སྤྲིངས་ཡིག་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-18 11:32ལ་འགྲུབ།

སྤྲིངས་ཡིག་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

སྤྲིངས་ཡིག་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་ནི་ཧལ་ཧ་དར་ཧན་པཱེ་ལིའི་ཤོག་གི་དགོན་པ་དར་རྒྱས་ཆོས་གླིང་གི་ས་བྱེད་ཐུན་མོང་ལ་སྤྲིངས་པའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ།
1 མ་ཡིག

སྤྲིངས་ཡིག་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

རབ་མཛེས་ཀེ་ལ་ཤ་ཡི་ས་འཛིན་དབང་སྔོན་ཟུར་ཕུད་ལྡན་པ་འགའ། ། ཐུགས་རྗེའི་རྒྱུན་གྱིས་རབ་ཏུ་སྤྲས་པའི་དཀྱུས་རིང་སྤྱན་གྱི་གཟིགས་ལྡན་ཞིང་། ། བཞི་ལྷག་དྲུག་ཅུའི་ཡན་ལག་ཚང་བའི་གསུང1གིས་ལེགས་བཤད་འདོམས་ནུས་ན། ། གང་སྐུའི་དཔལ་འཛིན་ཚེ་དཔལ་སྦྱིན་མཛད་འཕགས་མས་ཁྱེད་རྣམས་སྐྱོང་གྱུར་ཅིག ། ངུར་སྨྲིག་བླ་གོས་གསར་བའི་འོད་ཀྱིས་ཀུན་གསལ་སྒེག་མོའི་འགྲམ་པ་དང་། ། ལི་ཁྲིའི་ཚོན་གྱིས་མཛེས་པའི་དཔལ་འཕྲོག་བཤད་སྒྲུབ་ཟུང་གིས་དུས་འདའ་བའི། ། ཐར་འདོད་སྐལ་བཟང་བློ་གསལ་བགྲང་ཡས་ཆོས་ཀྱི་མདུན་ས་ཡོངས་གང་སྟེ། ། ལུང་རིགས་བ་དན་སྲིད་རྩེར་བསྒྲེངས་པའི་ཚོགས་མཆོག་མཁས་མང་འདུས་པའི་སྡེ2། ། གང་གི་ལེགས་མཛད་དཔག་བསམ་མིན་ཡང་སྐྱེ་དགུའི་རེ་བ་ཡིད་བཞིན་འཇོ། ། གང་གི་ཡོན་ཏན་གངྒཱ་མིན་ཡང་སྙན་ཚིག་བདུད་རྩིའི་ཟེགས་མ་འཕྲོ། ། གང་གི་གྲགས་སྙན་ཆུ་སྐྱེས་མིན་ཡང་འགྲོ་བའི་ཡིད་རབ་འཕྲོག་པ་ནས། ། དོན་བཟང་སྦྲང་རྩིའི་བཅུད་ལྡན་ཟེའུ་འབྲུས་སྤྲས། ། ཉམས་འགྱུར་རྒྱས་སྒེག་ཚིག་གི་འདབ་མ་བཞད། ། ལྷ་རྫས་ལོ་འདབ་གོས་བཀླུབས་འཕྲིག་ཡིག་གི། ། པད་གཞོན་འདྲེན་བྱེད་དཔལ་དུ་སླེབས་པས་སྤྲོ། ། འདི་ན་དམ་པའི་མཚན་གྱིས་བྱིན་བརླབས་བདག ། གཅིག་ཏུ་དབེན་པའི་ཞི་ལ་རབ་གུས་ཀྱང་། ། གྲྭ་སློབ་ཡོན་བདག་ངོ་བསྲུང་མཐུན་འཇུག་གི། ། གཡེང་བ་རང་དབང་མེད་འདས་འཁོར་བཞིན་མཆིས། །

