། ། གཞོལ་ཞིང་འབབ་པའི་གསང་དོན་དཔག་པར་དཀའ། ། གང་དེ་མཐའ་དྲུག་ཚུལ་བཞི64ཡི། ། ཕྱག་རྒྱས་བཏབ་པའི་མན་ངག་གནད། ། རིན་ཆེན་སིལ་མ་གྲོལ་བའི་མཛོད། ། སྐལ་ལྡན་ལེགས་བྲིས་དཔལ་དུ་ཆེ། ། མ་དང་མཁའ་འགྲོའི་ཞལ་རླངས་ཐུལ་བ་ཡི། ། འཇིགས་གསང་བདེ་དགྱེས་རྒྱུད་ཆེན་རྒྱ་མཚོ་ཡི། ། ཡང་སྙིང་རིམ་གཉིས་དམར་ཁྲིད་ཨ་མྲི་ཏ65། ། འཕགས་བོད་མཁས་གྲུབ་བཤད་སྲོལ་འཁྲུལ་མེད་སྩལ། ། རྒྱུད་དང་གྲུབ་ཆེན་བྱེ་བའི་ཐུགས་ཀྱི་བཅུད། ། སྙན་བརྒྱུད་མན་ངག་ཕྱག་བཞེས་ཕྲ་མོ་ནས། ། གེགས་སེལ་བོགས་འདོན་ཉམས་མྱོང་ཚད་མར་བཅས། ། ཐང་མར་བརྡལ་བའི་ངོ་མཚར་སུ་ཡིས་དཔྱོག ། འཁོར་དང་རྙེད་བཀུར་བསྡུ་ལ་རངས་དྲན་ནས། ། གནད་དོན་མ་མཐོང་མུན་པའི་ལག་ནོམ་གྱིས། ། མདོ་རྒྱུད་གཞུང་ཚད་འཆད་པའི་ཁུར་འཛིན་པ། ། དེ་དེ་སྙིང་རྗེའི་ཡུལ་ལས་གཞན་དུ་ཅི། ། ཁྱད་པར་ཟབ་དོན་དཀའ་བའི་གནས། ། མཁའ་དང་མཉམ་པ་ཉིད་གྱུར་པ། ། འཇམ་དཔལ་དགོངས་དོན་རྒྱ་ཆེའི་ཁྱོན། ། འཇལ་བྱེད་མཁྱེན་པ་དེ་བས་ཡངས། ། དེ་ཕྱིར་བློ་བཟང་རྒྱལ་བ་ཡི། ། མ་ལུས་གསུང་གི་ཕྲ་ཞིབ་ཀུན། ། འཇིགས་མེད་སེངྒེ་སྒྲ་སྒྲོགས་པར། ། དགེ་ལེགས་དཔལ་བ66ལས་ཀྱང་རྒྱལ། ། ཨེ་མ་ཁྱོད་ཀྱི་དཔྱོད་པའི་ཆ་ཤས་རེར། ། འཇམ་དཔལ་རྡོ་རྗེའི་ཡེ་ཤེས་སྟོབས་རྫོགས་ཏེ། ། བློ་བཟང་དགོངས་དོན་ཇི་བཞིན་འཆད་པ་དེ། ། མཆོད་འོས་བསྟོད་འོས་ཕྱག་གི་གནས་ལས་ཅི། ། མི་ཤིགས་ནཱ་ད་མཆོག་གི་རོལ་མོའི་སྒྲ། ། རྡོ་རྗེ་གསུམ67གྱི་གདངས་སུ་འཆར་བའི་འཕྲུལ། ། བརྐྱངས་པས་ཁྱོད་སྲས་མེ་ཏོག་ཚལ་གཅིག་གིས། ། ས་འདི་རྫོགས་ལྡན་གསར་བའི་དཔལ་དུ་བསྒྲུབས། ། ལྷག་པར་འཇིགས་མེད་གསུང་དབྱངས་ཉི་འོད་ཀྱིས། ། ཉེར་སྨིན་དག་པ་པདྨའི་དཀྱིལ་འཁོར་ཆེ། ། དགེ་ལེགས་དམ་ཆོས་སྦྲང་རྩིའི་འབྱུང་གནས་དེ། ། རྒྱལ་བ་རྒྱ་མཚོའི་གདུང་འཚོབ་ཉིད་དུ་གྱུར། ། དེ་ལྟའི་ཀུན་འདོམས་དགེ་ལེགས་ཆོས་ཀྱི་དབྱངས། ། དཔལ་སྟུག68བྱེ་བའི་མགྲིན་པའི་རོལ་མོ་བཞིན། ། ཐོག་མཐའ་བར་དུ་དགེ་བ་བདུད་རྩིའི་ཆར། ། ད་དུང་མི་ཟད་སྐྱེ་དགུའི་དཔལ་དུ་ཕོབས། ། ཇི་སྙེད་རིག་པར་བྱ་བ་ཤེས་བྱའི་གནས། ། སྦྱངས་ཤིང་འདྲིས་པར་མ་བྱས་དེ་གང་ཞིག ། དེ་དང་དེ་ཡི་དཀའ་བའི་གནས་རྣམས་ལ། ། ཆགས་ཐོགས་བྲལ་བའི69ངོ་མཚར་བརྗོད་མི་ནུས། ། དེ་ཕྱིར་ཡེ་ཤེས་ཆུ་འཛིན་བ་གམ་ནས། ། བཅུ་ཕྲག་རིག་གནས་མུ་ཏིག་ཟེགས་མའི་ཕྲེང་། ། ཟད་མེད་ཆར་དུ་འཇོ་བས་ས་གསུམ་གྱི། ། སྐལ་བ་བཟང་པོའི་མེ་ཏོག་ཅི་ཡང་བཞད། ། དང་པོ་བསྡུས་དོན་གསེར་གྱི་ཐུར་མ་ཡིས། ། བློ་མིག་མ་རིག་རབ་རིབ་ཀུན་བསལ་ཏེ། ། རྒྱ་ཆེན་གཞུང་དོན་ཕ་མཐའ་མེད་པའི་གཟུགས། ། བསྟན་ཅིང་རྟོགས་པར་མཛད་པའི་ཚུལ་འདི་མཚར། ། ལེགས་བཤད་དོན་དུ་གཉེར་བ་མཐའ་དག་གི། ། འདོད་དོན་གསོལ་བ་འདེབས་དགུ་དེ་དང་དེའི། ། རེ་བའི་ཤིང་རྟ་འགེངས་པ་འདི་འདྲ་ན། ། བཤེས་གཞན་ལ་རེའི་འདུན་པ་ཅིས་མི་ལྷོད། ། དེ་དང་དེ་ཡི་རྒྱུད་ལ་གཞུང་དོན་གྱི། ། དོན་མཐུན་གོ་བ་སྣ་གཅིག་བསྐྱེད་ཕྱིར་ཡང་། ། ཉིན་མཚན་ལོ་ཟླར་སྐྱོ་བ་མི་མངའ་བ། ། བློ་ཆེན་རྒྱལ་བའི་སྲས་ཀྱི་བརྩོན་འགྲུས་མཐུ། ། འདི་ན་རྣམ་ཀུན་ཐབས་ལ་མཁས་པ་དང་། ། ཡེ་ཤེས་ཉི་མ་མངོན་པར་གསལ་བའི་མཐུས། ། དཀའ་ཚེགས་ཆུང་ངུས་དོན་ཆེན་རྟོགས་མཛད་པའི། ། བཀའ་དྲིན་རི་བོ་ལས་ཀྱང་ཅིས་མི་ལྕི། ། དཎྜིའི་གཞུང་བཟང་པད་དཀར་ཚལ། ། རྣམ་དཔྱོད་ཉི་འོད་ཀྱིས་ཕྱེ་བའི། ། ལེགས་བཤད་མ་ངྷུ་ར70ཡི་བཅུད། ། སྐལ་བཟང་རྐང་དྲུག་ཚོགས་ལ་བསྟབས། ། དེའི་ཚེ་ངག་དབང་དབྱངས་ཅན་མ། ། རྗེས་ཆགས་དགོས་པའི་སྤྱན་ཟུར་གྱིས། ། རྗེས་བཟུང་གཞོན་ནུ་རྡོ་རྗེ་དཔལ། ། སྙན་ཚིག་པི་ཝང་སྦྲེང་ལ་བྲེལ། ། ལྷོ་ཕྱོགས་རྒྱ་མཚོ་འཕྱུར་བའི་གླུ་དབྱངས་ལ། ། ཚངས་ཆེན་རྗེས་ཆགས་ཉན་པའི་རྩེན་དགའ་ལས། ། བྱུང་བ་མ་ཡིན་ཚངས་པའི་བུ་མོ་ཞིག ། གསེར་ལྗོངས71དྲི་ཟ་དགའ་བའི་ཚལ་ན་རྒྱུ། ། གནའ་བོའི་སྲོལ་གྱི་མཁས་བྱ་མ་ལུས་པའི། ། གཟབ་བཤད་གལ་ཁྲིད་ཕྱག་ལེན་ཕྲ་ཞིབ་ནས། ། གསལ་བ་སྨྲ་བའི་ཉི་མ་འདི་ཅི་ཞེས། ། རྒྱལ་བ་རྣམས་ཀྱང་ཕྱོགས་འདིར་གཟུགས་མོར་གཡེངས། ། བརྩོན་པ་བརྒྱ་ཡིས་བྱི་དོར་བསྒྲུབས་པ་ཡི། ། མཐའ་ཡས་གཙུག་ལག་རིན་ཆེན་འོད་འབར་བས། ། འཇིག་རྟེན་དགེ་ལེགས་སྦྱིན་ཁྱོད་འཛིན་མའི་གཞི། ། རིག་པས་སྐྱོང་བའི་ཐུགས་བསྐྱེད་ལྷོད་མི་འཚལ། ། འཆད་རྩོད་རྩོམ་པའི་ལེགས་བཤད་ཀུན། ། རྒོལ་བ་ངན་པའི་ལྟར་སྣང་གི། ། ལུང་རིགས་རྐྱེན་གྱིས་མི་གཡོ་བའི། ། བརྟན་ཅིང་བརླིང་བ་རི་བོ་བཞིན། ། ཇི་ལྟར་བཤད་ཅིང་འཐད་པ་དང་། ། ཅི་ཙམ་བཤད་ཀྱང་རན་པ་དང་། ། ས་བཅད་གོ་རིམ་གཞུང་དོན་ཀུན། ། ནམ་ཡང་མི་འཁྲུགས་རྒྱ་མཚོ་བཞིན། ། བློ་གསལ་དགའ་བ་བསྐྱེད་པ་དང་། ། རྨོངས་པའི་མུན་ཚོགས་འཇོམས་པ་དང་། ། ཤེས་རབ་པདྨོ་བཞད་བྱེད་ཅིང་། ། ཀུན་ལ་ཕན་པས་ཉི་མ་བཞིན། ། བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ72མ་ལུས་པ། ། འཆོས་སྐྱོབ73དབྱངས་བདུན་རྫོགས་པ་ནཱ་དའི་གླུར། ། མཐའ་ཡས་གདུལ་བྱའི་ཁམས་དང་རྗེས་སོང་བའི། ། གྲགས་པ་འཇིག་རྟེན་འདི་ན་ཅི་ཡང་སྙན། ། དོན་མཐུན་གྲགས་པ་བཀྲ་ཤིས་དུང་དཀར་དབྱངས། ། བློ་ལྡན་སྐལ་བཟང་རྣ་བའི་བདུད་རྩི་སྟེ། ། ཕྱོགས་ལྷུང་ཕྲག་དོག་ཉེས་པས་གཙེས་པ་ཡིས། ། ཐོས་འཛིན་ཉམས་རྣམས་རང་སྐྱོན་ཁུར་གྱིས་གནོང་། ། ཁྱོད་ཡོན་ཕྱི་ནང་གསང་བའི་ཆ་རེ་ཡང་། ། དུས་དང་མི་འཚམ་རྒྱལ་བའི་སྤྱོད་ཡུལ་བས། ། དག་པའི་ཞིང་ནའང་བཙུགས་པའི་བ་དན་བཞིན། ། ཚུལ་དེ་གླེང་བའི་རོལ་མོ་སྙན་དགུར་ཁྲོལ། ། བློ་གྲོས་བཟང་ལྡན་གདུལ་བྱ་སྐྱོང་བའི་ཕྱིར། ། འཆད་རྩོད་རྩོམ་པ་ཀུན་དགའི་དཔལ་ལྡན་པ། ། རིན་ཆེན་རྣམ་གསུམ74མཁས་པའི་འཕྲིན་ལས་ཀྱིས། ། ཟིལ་གནོན་ཕྱག་རྒྱའི་རི་མོ་འོད་དུ་འབར། ། འཕྲིན་ལས་ཉི་འོད་གསར་བའི་གུར་ཀུམ་མདངས། ། གསེར་གྱི་རི་མོ་ཇི་བཞིན་ཡིད་འོང་བ། ། བྱང་ཕྱོགས་ལྷོ་རྒྱུད་རི་བོའི་ངོས་ཡངས་པོར། ། འཁྱུད་པའི་ངོ་མཚར་སྣང་བ་གཞིག་ཏུ་མེད། ། ཅེས་འཇམ་མགོན་སྨྲ་བའི་དབང་ཕྱུག་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་ཐོག་མཐའ་བར་དུ་དགེ་བ་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་ལས་ཐ་མར་དགེ་བའི་གཏམ་གྱི་སརྒ་སྟེ་གསུམ་པའོ། །

