མཆོང་དམར་བྲག་ལ་གནས་བཅས་ཀོ་ཀ་ལི།།དྲུག་ལྡན་གནས་བཤད་སོམ་ཉི་ཕུལ་ཕྱིར་བྲིས།།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-23 10:32ལ་འགྲུབ།

མཆོང་དམར་བྲག་ལ་གནས་བཅས་ཀོ་ཀ་ལི།།དྲུག་ལྡན་གནས་བཤད་སོམ་ཉི་ཕུལ་ཕྱིར་བྲིས།།

མཆོང་དམར་བྲག་ལ་གནས་བཅས་ཀོ་ཀ་ལི། ། དྲུག་ལྡན་གནས་བཤད་སོམ་ཉི་ཕུལ་ཕྱིར་བྲིས་ཞེས་པ་འདིར་ཡིད་བཞིན་ནོར་བུ་གཅིག་ཏུ་བསྡུས་འདྲའི་གནས་ཁྱད་འཕགས་ཅན་དེ་རུ་ལྷུང་ལྷུང་དལ་གྱིས་འབབ་པའི་གཙང་ཆབ་དང་མཚར་སྡུག་སྔོ་ལྗང་གི་འཕྲེང་བ་ཀུན་ནས་འཁྲིགས་ཏེ། སྒྱུ་འཕྲུལ་ཡོ་ལང་ལ་ཀུན་ནས་བྲེལ་ཞིང་། གནས་འདི་མཐོང་བ་ཙམ་གྱིས་འཛུམ་མདངས་ཤོར་ལ་བསྟེན་པ་ཙམ་གྱིས་སེམས་རྒྱུད་ལ་ངོ་མཚར་གྱི་གཟིགས་མོ་སྣ་ཚོགས་སྣང་བ་དང་། བསྒྲུབ་ན་ཚེ་གཅིག་སངས་རྒྱས་འགྲུབ་པ་སོགས་གནས་འདིའི་ཐུན་མིན་གྱི་ཁྱད་ཆོས་ལ་བསྟོད་བསྔགས་མཛད་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ།
1 མ་ཡིག

མཆོང་དམར་བྲག་ལ་གནས་བཅས་ཀོ་ཀ་ལི། ། དྲུག་ལྡན་གནས་བཤད་སོམ་ཉི་ཕུལ་ཕྱིར་བྲིས། །

ན་མོཿཤྲཱ་ཀཱ་ལ་ཙ་ཀྲ་ཡེ1། ། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་དང་། ། དབྱེར་མེད་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག ། དྲིན་ཅན་བླ་མ་ཚུལ་ཁྲིམས་ཕུན་ཚོགས་རྗེ2། ། ཞབས་རྡུལ་བདག་སྙིང་ཆུ་སྐྱེས་དབུས་སུ་བསྟེན། ། དེ་ཡི་བཀའ་འབངས་བྱང་ཆུབ་བསྟན་སྒྲོན་གྱི། ། རྩ་བརྒྱུད་བླ་མ་སྤྱི་དང་བྱེ་བྲག་ཏུ། ། ངོས་ཀྱི་གོང་མ་བཤད་སྒྲུབ་བསྟན་ཉི་མ3། ། གང་གི་ཞབས་སྐྱེས་བྱང་ཆུབ་བར་དུ་མཆོད། ། མགོན་པོ་གང་གི་ཐུགས་བསྐྱེད་རླུང་ཤུགས་ཀྱིས། ། ཉེར་དྲངས་སྤོང་བ་བསམ་གཏན་ལ་གནས་པའི། ། དགེ་འདུན་སྡེ་དང་སྲིད་གསུམ་བདག་མོ་སོགས། ། བཀའ་སྲུང་རྣམས་ཀྱིས་བྱ་ར་གཡེལ་མེད་སྐྱོངས། ། དབྱངས་ཅན་འཕངས(འཕང)འགྲོའི་རྒྱུད་མངས་ལས་འོངས་པའི། ། ཤིས་བརྗོད་བསྟོད་ཚིག་མནྡ་ར་ཡི་