འཚམས་ཞུ། སླར་སྤྲིངས་དོན། ཁྱེད་རྣམས་ནས་དོ་ཚིག་ཕྲན་ངེད་ལ་ཡར་འོང་དགོས་ཚུལ་གྱི་བསྐུལ་མ་ཨུ་ཚུགས་མཐར་སྐྱེལ་མཛད་མོད། འོན་ཀྱང་བྱ་བ་གང་ཡིན་རུང་རྐྱེན་ལ་ལྟོས་དགོས་ཤིང་། ངེད་ཆུང་ངུ་ནས་དམ་པའི་མཚན་གྱི་གཟི་བྱིན་གྱིས་བསྒྱུར་ཏེ། བླ་ཆེན་སྤྱིའི་རྣམ་ཐར་ཁུར་བཅུག་པས། རང་དབང་མེད་པར་སྐབས་སུ་གང་བབ་ཀྱི་འགྲོ་བསྡད་བྱ་བྱེད་སོགས་སྐྱོང་དགོས་མང་སྟབས། སློབ་འདོད་ཀྱི་རིགས་འགའ་ཟུང་ཡང་མ་ཁོམ་པར་ལུས་པ། ད་རང་གིས་ཅུང་ཟད་བསམ་ཚེ་ཡོན་ཏན་དང་ལྡན་མིན་གྱི་ཁྱད་པར། དཔལ་མགོན་ཀླུ་སྒྲུབ3གྱིས། ། ཡོན་ཏན་མེད་པའི་ཁ་དེ་ནི། ། ས་ཡི་བུ་ག་དག་དང་མཚུངས། ། ཡོན་ཏན་རབ་ཀྱིས་བརྒྱན་པ་ཡིས། ། ཁ་ནི་པདྨ་ཡིད་འོང་ལྡན། ། ཞེས་དང་། བསླབ་བཏུས4ལས་ཀྱང་། གཞོན་ནུའི་དུས་སུ་རིག་པ་བསླབ། ། བཞོ་འདོད་བ་ནི་དགུན་ནས་གསོ། ། དྲོད་གཤེར་ལྡན་དུས་ས་བོན་བཏབ། ། འདི་གསུམ་འབྲས་བུ་སྨིན་པའི་རྒྱུ། ། ཞེས་དང་། ཡང་འཕགས་པ་ཀླུ་སྒྲུབ་ཀྱིས། ། རྒྱུ་ཡོན་ཏན་ལ་མི་འབད་པར་འབྲས་བུ་མཁས་པར་འགྱིང་བ་དགོས་མེད་དུ་བསྟན་པ་ཡང་། ཡོན་ཏན་དག་ལ་འབད་བྱ་ཡི། ། འགྱིང་ཚུལ་དགོས་པ་ཅི་ཞིག་ཡོད། ། འོ་མ་མེད་པར་གྱུར་པའི་བར། ། དྲིལ་བུ་བཏགས་ཀྱང་ཉོ་མི་འདོད། ། ཅེས་གསུངས་པ་དག་དང་མཚུངས་ཚུལ་མཁས་པ་དག་གི་གསུང་དུའང་ཆེས་མང་བ་དང་། ཀུན་གཟིགས་ལྔ་བ་ཆེན་པོས་རང་གི་རྣམ་ཐར་དུ། དེང་སང་ནི་མ་བསླབས་ན་མཁྱེན་ཞིང་བསླབས་ན་ཐུགས་སུ་མི་ཆུད་པར་གདའ། ཡོན་ཏན་ས་ལས་བརྡོལ་ཞིང་བསླབས་ན་ཤེས་པ་ཤ་སྟག་ཡིན་ནོ། ། ཞེས་གསུངས་ཤིང་། ཡང་པཎ་ཞྭ་སེར་པོ་སྣ་རིང་ཚད་ཀྱིས་ལམ་རིམ5། ས་ཞྭ་འབྱོར་ཚད་ཀྱིས་ལམ་འབྲས6། ཨོ་རྒྱན་པཎ་ཞྭ་དམར་ཟེང་ཚད་ཀྱིས་རྫོགས་ཆེན7། སྒོམ་ཞྭ་སྤུས་འཁྱུད་ཡོད་ཚད་ཀྱིས་ཕྱག་ཆེན8ག་ལ་ཤེས། ཆོས་འདི་ཤེས་པ་ཞིག་ལ་གཏུགས་པ་གནད་ཆེ་བར་སྣང་། ཞེས་དང་། ཡང་། ལར་ཡོན་ཏན་གྱི་རིགས་ཡོད་ཡོད་ལ་མ་བསླབས་ན་ཁེངས་པའི་རི་རྩེར་ཆུ་བོ་གྱེན་ལ་ལྡོག་པར་དཀའ། ཞེས་སོགས་གསུངས་པ་ལ་བལྟས་ན། ཚུལ་དེ་རྣམ་པར་ལྕི་བས་ཡོན་ཏན་སློབ་པར་འདོད་ཕྱིན་འབྱོལ་ཐབས་མེད་པ་འདྲ་སྙམ་་པ། ཁོང་མཛོད་པ་རྣམ་གཉིས་ལ་ལབ་པར། ཁོང་རྣམ་པ་གཉིས་ཀྱང་ཚུལ་དེ་ཉིད་འཐད་པ་དང་། ཞུ་བ་པོ་ཁི་ཤིག་ཐེན་གྱི་བླ་མ་ཁོ་རང་། སྐུ་གོང་མའི་དུས་ཀྱི་སློབ་མ་དང་། ངེད་ཚོའང་རྒྱུས་ཡོད་ཀྱི་འདྲིས་ཆ་ཆེ་བ་ཡིན་ཐོག