སླར་ཡང་སྨྲས་པ། རྒྱལ་བའི་མེས་པོར་མངོན་པར་བྱང་ཆུབ་ནས། ། གང་འདུལ་དྲ་བ་ནམ་མཁའི་མཐར་སོང་སྟེ། ། ལེགས་བྱས་གུར་ཀུམ་དོག་པའི་འཛུམ་གཅིག་གིས། ། ཞིང་བརྒྱ་འོད་ཀྱིས་འགེངས་པ་གཞལ་ཡོད་མིན། ། དད་གུས་ཟུང་འཇུག་ཡ་མ་བྲལ་བས་ཚད་ཐུབ་མཁས་གྲུབ་མང་བསྟེན་ནས། ། མདོ་སྔགས་ཟུང་འཇུག་ཡ་མ་བྲལ་བར་ཡུན་རིང་སྦྱངས་པས་དགོངས་དོན་རྙེད། ། བཤད་སྒྲུབ་ཟུང་འཇུག་ཡ་མ་བྲལ་བས་བློ་བཟང་རིང་ལུགས75སྤེལ་མཛད་པའི། ། གྲགས་སྙན་ཟུང་འཇུག་ཡ་མ་བྲལ་བས་འཛམ་གླིང་ཁྱོན་ཀུན་ཡོངས་སུ་ཁྱབ། ། རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཕུང་པོ་འཇམ་དཔལ་རྡོ་རྗེ་སྲིད་པའི་མིག ། ཐུགས་བསྐྱེད་རྟ་བདུན་ཤིང་རྟས་ཉེར་དྲངས་ནོར་བུ་འཛིན་མའི་ཐིག་ལེའི་གཞིར། ། སྔོན་མེད་ལེགས་གསུང་ལི་ཁྲིའི་ཟེར་ཕྲེང་འགོག་པ་མེད་པར་བརྡལ་བ་ལས། ། འཇིགས་མེད་དམ་ཆོས་རྒྱ་ཆེར་གསལ་བྱས་རྣམ་དཔྱོད་དབྱར་གྱི་མཚོ་བཞིན་འཕེལ། ། བློ་གྲོས་ཀུན་ཏུ་བཟང་པོ་ཡི། ། ཨུཏྤལ་ནགས་ཀླུང་ཡིད་འོང་བ། ། དཔལ་ལྡན་ཐུབ་པ་ཐམས་ཅད་ཀྱི། ། ཆོས་ཟབ་སྦྲང་རྩིའི་གཏེར་དུ་རྫོགས། ། མཁས་བཙུན་བཟང་པོའི་ཡོན་ཏན་གཅིག་ལས་གཅིག ། ལྷག་པའི་ཡོངས་སུ་འཛིན་དང་གཟུང་བྱ་བ། ། མར་མེ་གཅིག་ལས་གཉིས་སུ་ཆད་པ་ཡི། ། རྟེན་ཅིང་འབྲེལ་འབྱུང་ཚུལ་ལ་ཅོ་ཡང་འདྲི། ། སྔོན་མེད་རྒྱལ་བ་ཐུབ་པའི་བསྟན། ། སྔོན་བྱོན་འཕགས་བོད་མཁས་གྲུབ་ཀྱིས། ། སྔོན་ཆད་གསལ་བར་མཛད་པ་ཡི། ། སྔོན་བྱུང76ཚུལ་དེ་གཏམ་དུ་ཟད། ། འདི་ན་ཤེས་བརྩོན་ཉི་འོད་གདེངས་ཀ་ཡིས། ། ཐོས་བསམ་གསེར་གྱི་པདྨོ་འཛུམ་པ་ལས། ། ལེགས་བཤད་དྲི་བཟང་ཕྱོགས་ཀྱི་མཐར་སྤྲོ་བའི། ། ངོ་མཚར་དབང་བའི་མངོན་སུམ་ཉིད་དུ་སྣང་། ། ལེགས་བཤད་ཕྱོགས་ལས་རྣམ་པར་རྒྱལ་བའི་དར། ། འགྱེལ་བ་མེད་པར་སྲིད་པའི་རྩེ་མོར་བཙུགས། ། དྲེགས་པའི་སེངྒེ་རྣམ་པར་འགྱིང་བ་ཀུན། ། ཁེངས་པ་ཀུན་ཉམས་ས་ཡི་འོག་ཏུ་བཅིངས། ། ཧ་རི་ཙནྡན་ཤིང་དང་བསུང་ཞིམ་བཞིན། ། རིགས་དང་རིགས་ཅན་ཐུགས་བསྐྱེད་ལྷན་ཅིག་པས། ། འཇམ་དཔལ་རྡོ་རྗེ་ཀུན་མཁྱེན་ཙོང་ཁ་པའི། ། བཤད་སྒྲུབ་སྤེལ་བའི་འཕྲིན་ལས་ཕ་མཐའ་ཡས། ། སྔོན་ཚེ་བསྐྱེད་པའི་ཐུགས་དམ་བརྟན་པོའི་མདུད། ། ནམ་ཡང་མི་གཞིག་གསང་གསུམ་རྒྱ་མཚོ་ཡི། ། འོད་དཀར་ཟེགས་མ་འཐུལ་བས་ས་གསུམ་གྱི། ། ཕན་བདེ་མྱ་ངན་མེད་པའི་དཔལ་བྱིན་ཅིག ། ཁྱོད་ཀྱི་ཡོན་ཏན་ངོ་མཚར་པ། ། གྲེ་བར་བསྐྱིལ་མི་བཟོད་པ་མང་། ། ཀུན་རྟོག་རི་མོར་ཅི་ཡང་འཆར། ། འོན་ཀྱང་ཆ་ཙམ་དབྱངས་སུ་བསྒྲགས། ། དེ་ལྟའི་གནས་ཚུལ་གསང་མཐོར་སྒྲོག་པ་ཡི། ། རྟོགས་བརྗོད་ཐོག་མཐའ་བར་དུ་དགེ་བའི་གཏམ། ། ངོ་མཚར་ལྷག་བསམ་སྤྲིན་གྱི་བ་གམ་ནས། ། སྙན་ཚིག་དབྱར་སྐྱེས་སྒྲ་དབྱངས་རོལ་མོ་འཁྲོལ། ། སྐྱོན་མང་དུག་ཚེར་འཛེངས་པ་གྲ་མའི་ནགས། ། ཡོན་ཏན་དཔག་བསམ་ཤིང་ཞེས་སྒྲོ་བཏགས་གཏམ། ། རྨོངས་ཞེན་ཕྱོགས་སུ་ལྷུང་བས་ཆེར་བསྒྲགས་ནས། ། ནམ་མཁའ་འུར་གྱིས་འགེང་དང་འདི་མི་འདྲ། ། འདིར་འབད་དགེ་ཚོགས་མ་དྲོས་ཀླུང་ཆེན་དགེ་ལེགས་རླབས་ཕྲེང་འབུམ་གཡོ་བ། ། བསགས་དང་གསོག་འགྱུར་དཔག་ཡས་བསོད་ནམས་རྒྱ་མཚོའི་ཀློང་དུ་སིམ་པ་ལས། ། རྒྱལ་བསྟན་དཔག་བསམ་འཁྲི་ཤིང་རབ་རྒྱས་བཤད་སྒྲུབ་བདུད་རྩིའི་སྙེ་མ་འབུམ། ། རྩོལ་མེད་ལྷུན་གྲུབ་ཅིར་ཡང་སྨིན་པས་སྐྱེ་རྒུའི་རེ་བ་སྐོང་བར་ཤོག ། མཁས་བཙུན་ལེགས་བྲིས་བྱེ་བའི་ཟུར་ཕུད་ཀྱིས། ། མངོན་པར་བཏུད་པ་གཞོམ་བྲལ་སེངྒེའི་ཁྲིར། ། གང་ཞབས་རྟག་བརྟན་ཚེ་མཐའ་ཡས་པ་ཡི། ། གསང་གསུམ་རྡོ་རྗེའི་རང་བཞིན་ཉིད་གྱུར་ཅིག ། མི་ཕམ་རྣམ་དཔྱོད་སྤྲིན་སྔོན་གདེངས་ཀ་ནས། ། དབྱངས་ཅན་ཅིག་པ་གྲུབ་པའི་བདུད་རྩིའི་ཆར། ། ཟད་མེད་འཇོ་བས་བློ་བཟང་བཤད་སྒྲུབ་ཀྱི། ། འཁྲི་ཤིང་གཞོན་ནུའི་ལང་ཚོ་རྒྱས་གྱུར་ཅིག ། བློ་བཟང་རྒྱལ་བསྟན་བཀྲ་ཤིས་ཉི་མ་ནམ་ཡང་ནུབ་མེད་བཤད་སྒྲུབ་འོད་ཀྱིས་ས་གསུམ་ཁྱབ། ། བསྟན་འཛིན་འཕྲིན་ལས་བཀྲ་ཤིས་ཟླ་བ་ནམ་ཡང་འགྲིབ་མེད་ཀུན་ཕན་བདུད་རྩིའི་ཐིགས་ཕྲེང་འབེབས། ། སྐྱེ་རྒུའི་བདེ་སྐྱིད་བཀྲ་ཤིས་ལྗོན་བཟང་ནམ་ཡང་འགྱེལ་མེད་རྣམ་དཀར་ཆོས་སྤྱོད་འབྲས་བཟང་སྨིན། ། རླབས་ཆེན་སྙིང་སྟོབས་བཀྲ་ཤིས་རྒྱ་མཚོ་ནམ་ཡང་ཉམས་མེད་དགེ་ལེགས་རླབས་ཕྲེང་མཛེས་གྱུར་ཅིག །