འཕྲེང་། ། ཡོངས་སུ་གཏོར་བས་མཁའ་ལམ་ཡངས་པོར་བྱས། ། སྐབས་དོན་གླེང་བར་བྱ་བའི་བབ་བཅོལ(ཅོལ)ནི། ། སྔོན་ཚེ་མཁས་གྲུབ་གོང་མས་ཕྱག་བཏབ་པའི། ། དབེན་གནས་བཀྲ་ཤིས་བསམ་གླིང4སྒྲུབ་གནས་འདིར། ། གནམ་བསྐོས་ས་ཡི་ཚངས་ཆེན་ཁང་ཞི5ཡིས། ། ལུང་ལས་མངོན་པར་མཐོ་ཞིང་ཆཱན་ལུང6གིས། ། བདག་རྐྱེན་བསྩལ་འིང་ཀླུ་འབུམ་ནང་སོ་ཡིས། ། མཆོད་སྦྱིན་སྒོ་འཕར་ཕྱེ་ཞིང་གཉེར་ཁ་མཛད། ། དགེ་རྒྱུན་འཕེལ་ཞིང་མཆོད་ཐབས་མང་དུ་བཙུགས། ། མི་རབས་མ་སྟོངས་བར་དུ་འཛིན་བདག་བྱས། ། རྟ་ནག་བླ་མ་རྒྱ་ཡི་རྒྱལ་མཚན་གྱིས། ། དགོན་འདིའི་ཁྲི་ལ་དབང་བསྐུར་ཞབས་སེན་འཁོད། ། གཞི་གསུམ་ཕྱག་ལེན7ཚུགས་ཤིང་ཆོས་སྤྱོད་འཕེལ། ། སྐལ་བཟང་གཉིས་སྐྱེས་ཛོགས་རྣམས་མགྲོན་དུ་བོས། ། ཆོས་དང་ཟང་ཟིང་འབྲེལ་བའི་དགའ་སྟོན་བྱས། ། བསྟན་འཛིན་དམ་པ་རྣམས་ཀྱང་ཞབས་ཀྱིས་བཅགས། ། ཆོས་འབྱོར་བདེ་དགས་འགྲོ་རྣམས་ཡིད་རབ་ཚིམས། ། ཞིང་འདི་མཆོད་སྡོང་ཆེན་མོ་གཅིག་ཏུ་གྲུབ། ། དེ་ལྟར་ལོ་ནི་མང་པོར་རབ་བསྐྱངས་སྐབས། ། དུས་ཀྱི་འགྱུར་བ་སྣ་ཚོགས་སྒྱུར་བཀོད་ཀྱིས། ། མཐོ་དམན་བར་མར་གྱུར་པའི་སྐབས་ཤིག་ན། ། ཕྲན་གྱི་སྐྱེ་འཕྲེང་གོང་མའི་ཕྱག་ཏུ་གཏད། ། དེ་ཚེ་ལྷ་རྣམས་དགའ་བའི་ཅ་ཅོ་སྒྲོག ། སླར་ཡང་རྫོགས་ལྡན་གསར་བའི་དཔལ་ལ་བཀོད། ། ཉམས་པ་སོར་ཆུད་མ་ཉམས་གོང་འཕེལ་ངོས། ། མཆོད་རྒྱུན་གསར་བཙུགས་དགེ་ཚོགས་བརྟན་པར་བྱས། ། རྒྱལ་བསྟན་ཉིན་མོ་བཞིན་དུ་གསལ་བར་མཛད། ། སྐབས་འགར་ཡབ་རྗེ་མཆོག་ནས་ཡི་དམ་ལྷ། ། སྤྱི་དང་ཁྱད་པར་རྟ་མཆོག་རོལ་པ་ཡི། ། ལྗགས་བསྙེན8ལོ་འཁོར་བསྲེག་བླུགས9སྨིན་བྱས་མཛད། ། དཔའ་བོ་དཔའ་མོའི་ཚོགས་འཁོར་རྒྱ་ཆེན་ཕུལ། ། དེ་ནས་སྐུ་ཚ་མཛོད་སྲུང་ཆེན་མོ་ཡིས། ། གཏོང་བའི་སྒོ་འཕར་ཡོངས་སུ་ལེགས་ཕྱེ་སྟེ། ། རི་ཁྲོད་གཡོན་ངོས་གཟིམ་ཆུང་གཞི་གཏིང(བཏིངས)ནས། ། སྟེང་འོག་བར་གསུམ་བཟོ་བཀོད་ཁྱད་དུ་འཕགས། ། ལྷ་ཡི་ཁང་བཟང་གཉིས་པ་ཞིག་ཏུ་