དེང་སང་གྲྭ་བ་རྙིང་པ་ཡང་ཉུང་ངུར་སོང་བའི་སྟབས། ཁོ་རང་སྐྱབས་མགོན་ཨ་ཀྱཱ་རིན་པོ་ཆེའི་ཡོངས་འཛིན་དམ་པ9དེའི་ཞབས་སློབ་ཏུ་སོང་གཤིས་ཁྲིད་རྒྱུན་འདྲ་ཚད་ལྡན་ཡོད་དམ་སྙམ་ནས། ཁོས་ཞུ་བ་ཆེར་མི་རུང་བ་མེད་འདྲ་བྱས་པར་བརྟེན། ན་ནངས(ནིང)ནས་ཐ་སྙད་ཀྱི་རིག་པར་བསླབ་པའི་འགོ་བརྩམས་ཀྱང་། བྱ་བ་གཞན་གྱི་བྲེལ་གཡིང(གཡེང)གིས་རྒྱུན་ལྡན་མ་ནུས་པ། དོ་ཚིག་དཔྱིད་ཀ་བག་རེ་དང་། ཡང་དེའི་མཇུག་སྟོན་དགུན་གྱི་སྐབས་རྫོགས་ཨེ་ཐུབ་ཀྱི་རེ་བ་ཞིག་མཆིས་པས། ད་ལོ་ཡོང་མི་ཐུབ་པར་ཁྲེལ་དགོངས་མེད་པ་དང་། ལོ་རྟིང་མར་དུས་སྔ་ཙམ་ལ་དགའ་སྤྲོས་མཇལ་འདུན་བགྱི་ཡོད་པ་དགོངས་འཇགས་མཛོད། དེ་སྐད་ཡིད་ལ་ཤར་བའི་དོན་གྱི་བཞིན། ། གཟུ་བོའི་རྗོད་བྱེད་དྭངས་པའི་ཆབ་གཙང་མར། ། ལྷུང་བའི་སྣང་བརྙན་འཁྲུལ་བས་རྙོགས་སྲིད་ན། ། མཁས་པའི་བློ་ཡི་ཀེ་ཏ་ཀས10གྲུངས་མཛོད། ། འཇིག་རྟེན་རྒན་པོའི་ལུགས་ཀྱི་མཚན་མགོན11ལ། ། མངོན་པར་དགའ་བའི་ཁྱིམ་པའི་ས་མོས12དང་། ། ཡང་དག་ཆོས་ཀྱི་ལུགས་བཟང་ཉིན་བྱེད་ལ། ། བརྟེན་པའི་འདབ་བརྒྱའི་རྣམ་དབྱེ་གསལ་བར་མཛོད། ། འདོད་བྱའི་རེ་སྐོང་བསམ་འཕེལ་དབང་གི་རྒྱལ། ། ཐོབ་འདོད་དོན་མཐུན་དལ་བབ་མཛོད་ཉུལ་བའི། ། ཚུལ་དེ་རིགས་པར་ལྡན་ཚེ་འདུས་ཚོགས་ཀྱི། ། མཁས་མང་དགྱེས་པའི་འཛུམ་ཞལ་ངོམ་པར་མཛོད། ། སྔོན་སྨོན་ལེགས་པའི་འབྲེལ་ཐོགས་ཁྱེད་རྣམས་ཀྱི། ། བཞེད་དོན་འགྲུབ་ཅིང་ཚེ་བསོད་རྒྱས་པ་སོགས། ། འཕྲལ་ཡུན་ལེགས་ཚོགས་འགྲུབ་ཕྱིར་མཆོག་གསུམ་གྱི། ། ཐུགས་རྗེ་བསྐུལ་ཏེ་སྐྱབས་འཇུག་རྒྱུན་ལྡན་བགྱིད། ། དེ་སྐད་ལྷ་ཡི་དར་གཤོག་རབ་བརྐྱངས་པའི། ། བཅད་ལྷུགས་སྤེལ་མའི་རྗོད་བྱེད་ལུས་དཀར་ཅན། ། དོན་ལྡན་སྙན་ཚིག་མགྲིན་རྔ་སྒྲོག་བཞིན་དུ། ། མཁས་མང་འདུས་པ་རྒྱ་མཚོའི་ངོགས་སུ་འཕུར། །