ཅེས་འཇམ་མགོན་སྨྲ་བའི་དབང་ཕྱུག་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་རྟོགས་བརྗོད་ཐོག་མཐའ་བར་དུ་དགེ་བ་ངོ་མཚར་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་འདི་ནི། ཆོས་དོན་རྣམ་པར་འབྱེད་པའི་མཁྱེན་སྤྱན་ཨུཏྤ་ལའི་འདབ་མ་ལྟར་དཀྱུས་རིང་པོས་བཅུ་ཕྲག་རིག་པའི་གནས་ཀྱི་དགོངས་དོན་མཐའ་དག་ཟ་འོག་གོས་ཀྱི་རི་མོ་བཞིན་མ་འདྲེས་པར་གཟིགས་པའི་མཁྱེན་རབ་ཀྱི་དབང་ཕྱུག་རྫོང་དཀར་སྐུ་ཕྱོགས་ཆེ་བའི་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བཀྲ་ཤིས་ཆོས་འཕེལ་རྒྱ་མཚོ་ནས་སྔ་ཕྱིར་དངོས་མཇལ་གྱི་སྐབས་དང་། འཕྲིན་ཡིག་གི་ལམ་ཅི་རིགས་ནས་འཆི་མེད་ཚེ་ལྷའི་སྣང་བརྙན་གསལ་བར་བཀྲ་བའི་དགེ་ལེགས་བཀྲ་ཤིས་ཀྱི་དར་དཀར་པོ་ཆེ་ལེགས་སྲིད་དུ་རིང་བ་དུ་མའི་སྐྱེས་དང་བཅས། བཀའ་སྩལ་གསེར་གྱི་སྦྲམ་བུ་ལྟར་ལྕི་བ་སྙིང་གི་པདྨོ་མངོན་པར་བཞད་པའི་ཟེའུ་འབྲུར་ཡང་ཡང་ཕེབས་པར་བརྟེན། རྩོད་དུས་ཀྱི་པཎ་ཆེན་ངག་གི་དབང་པོ་གང་གི་ལེགས་བཤད་བདུད་རྩིའི་སྙེ་མ་རྣམ་ཀུན་ཟད་པ་མེད་པའི་དཔལ་གྱིས་སྐལ་བཟང་བློ་ལྡན་མཐའ་དག་གི་རྣམ་པར་དཔྱོད་པའི་ལང་ཚོ་རྒྱས་པར་མཛད་པའི་འཕྲིན་ལས་ལ་སྙིང་ནས་ཡི་རང་བའི་མོས་པ་འཕང་མཐོ་བ། བཙུན་གཟུགས་རྨོངས་རྟུལ་ཆོས་མེད་ཆོས་མཁན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་ལྕགས་མོ་བྱ་ལོའི་རྒྱལ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་མ་དང་མཁའ་འགྲོ་མངོན་པར་འདུ་བ་བཀྲ་ཤིས་པའི་ཚེས་བཟང་པོར་མགར་རྩེའི་གྲྭ་ཚང་ཐུབ་བསྟན་ཆོས་འཁོར་གླིང་གི་གཟིམ་ཆུང་བཀྲ་ཤིས་མཐོང་སྨོན་ནས་དད་གུས་ཆེན་པོས་སུག་བྲིས་སུ་བགྱིས་པ་ཛ་ཡནྟུ། །

2 མཆན་འགྲེལ།

1.སྐུ་བཞི། དེ་བཞིན་གཤེགས་པའི་སྐུ་བཞི་སྟེ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་བཞིའོ། །

2.འགྲོ་བའི་བླ་མ། སངས་རྒྱས་སྤྱིའི་མཚན།

3.མ་ལི་ཀཿ རྒྱ་གར་གྱི་མེ་ཏོག་འདབ་མ་དཀར་པོ་ཡིན་པ་ཞིག

4.རྟེན་འབྱུང་། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། ཆོས་ཐམས་ཅད་དཔྱད་ན་ངོ་བོ་ཅི་ཡང་མ་གྲུབ་པ་སྟོང་པ་ཉིད་དུ་གནས་ཀྱང་། སྣང་ཙམ་དུ་ལྟོས་ནས་གྲུབ་ཅིང་བརྟེན་ནས་སྐྱེ་བ་ནི་རྟེན་འབྱུང་གི་མཚན་ཉིད་ཡིན་ལ། འདིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཟབ་མོ་དབུ་མའི་ལྟ་བ་སྟོན་ཏེ། 《རྩ་ཤེས》ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། ། དེ་ནི་སྟོང་པ་ཉིད་དུ་བཤད། ། དེ་ནི་བརྟེན་ནས་གདགས་པ་སྟེ། ། དེ་ཉིད་དབུ་མའི་ལམ་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། །