ཅེས་སྤྲིངས་ཡིག་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་ནི་ཧལ་ཧ་དར་ཧན་པཱེ་ལིའི་ཤོག་གི་དགོན་པ་དར་རྒྱས་ཆོས་གླིང་གི་ས་བྱེད་ཐུན་མོང་ལ་སྤྲིངས་པའོ། ། ཤུབྷཾ། །  

2 མཆན་འགྲེལ།

1.བཞི་ལྷག་དྲུག་ཅུ་ཡན་ལག་ཚང་བའི་གསུང་། རྗེ་དགེ་འདུན་གྲུབ་པས་མཛད་པའི《བཅོམ་ལྡན་འདས་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་ལ་བསྟོད་པ་བདུད་དཔུང་ཕྱེ་མར་འཐག་པ》ཞེས་པའི་མཆན་རྟགས་ཨང2པར་གཟིགས།

2.མཁས་མང་འདུས་པའི་སྡེ། འདིར་ཧལ་ཧ་དར་ཧན་པཱེ་ལེའི་ཤོག་གི་དགོན་པ་དར་རྒྱས་ཆོས་གླིང་ངོ་། །

3.དཔལ་མགོན་ཀླུ་སྒྲུབ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པའི《སངས་རྒྱས་གཉིས་པ་ཀླུ་སྒྲུབ་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས》ཞེས་པའི་མཆན་རྟགས་ཨང1པོར་གཟིགས།

4.བསླབ་བཏུས། བསླབ་པ་ཀུན་ལས་བཏུས་པ་སྟེ། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་ལམ་འབྲས་སྟོན་པའི་གཞུང་ཞིག རྒྱ་གར་གྱི་སློབ་དཔོན་རྒྱལ་སྲས་ཞི་བ་ལྷས་མཛད་པའོ། །

5.ལམ་རིམ། བྱང་ཆུབ་ལམ་གྱི་རིམ་པ་སྟེ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་གྱི་གཞུང་ཆེ་འབྲིང་ཆུང་གསུམ།