5.གསེར་ལྡན། སྤྱིར་ས་གཞི་དང་འབབ་ཆུ་སོགས་དོན་དུ་མ་ལ་འཇུག་ཀྱང་། འདིར་རེབ་གོང་གསེར་མོ་ལྗོངས་ལ་གོ་ན་བདེའོ། །

6.ལྔ་བདོ་སྙིགས་མའི་དུས། སྙིགས་མ་ལྔ་བདོ་བའི་དུས་ཏེ། དུས་དང་། སེམས་ཅན། ཚེ། ཉོན་མོངས། ལྟ་བ་རྣམས་ཉམས་པའི་སྙིགས་མ་ལྔ་དར་བའི་དུས།

7.སྤྲུལ་པ་ཡང་སྤྲུལ་རོལ་པ། རྗེ་བཙུན་འཇམ་དཔལ་དབྱངས་ནི་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་ཡོངས་སུ་རྫོགས་པར་མཛད་དེ། དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་གདུལ་བྱའི་སྐལ་བ་དང་འཚམས་པའི་སྐུའི་རྣམ་པ་འཕྲུལ་པ་མཐའ་དང་གྲངས་མེད་པ་སྤྲུལ་པ་ཞེས་པའི་དོན་ནོ། །

8.ནམ་མཁའ་ཁྱབ་པར་འཇུག་པ། སྐུའི་རྣམ་འཕྲུལ་གྱི་རོལ་བ་དེ་ནམ་མཁའ་ནས་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ཀྱིས་སའི་སྟེང་དུ་ཆུ་སྣོད་ཐ་དད་པ་སྣ་ཚོགས་པ་ཞིག་གི་ནང་དུ་ཅིག་ཅར་རང་གི་གཟུགས་བརྙན་ངང་གིས་སྟོན་པ་དེ་བཞིན་དུ་ནམ་མཁའ་ཁྱབ་པར་འཇུག་པའི་སྒྱུ་འཕྲུལ་ནི་སུ་ཡིས་ཀྱང་དཔག་བར་མི་ནུས་སོ་ཞེས་པའོ། །

9.ནཱ་ད། སྒྲ་གདངས།

10.གུར་ཀུམ་གཞོན་ནུ། འཇམ་དབྱངས་དམར་སེར་གྱི་རྣམ་འཕྲུལ་གཞོན་ནུའི་གཟུགས་སུ་འཛིན་པའམ་རབ་བྱུང་བན་ཆུང་།

11.མཚམས་སྤྲིན་གོས་ཀྱིས་མཛེས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ངུར་སྨྲིག་གོས་ཀྱིས་མཛེས་པར་བརྒྱན་པ།

12.འཇིགས་མེད་བསམ་གཏམ། རྗེ་བློ་བཟང་དཔལ་ལྡན་གྱི་རྩ་བའི་བླ་མ། གྲུབ་ཆེན་རྗེ་བཙུན་འཇིགས་མེད་བསམ་གཏན་ཏེ། རྗེ་འདིའི་ལོ་རྒྱུས་མདོར་བསྡུས་རྩོམ་པ་པོ་གྲུབ་ཆེན་འཇིགས་མེད་བསམ་གཏན་ངོ་སྤྲོད་བྱེད་པ་ལ་གཟིགས་པར་གྱིས།

13.ཉི་མའི་སྲས་པོ་དུག་རི་ནག་པོ། འཇམ་དཔལ་བཀའ་སྡོད་ཧ་ལ་ནག་པོའམ་གཤིན་རྗེ་ཆོས་རྒྱལ།

14.སྤྱི་བོར་བཀའ་རྟགས་རྡོ་རྗེས་བྱིན་ཕབ། བླ་མེད་ཀྱི་དཀྱིལ་འཁོར་ལ་བཅུག་ནས་ཐུན་མོང་མ་ཡིན་པའི་ཡི་དམ་ལྷའི་དབང་བསྐུར་ཅིང་བྱིན་རླབས་འབེབས་པ།

15.ཀུན་སྤངས་བློ་བཟང་ཆོས་གྲགས། རྗེ་བློ་བཟང་དཔལ་ལྡན་དགེ་ཚུལ་རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་གླང་ཀྱཱ་ལྷ་རམས་པ་བློ་བཟང་ཆོས་གྲགས།

16.དུས་ཞབས་མཚོ་བྱུང་དགྱེས་པའི་དཔལ། དུས་འཁོར་སྔགས་ཆེན་དུས་ཞབས་པ་མཚོ་བྱུང་དགྱེས་པའི་དཔལ་ཏེ། རྗེ་བློ་བཟང་དཔལ་ལྡན་པས་འདིའི་ཞབས་ལ་གཏུགས་ཏེ་སྒྲ་སྙན་ངག་སྡེབ་སྦྱོར་རྩིས་བཅས་ཐུན་མོང་གི་རིག་གནས་ཕལ་ཆེ་བ་རྗེ་དེ་གཅིག་པུ་ལས་ལོ་སྔ་ཕྱི་དཀྱུས་གཅིག་མཐར་ཕྱིན་པར་མཛད།

17.ཡེ་ཤེས་འོད་ལྔ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་མཛད་པའི《ཞུ་འཕྲིན་ངག་དབང་དཔྱིད་ཀྱི་ཕོ་ཉ》ཞེས་པའི་མཆན་རྟགས་ཨང7པར་གཟིགས།

18.ཀ་ཙན་དབྱངས་ཅན། སྒྲ་མདོ་ཀ་ལཱ་བ་བྱཱ་ཀ་ར་ཎ་དང་། ཙནྡྲ་བྱཱ་ཀ་ར་ཎ། དབྱངས་ཅན་བྱཱ་ཀ་ར་ཎ་བཅས་གསུམ།

19.དགེ་དབང་དཔའ་བོ། རྒྱ་གར་གྱི་སྙན་ངག་པ《རྟོགས་བརྗོད་དཔག་བསམ་འཁྲི་ཤིང》གི་རྩོམ་མཁན་རྒྱལ་པོ་དགེ་བའི་དབང་པོ་དང་། 《སྐྱེས་རབས་སོ་བཞི་བ》རྩོམ་མཁན་སློབ་དཔོན་དཔའ་བོ་གཉིས།

20.དུས་དབྱངས། དུས་འཁོར་དང་དབྱངས་འཆར།

21.སྤོར་ཐང་དཀར་ནག རྒྱ་ནག་གི་རྩིས་གཞུང་ཡེ་ཅིན(易经)ཟེར་བ་བོད་ཡིག་ཏུ་བསྒྱུར་པ་ལ་སྤོར་ཐང་ཟེར་ཞིང་། རྒྱ་བཟའ་གོང་ཇོ་བོད་དུ་ཕེབས་སྐབས་བསྣམས་ཡོད་ཅེས་གྲགས།

22.ལམ་རིམ་བློ་སྦྱོང་། བྱང་ཆུབ་ལམ་གྱི་རིམ་པ་སྟོན་པའི་ལམ་རིམ་ཆེན་མོ་ལྟ་བུ་དང་བློ་སྦྱོང་སྐོར་གྱི་བློ་སྦྱོང་དོན་བདུན་མ་ལྟ་བུ་སོགས།

23.བླ་མ་སཾ་གྷའི་མཚན། རྗེ་བློ་བཟང་དཔལ་ལྡན་གྱི་རྩ་བའི་བླ་མ་རྗེ་བཙུན་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སྟེ། རབ་བྱུང་བཅུ་བཞི་བའི་ཆུ་བྱི(སྤྱི་ལོ1852)ལོར་འཁྲུངས། རབ་བྱུང་བཅོ་ལྔ་བའི་ཆུ་ཡོས་ལོར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་གསར་དུ་བསྐྲུན་ཅིང་མཚན་ཉིད་བཙུགས། དགུང་ལོ་རེ་གཅིག་པ་ཆུ་བྱི(སྤྱི་ལོ1912)ལོར་གཤེགས།

24.ཆེ་བ་བཞི་ལྡན། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ། གསུང་རབ་མ་ལུས་གདམས་པར་འཆར་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་སྟེ་བཞིའོ། །

25.སིནྡྷུ་ཝ་ར། ཤིང་བ་ཀུ་ལ།

26.ཕྱོགས་གླང་གྲགས་པའི་གཞུང་ལུགས། རྒྱ་གར་ཚད་མའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་བོ་དང་ཆོས་ཀྱི་གྲགས་པ་གཉིས་ཀྱི་གཞུང་ལུགས་ཏེ་ཚད་མའི་གཞུང་ལུགས། དེ་ཡང་སློབ་དཔོན་ཕྱོགས་གླང་གིས་གཏན་ཚིགས་རིག་པའི་གནས་མཐའ་དག་བསྡུས་པ《ཚད་མའི་མདོ་ཀུན་ལས་བཏུས་པ》མཛད་ཅིང་། དཔལ་ལྡན་ཆོས་གྲགས་ཀྱིས་དེའི་དགོངས་པ་འགྲེལ་བ་ལ་ཚད་མ་སྡེ་བདུན་ཏེ་རྣམ་འགྲེལ། རྣམ་ངེས། རིགས་ཐིགས་བཅས་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ། རྩོད་པའི་རིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་པའོ། །

27.དབུ་ཚད་སེངྒེའི་མཇིང་བསྣོལ། དབུ་མ་དང་ཚད་མ་ཟུང་དུ་འཇུག་པའི་རིགས་པ།

28.ཐལ་ངག འདོད་པ་རྟགས་སུ་བཀོད་དེ་མི་འདོད་པ་ཐལ་བར་འཕེན་པའི་ངག་སྟེ། ཕ་རོལ་རྣམ་པར་སུན་འབྱིན་པའི་རྩོད་ངག་གོ། །

29.མཁའ་ལྡིང་སྙིང་། ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོའི་རྒྱུར་འགྱུར་བའི་བྱ་ཁྱུང་གི་སྙིང་སྟེ། དེ་ཡང་རིག་བྱེད་ཀྱི་གཏམ་རྒྱུད་དུ། མཁའ་ལྡིང་གིས་ཀླུ་ཟས་སུ་བྱེད་ཅིང་མཐར་རང་ཉིད་རྒས་འཁོགས་ཀྱིས་རྒྱ་མཚོར་ལྷུང་ནས་ལྟོགས་ཤིར་སོང་རྗེས་དེའི་སྙིང་རྒྱ་མཚོའི་ནང་དུ་ལོ་མང་བོར་ལུས་པ་དེ་ནི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ་ཞེས་གྲགས་སོ། །

30.དངོས་བརྒྱད་བདུན་ཅུའི་དོན་བཟང་། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི《རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྟོགས་བརྗོད》ཀྱི་མཆན་རྟགས་ཨང་18པར་གཟིགས།

31.གུས་རྟག་བརྩོན་པ། གུས་སྦྱོར་གྱི་བརྩོན་འགྲུས་དང་རྟག་སྦྱོར་གྱི་བརྩོན་འགྲུས་གཉིས་ལ་ཟེར། དེ་ཡང་རང་ཉིད་སྦྱང་བྱའི་གནས་གང་དེར་དད་ཅིང་གལ་ཆེར་བཟུང་ནས་བརྩོན་པ་ལ་གུས་སྦྱོར་གྱི་བརྩོན་འགྲུས་དང་། དུས་རྟག་ཏུ་ཉིན་གཅིག་ལྟར་བརྩོན་པ་ཆེན་པོ་བྱེད་པ་ལ་རྟག་སྦྱོར་གྱི་བརྩོན་འགྲུས་ཞེས་བྱའོ། །

32.བརྒལ་བརྟག་ལུང་དང་རིགས་པའི་སྒྲུབ་བྱེད་ལ་བརྟེན་ནས་གཞན་གྱི་འདོད་པ་རྣམ་པར་བརྟག་པས་བཀག་པའམ་སུན་འབྱིན་པའོ། །

33.གཞན་དྲིང་མི་འཇོག གཞན་སྟོབས་ཀྱིས་ཤན་མ་ཞུགས་པའམ་གཞན་གྱི་རྗེས་མི་འབྲང་བ།

34.གཞི་ལྔ། བྱེ་བྲག་སྨྲ་བས་ཤེས་བྱའི་ཆོས་ཐམས་ཅད་གཞི་ལྔར་འདུས་པར་འདོད་དེ། གཞི་ལྔ་ནི། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་སྟེ་ལྔའོ། །

35.རང་སྤྱི། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད། མདོ་སྡེ་བས་ཆོས་ཐམས་ཅད་རང་སྤྱི་གཉིས་སུ་དབྱེ་བར་འདོད་དེ། རྟོག་པས་བཏགས་ཙམ་མ་ཡིན་པར་རང་ངོས་ནས་གྲུབ་པའི་དངོས་པོ་ཐམས་ཅད་ནི་རང་མཚན་དང་། རྟོག་པས་བཏགས་ཙམ་ཡིན་གྱི་རང་ངོས་ནས་མ་གྲུབ་པའི་ཆོས་ཐམས་ཅད་ནི་སྤྱི་མཚན་ཞེས་བྱའོ། །

36.ལུང་སྡེ་བཞི། འདུལ་བ་ལུང་སྡེ་བཞི་སྟེ། ལུང་རྣམ་འབྱེད་དང་། ལུང་གཞི། ལུང་ཞུ་བ། ལུང་ཕྲན་ཚེགས་ཏེ་བཞིའོ། །