6.ལམ་འབྲས། ས་སྐྱ་པའི་ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སྟེ། ཐོག་མར་གྲུབ་ཆེན་བིརྺ་པས་ཀྱཻ་རྡོ་རྗེའི་རྒྱུད་ལ་བརྟེན་ནས་ལམ་འབྲས་རྡོ་རྗེའི་ཚིག་རྐང་དང་། རྒྱུད་ཀྱི་བཤད་དཀའ་བསྡུས་པ་དང་། ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྣམས་ནག་པོ་བ་དང་ཌོམ་བྷི་པ་ལ་གནང་། དེ་ལས་རིམ་པར་བརྒྱུད་དེ་བོད་དུ་འབྲོག་མི་ལོ་ཙཱ་བ་དང་། དེས་ས་ཆེན་ཀུན་དགའ་སྙིང་པོ་ལ་གནང་། ཁྱད་པར་གྲུབ་ཆེན་བིརྺ་པ་ཆོས་སྒོ་སྐྱེལ་པའི་ཚུལ་དུ་ས་སྐྱར་བྱོན་ཏེ་ས་ཆེན་ཀུན་དགའ་སྙིང་པོ་ལ་ལམ་འབྲས་ཉེ་བརྒྱུད་སྦས་བཤད་བསྩལ། དེས་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན། དེ་ནས་ས་པཎ་དང་འགྲོ་མགོན་འཕགས་པ་སོགས་ལས་རིམ་བཞིན་དར་བའོ། །

7.རྫོགས་ཆེན། འཇིགས་མེད་གླིང་པས་མཛད་པའི《བསྟོད་པ་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ》ཞེས་པའི་མཆན་རྟགས་ཨང28པར་གཟིགས།

8.ཕྱག་ཆེན། ཕྱག་རྒྱ་ཆེན་པོ་སྟེ་འབྲས་བུ་མཐར་ཐུག་གམ་མཆོག་གི་དངོས་གྲུབ་རྒྱ་ཆེན་པོ་ཞེས་བྱ་བ་སྟེ། མཆོག་གི་མི་འགྱུར་བའི་བདེ་བ་དང་། དེ་ལ་རྒྱས་འདེབས་པའི་རྣམ་པ་ཐམས་ཅད་པའི་གཟུགས་སྐད་ཅིག་མ་དང་པོར་ཐོབ་པ་དེ་ལས་བྲི་བ་དང་གང་བ་མེད་པར་ཡེ་ཇི་བཞིན་པའི་ངོ་བོ་ཉིད་ཀྱིས་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་རྟག་ཏུ་གནས་ཤིང་། གཞར་ཡང་དེ་ལས་འདར་མི་སྤྱོད་པ་ཉིད་ཀྱིས་ཕྱག་རྒྱ་ཡིན་ལ། སྤོང་བ་དང་རྟོགས་པ་དང་སེམས་ཏེ་ཆེན་པོ་གསུམ་དང་ལྡན་པས་ན་ཆེན་པོ་སྟེ་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །

9.ཨ་ཀྱཱ་རིན་པོ་ཆེའི་ཡོངས་འཛིན་དམ་པ། སྐབས་དེ་ཨ་ཀྱཱ་ཡེ་ཤེས་སྐལ་བཟང་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་བློ་བཟང་དོན་གྲུབ་ཡིན་ནམ་བརྟག

10.ཀེ་ཏ་ཀ ཆུ་རྙོག་དྭངས་བྱེད་ཀྱི་དངོས་པོ་ཞིག

11.མཚན་མགོན། མཚན་མོའི་མགོན་པོ་སྟེ་ཟླ་བ།

12.ས་མོས། ཟླ་བའི་འོད་ཀྱིས་ཁ་ཕྱེ་བའི་མེ་ཏོག་ཀུ་མུ་དའི་མིང་གཞན།