37.འདུལ་བའི་མདོ། འདུལ་བ་ལུང་སྡེ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་འདུལ་བ་མདོ་རྩ་ལྟ་བུ།

38.གསང་གསུམ་རྒྱན་གྱི་འཁོར་ལོ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི《ཞལ་གདམས་མགུར་མ》འི་མཆན་རྟགས་ཨང1པོར་གཟིགས།

39.རྡོ་རྗེ་འཛིན་པ། རྡོ་རྗེ་འཆང་ཆེན་ནམ་གསང་སྔགས་ཀྱི་སློབ་དཔོན།

40.དྲང་ངེས་གསུང་རབ། དྲང་ངེས་ཀྱི་དོན་ཡང་དག་པར་སྟོན་པའི་སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས།

41.ཟླ་བའི་ཞབས། ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི《ཙནྡྲ་གཽ་མིའི་ལོ་རྒྱུས》ཀྱི་མཆན་རྟགས་ཨང9པར་གཟིགས།

42.ཆོས་ཀྱི་གྲགས་པ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཞལ་གདམས་མགུར་མའི་མཆན་རྟགས་ཨང3པར་གཟིགས།

43.རྒྱལ་ཀུན་གསང་གསུམ་སྙིང་བོ་འདུས་པ། གསང་བ་འདུས་པ་སྟེ། བླ་མེད་ཕ་རྒྱུད་ཀྱི་ལམ་དང་འབྲས་བུའི་གསང་བའི་གནད་ཐམས་འདུས་པའི་རྒྱུད།

44.སྒྱུ་འཕྲུལ་དྲ་བ། རྒྱུད་གསང་བ་སྙིང་པོ་སྟེ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་བྱ་བ། རྙིད་རྒྱུད་ཀྱི་གཙོ་བོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་ལེའུ་རྩ་གཉིས་ཀྱི་རང་བཞིན་ཅན་ཞིག

45.དཔྱད་འཇོག་སྒོམ་པ། དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཏེ། ཚེ་ཏན་ཞབས་དྲུང་རིན་པོ་ཆེའི《རྟོགས་བརྗོད་དངུལ་གྱི་མེ་ཏོག》གི་མཆན་རྟགས་ཨང18པར་གཟིགས།

46.བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ། ཐེག་པ་ཆེ་ཆུང་གི་གསུང་རབ་ཐམས་ཅད་གཅིག་གྲོགས་སུ་གཅིག་འགྱུར་བར་གོ་བ་ནི་ལུང་གི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཚུལ་དང་། ཐེག་པ་གསུམ་གྱི་སྤངས་རྟོགས་ཀྱི་རིགས་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་བ་ནི་རྟོགས་པའི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ཚུལ་ལོ་ཞེས་དབྱངས་ཅན་དགའ་བློས《ལམ་རིམ་ཆེན་མོའི་བརྡ་བཀྲོལ》ལས་གསུངས།

47.གསུང་རབ་གདམས་པར་འཆར་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བ་སྟེ། གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཤ་སྟག་སྟོན་པར་གོ་བ་ནི་གསུང་རབ་གདམས་པར་འཆར་བའི་ཚུལ་ལོ། །

48.མཁའ་ལྡིང་སྔོན་སྐྱེས། ཁྱུང་སྔོན་སྐྱེས་ཏེ་སྐྱ་རེངས།

49.མཚན་འཛིན། མཚན་མར་འཛིན་པ་སྟེ། བལྟ་བར་མི་བྱ་བའི་གཟུགས་ལ་སོགས་པ་ཡུལ་དུ་བྱས་པའམ། ཡུལ་སྣང་བ་རྣམས་དེ་དང་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ནས་མཐོང་བའམ་བདེན་གྲུབ་ཏུ་འཛིན་པ།

50.དྲིལ་བུ་བ། གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་བ་སྟེ། རྒྱ་གར་ཤར་ཕྱོགས་ནཱ་ལནྡྲའི་རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས། ཡབ་འདས་ནས་རྒྱལ་སྲིད་ལ་མངའ་གསོལ་བ་ན་སྙིང་པོ་མེད་པར་གཟིགས་ནས་དཔལ་ནཱ་ལནྡྲར་བྱོན། མཁན་པོ་རྒྱལ་བའི་ལྷ་རབ་ཏུ་བཟང་པོ་ལས་རབ་ཏུ་བྱུང་། མཚན་བློ་གྲོས་སྙིང་པོའི་དཔལ་ཞེས་གསོལ། རིག་པའི་གནས་དང་སྡེ་སྣོད་ཐམས་ཅད་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་པཎྜི་ཏ་ཆེན་པོར་གྱུར་ཅིང་ནཱ་ལནྡྲའི་མཁན་པོར་བཞུགས། མུ་སྟེགས་རལ་བ་ཅན་མཆོག་ཏུ་མཁས་པ་ཞིག་ཚར་བཅད་ནས་ནང་པའི་བསྟན་པ་ལ་བཅུག་པས་དགྲ་ལས་རྣམ་པར་རྒྱལ་བ་ཞེས་གྲགས་ཤིང་རྒྱལ་པོའི་མཆོག་གནས་སུ་བཞུགས། གྲུབ་ཆེན་དཱ་ཏི་ཀ་བ་སློབ་དཔོན་དུ་བསྟེན་ཅིང་དེའི་ལུང་བསྟན་ལྟར་བྷཾ་ག་ལའི་ནགས་ཁྲོད་དུ་སྒྲུབ་པར་མཛད། རྗེས་སུ་ཨོ་རྒྱན་དུ་ཕེབས། སློབ་མའི་དོན་དུ་དྲིལ་བུ་གཞུང་ལྔ་མཛད་ཅིང་ལཱུ་ཨི་བའི་སྲོལ་གཞིར་བཞག་སྟེ། རང་ཉིད་ལ་ཡི་དམ་གྱིས་དངོས་གྲུབ་གནང་པའི་མན་ངག་གིས་བརྒྱན་ནས། བདེ་མཆོག་དྲིལ་བུ་ཕྱི་ནང་གི་སྐོར་གྱི་སྲོལ་ཆེན་པོ་དར་བར་མཛད་པ་ཡིན་ནོ། །

51.བྱང་ཆེན། བྱང་ཆུབ་ཆེན་པོ་སྟེ། སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་རྟོགས་བྱ་མཁྱེན་གཉིས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པའི་སངས་རྒྱས་ལ་བྱང་ཆུབ་ཆེན་པོ་ཞེས་བྱའོ། །

52.སེ་མོ་དོ། དོ་ཤལ།

53.རང་བཞིན་འོད་གསལ། 《རྒྱུད་བླ་མ》ལས། སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པ། དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་པ། ཞེས་གསུངས་པ་ལྟར་གཟོད་མ་ནས་རྣམ་པར་དག་ཅིང་རང་བཞིན་གྱིས་འོད་གསལ་བའི་ཆོས་ཁམས་གནས་ལུགས་ཀྱི་འོད་གསལ་ལོ། །

54.ཡུམ་ཆེན་རྒྱས་འབྲིང་བསྡུས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤོ་ལོ་ཀ་སྟོང་ཕྲག་བརྒྱ་བའམ་འབུམ་ཞེས་པ་ནི་ཡུམ་རྒྱས་པ་དང་། ཤོ་ལོ་ཀ་སྟོང་ཕྲག་བརྒྱད་ཡོད་པ་སྟེ་བརྒྱད་སྟོང་པ་ཞེས་པ་ནི་ཡུམ་བསྡུས་པ་ཞེས་པར་གྲགས་སོ། །

55.མངོན་རྟོགས་རྒྱན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ། དངོས་པོ་བརྒྱད་དང་དོན་བདུན་བཅུའི་བདག་ཉིད་ཅན། རྒྱལ་བ་བྱམས་པ་མགོན་པོས་མཛད་པའི་བྱམས་ཆོས་སྡེ་ལྔའི་ཡ་གྱལ་ཞིག

56.རྩ་འཇུག་བཞི་གསུམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི《དབུ་མ་འཇུག་པ》སློབ་དཔོན་ཨརྱ་དེ་ཝས་མཛད་པའི《དབུ་མ་རྩ་བ་ཤེས་རབ》དང་། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི《དབུ་མ་བཞི་བརྒྱ་བ》བཅས་གསུམ།

57.ཕྱག་རྒྱ་ཆེན་པོ། རྗེ་བཙུན་མི་ལ་རས་པའི《ཤ་ཁྱིའི་མགུར་གླུ》འི་མཆན་རྟགས་ཨང8པར་གཟིགས།

58.ཆོས་མངོན་མཛོད། ཐེག་དམན་གྱི་མངོན་པར་གཞུང་གི་རྩ་བ་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ཞེས་བྱ་བ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ།

59.བྱམས་ཆོས། བྱམས་ཆོས་སྡེ་ལྔ་སྟེ། རྒྱལ་བ་བྱམས་པ་མགོན་པོས་སློབ་དཔོན་ཐོགས་མེད་ལ་གསུངས་པའི་ཆོས། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། ཆོས་དང་ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད་དེ་སྡེ་ཚན་ལྔ།

60.འཕགས་པའི་ས་སྡེའི་གཞུང་། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་སྟེ། སའི་དངོས་གཞི་དང་། གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། སྒོ་བདུ་བ་སྟེ་ལྔ།

61.སྡེ་བདུན་རིགས་པའི་གཞུང་ལུགས། རིགས་པའི་གཞུང་ལུགས་ཏེ་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན།

62.སྐྱེས་ཚོམས་བསླབ་སྤྱོད་དང་ས་རྒྱན། སྟོན་པའི་སྐྱེས་རབས་དང་། ཆེད་དུ་བརྗོད་པའི་ཚོམས་དང་། བསླབ་བཏུས་དང་། སྤྱོད་འཇུག་དང་། བྱང་ས་དང་། མདོ་སྡེ་རྒྱན་ཏེ་གཞུང་དྲུག་ལ་བཤད་ཅིང་། དེ་དག་ལ་བཀའ་གདམས་གཞུང་དྲུག་ཅེས་ཀྱང་ཟེར་རོ། །

63.ཏི་ལ་ཀཿ རྒྱན་ཅན།

64.མཐའ་དྲུག་ཚུལ་བཞི། ངོར་ཆེན་ཀུན་དགའ་བཟང་པོས་མཛད་པའི《ཉག་རེ་གསང་སྔགས་ལ་ཕུལ་བ》ཞེས་པའི་མཆན་རྟགས་ཨང6དང7པར་གཟིགས།

65.ཨ་མྲྀ་ཏ། བདུད་རྩི།

66.དགེ་ལེགས་དཔལ་བ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་སྟེ། རྗེ་དེའི་ལོ་རྒྱུས་མདོར་བསྡུས་རྩོམ་པ་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ངོ་སྤྲོད་བྱེད་པ་ལ་གཟིགས།

67.རྡོ་རྗེ་གསུམ། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ།

68.དཔལ་སྟུག སངས་རྒྱས་སྤྱིའི་མཚན།

69.ཆགས་ཐོགས་བྲལ་བ། ཆགས་ཐོགས་མེད་པ་སྟེ། 《ཉི་ཁྲི་སྣང་བ》ལས། སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཀྱིས་རྟོགས་པའི་རོ་མྱང་བ་མེད་བྱེད་པས་ན་ཆགས་པ་མེད་པའི་ཕྱིར་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ཐོགས་པ་མེད་པའི་ཕྱིར་རོ་ཞེས་གསུངས་པའི་ཆགས་མེད་ཀྱི་དོན་ནི་ཉོན་མོངས་སྤངས་པས་ཡེ་ཤེས་ཀྱིས་ཡུལ་རྟོགས་པ་ལ་རོ་མྱང་བའམ་དེ་ལ་ཞེན་པའི་སྲིད་པ་མེད་པའི་དོན་ཡིན། 《རྣམ་བཤད་དགོངས་པ་རབ་གསལ》ལས། མ་ཆགས་པ་སྟེ་མ་ཐོགས་པར་འཇུག་པ་ཡི། ཞེས་དང་། དེ་ལ་མཁྱེན་པ་ཆགས་པ་སྟེ་ཐོགས་པ་མེད་པ་ནི། ཞེས་སོགས་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་གསུངས་སོ། །

70.མ་ངྷུ་ར། སྦྲང་རྩི།

71.གསེར་ལྗོངས། རེབ་གོང་གསེར་མོ་ལྗོངས།

72.བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ། ཤར་སྐལ་ལྡན་རྒྱ་མཚོའི《མགུར་མའི་རིམ་པ》ཞེས་པའི་མཆན་རྟགས་ཨང10པར་གཟིགས།

73.འཆོས་སྐྱོབ། བསྟན་བཅོས་ཀྱི་ཡོན་ཏན་ཏེ། རྒྱུ་ཉོན་མོངས་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་ལ་འཆོས་སྐྱོབ་ཟེར་ཞིང་། 《རྣམ་བཤད་རིག་པ》ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། ། ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། ། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། ། གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། ། ཅེས་གསུངས་སོ། །

74.རིན་ཆེན་རྣམ་གསུམ། རྗེ་ཙོང་ཁ་པ་ཆེན་པོས། རིགས་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་། ། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་། ། ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ། ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། ། ཞེས་གསུངས་པ་ལྟར་རོ། །

75.བློ་བཟང་རང་ལུགས། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་སྲོལ་བཏོད་ཅིང་དར་རྒྱས་སུ་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་ལ་ཟེར།

76.སྔོན་བྱུང་། སྔོན་བྱུང་ཟིན་པའི་རྣམ་ཐར་ལོ་རྒྱུས།