བསྐྲུན། ། དེ་ཚེ་གནས་གཙང་རིས་ཀྱི་ལྷ་རྣམས་ཀྱིས། ། དགའ་བའི་ཅ་ཅོ་བསྒྲོགས་ཤིང་གླུ་དབྱངས་ལེན། ། ཟིམ་ཆར་དང་བཅས་མེ་ཏོག་ཆར་ཡང་བབས། ། བར་དུ་ཕྱོགས་བཅུའི་མགྲོན་རྣམས་རབ་བཀུག་ནས། ། སྣ་ཚོགས་ཟས་ཀྱི་དགའ་སྟོན་ལེགས་པར་འགྱེད། ། ཀུན་ཏུ་དགའ་བའི་ཡོ་ལང་ཆེན་པོ་འཁྲིགས། ། གཏམ་སྙན་ལྷ་ཡི་རྔ་གསང་ཕྱོགས་ཀུན་ཁྱབ། ། མགོན་པོ་མཆོག་ཀྱང་གནས་དེར་སྤྱན་དྲངས་ནས། ། ཞབས་སོར་འཁོད་བསྟུན་མཎྜལ་ལེགས་ཕུལ་ཏེ། ། དཀར་སྤྲོ་ལེགས་བཏང་གཟིམ་ཆུང་དཔལ་དར་ཕུལ། ། རྗེ་བཙུན་བླ་མ་མཆོག་ནས་རབ་གནས་ཀྱི། ། ཆོ་ག10ཟབ་མོ་མཛད་ཅིང་ཆོས་སྐྱོང་དང་། ། གནས་སྐྱོང་སོགས་ལ་གཏང་རག11གཟབ་རྒྱས་བསྟར། །  ཕྱོགས་དུས་ཀུན་ནས་ལེགས་པའི་མཇལ་དར་དང་། ། རོ་བརྒྱ་ལྡན་པའི་ཤིང་འབྲས་སྣ་ཚོགས་ཕུལ། ། ཉིན་གཅིག་རྗེ་བཙུན་བླ་མ་ཐུགས་དགྱེས་ཏེ། ། རྒྱབ་ལོག་བྲག་རིའི་བྱ་སྐྱིབ(སྐྱིབས)ངོས་དག་ཏུ། ། མ་ཎི་ཡིག་དྲུག་བཟོ་བཀོད་ཁྱད་འཕགས་བྲིས། ། ཕལ་བས་ལག་པས་རེག་མིན་གནས་སུའོ། ། ད་ལྟའི་བར་དུ་ཀུན་གྱི་མཐོང་སྣང་དུ། ། ཡིག་འབྲུ་གསལ་བར་མཇལ་ཞིང་ཁ་ཆར་སོགས། ། ནམ་ཡང་མི་བརྫི་རིང་ནས་གསལ་མཐོང་བས། ། མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་། ། རྟག་ཏུ་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བརྩོན། ། ནང་དུ་ཏིང་འཛིན་ཟབ་མོ་ལ་གཞོལ་བས། ། ཡོན་ཏན་ནམ་མཁའི་མཛོད་ལ་དབང་བསྒྱུར་ཅིང་། ། ཐུབ་བསྟན་གསལ་བའི་སྒྲོན་མེ་གཅིག་ཏུ་གྱུར། ། དེ་ནས་ལོ་འགར་ཆོས་སྤྱོད་རྣམ་བཅུ12ཡི། ། བྱ་བས་རྟག་ཏུ་གཡེངས་ཤིང་དགེ་ལ་བརྩོན། ། འཁོར་ལོ་གསུམ་གྱི་མཛད་འཕྲིན13འོད་སྣང་གིས། ། ཐུབ་བསྟན་ཡང་སྙིང་པད་དཀར་བསྐྱངས་པའི་མཐར། ། དུས་ཀྱི་རྒུད་པ་སྣ་ཚོགས་མངོན་དུ་གྱུར། ། རིམ་བཞིན་ཞི་བའི་དབྱིངས་སུ་མནལ་བའི་ཕྱིར། ། བྱང་ནས་བྱང་དུ་བཏེག་སྟེ་སྐྱེ་འགྲོ་ཡི། ། རེ་བ་མ་ལུས་ཡིད་བཞིན་སྐོང་བར་མཛད། ། དེ་ནས་རེ་ཞིག་ཆོས་ཀྱི་དབྱིངས་སུ་གཤེགས། ། མི་བཟད་སྙིགས་མའི་རང་འཚང(མཚང)མངོན་པར་བརྡོལ། ། མཐའ་དབུས་སྐེ་རྒུ་དུཿཁ་རབ་ཏུ་མྱོང་། ། དེ་ནས་རིང་མིན་དགེ་བའི་བག་ཆགས་ཀྱི། ། ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་སྔོན་མེད་ཀྱི། ། འཛམ་གླིང་ཉི་མ་རྒྱན་གཅིག་འདི་ན་ཤར། ། མཐའ་དབུས་སྐྱེ་དགུ་སེམས་ཅན་མ་ལུས་པའི། ། བདེ་སྐྱིད་རྫོགས་ལྡན་གསར་བའི་དཔལ་ལ་སྤྱོད། ། ངང་གི་ལེགས་སྨོན་བཙན་པོའི་མཐུན་སྨིན་ཏེ། ། དེ་ནས་ཨཱརྱ་པ་ལོའི་སྐུ་དྲུང་དུ། ། ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བཟང་ཐོབ། ། དེ་སྐབས་ཞལ་ནས་ཁྱོད་ཀྱི་རི་ཁྲོད་ཐོབས། ། ངེད་ཀྱང་དེ་རུ་འོང་ཞེས་གསུང་གནང་བསྩལ། ། ལགས་སོ་ཞུ་ནས་རིམ་བཞིན་ལོ་འཁོར་ལོན། ། རི་ཁྲོད་ཕྱི་ནང་བར་གསུམ་ལེགས་པར་བསྒྲུབས། ། རང་ནས་གོང་སའི་ཕྱག་ཕྱིར་རྒྱ་ལ་འགྲིམས། ། སླར་ཡང་འཁོར་ནས་བོད་བསྐྱོད་ཉེར་བསྡོགས་སྐབས། ། ས་ཟླའི་བཅོ་ལྔར་རི་ཁྲོད་གསར་བའི་ནང་། ། ཐུགས་རྗེ་ཆེན་པོ་སྟོན་འཁོར14དངོས་སུ་བྱོན། ། བྱིན་རྟེན་ན་བཟའ་མཐུན་རྐྱེན་རྡོ་ཚད15གསུམ། ། སྤྱི་བོར་བསྩལ་ཅིང་བཞི་རྭ་ཚུགས་ཞེས་གསུངས། ། སྒྲུབ་ཁང་གོང་འོག་རྣམས་ལ་བྱིན་ཆེན་ཕབ། ། འཕྲལ་ཡུན་དགེ་བའི་བསླབ་བྱ་མང་དུ་བསྩལ། ། དེང་འདིར་མ་ལུས་ཐོབ་པ་དོན་དང་ལྡན། ། ད་ནི་གནས་འདིར་རྟེན་གསུམ་བསྒྲུབ་སྙམ་སྐབས། ། ཁོ་བོའི་གཅུང་བོ་བྱམས་ཤཀ་མཛོད་བསྲུང་ནས། ། ངེད་ཀྱི་རིང་འཚོའི་ཆེད་དུ་ཚེ་མཐའ་ཡས། ། སྣང་བརྙན་ཁྱད་འཕགས་བསྐྲུན་ཏེ་ངེད་ལ་བྱིན། ། དེ་ནང་གཟུངས་འཇུག16སྤྱི་དང་ཁྱད་པར་དུ། ། གོང་ས་མཆོག་གིས་བསྩལ་པའི་ན་བཟའ་དང་། ། གསོལ་གར་རྟགས་བརྒྱད་རི་མོ་བཅུད་ཀྱིས་བཀང་། ། དྲི་བཟང་དང་བཅས་བྱུར་བུར་ལེགས་པར་གཏམས། ། སྤྱན་དབྱེའི་ཆོ་ག་ཟབ་མོ་ཡང་དག་བྱས། ། མཆོད་ཁང་དབུས་སུ་བརྟན་པར་བཞུགས་སུ་གསོལ། ། ན་བཟའ་སྙན་ཤལ་དར་དཔྱངས་ལེགས་པར་ཕུལ། ། མདུན་དུ་མཆོད་ཡོན་དཀར་མེ་མཛེས་པར་བཤམས། ། རབ་བྱུང་བཅུ་དྲུག་ལྕུགས་ལུག་སོས་ཀ་ཡི། ། ཡར་ཟླའི་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། ། ལྟོ་འཕྱེའི་བརྟགས་པ་ལྷ་མཆོད་ཀླུ་མཆོད་སོགས། ། ལེགས་པར་བྱས་ནས་ས་གཞི་བྱིན་གྱིས་བརླབས། ། འོག་ཏུ་བརྐོས་ནས་མི་བསྲུན་འབྱུང་བོའི་རིགས། ། གནོན་ཕྱིར་འོད་ཟེར་ཅན་མའི་རྡེའུ་འབུམ་བླུགས། ། དེ་སྟེང་དོན་ཡོད་གྲུབ་པའི་མཚན་མ་བཏབ། ། དགྲ་སྲི་མནན་པའི་ཆོ་ག་ལེགས་བྱས་ནས། ། ས་འཛིན་བང་རིམ་བརྟན་པར་བརྩེགས་པའི་ནང་། ། སེང་ཁྲིའི་བར་དུ་འོད་ཟེར་ཅན་མ་ཡི། ། སྣང་བརྙན་ཕྱུར་བུར་གཏམས་ཏེ་ལེགས་པར་བཀང་། ། སྲོག་ཤིང་བརྟན་པར་བཙུགས་ཏེ་རིམ་བཞིན་བརྩེགས། ། བུམ་པའི་ནང་དུ་འབྲས་སྤུངས་མཆོད་རྟེན་དང་། ། དུས་འཁོར་ལྷན་སྐྱེས་རྗེ་ཡི་ཕྱག་ཚྭ་དང་། ། སྟོན་པ་བདུད་འདུལ་ཚོང་དཔོན་དགེ་ལེགས་སོགས། ། རྣམ་མང་ཕྱག་ཚྭ་མང་པོ་དངོས་སུ་འབྱོར། ། དུས་འཁོར་བསྡུས་རྒྱུད17རིགས་ལྡན་ཉེར་ལྔའི18གྲངས། ། དུས་འཁོར་ཆོ་ག་ལ་སོགས་གསུང་རྟེན་རིགས། ། བྱིན་ཅན་མང་པོ་ལེགས་པར་བཀྲམ་ནས་བཞག ། བར་ཚང་དང་བཅས་བྱིན་རྟེན་སྐུ་བརྙན་དང་། ། ས་སྲིབས་མེད་པར་བཀང་སྟེ་འཁྲིགས་མར་གཏམས། ། བྲི་དང་ཐུགས་རྗེའི་མདོ་གཟུངས་ནང་དུ་ནི། ། བདེ་གཤེགས་སོ་ལྔ19ཉིས་སྟོང་ལྷག་ཙམ་བཞུགས། ། འདོས་ལྷ་དང་བཅས་བར་མཚམས་མེད་པར་བཀང་། ། སྲོག་ཤིང་སྟེང་དུ་ཆོ་ག་བཞིན་དུ་བྱས། ། སྐབས་དེར་མི་གཅིག་རལ་གྲི་བྱིན་པ་དེ། ། སྲོག་ཤིང་སྟེང་དུ་ལེགས་པར་བཅིངས་ནས་བཞག ། ན་བཟའ་དང་བཅས་ཆོས་འཁོར་བཅུ་གསུམ་དང་། ། ཆར་ཁེབ(ཁེབས)ཏོག་དང་བཅས་ཏེ་ལེགས་པར་བསྐྲུན། ། འཕྲལ་དུ་རབ་གནས་བྱས་ཏེ་བྱིན་ཆེན་ཕབ། ། ཉེ་འཁོར་སྡེ་རྣམས་རབ་སྟོན་ཁྱད་འཕགས་དྲངས། ། གནམ་གཤིས་བཟང་ཞིང་ཟིམ་ཆར་ཕྲན་བུ་བབས། ། དེ་ལྟར་ལེགས་གྲུབ་རྒྱུད་ལས་རབ་གསུངས་པའི། ། དུས་འཁོར་མཆོད་རྟེན་ཐོག་ཚད་ངོ་མཚར་ཅན། ། ཞག་གྲངས་བཅོ་ལྔའི་ཁོངས་སུ་ལེགས་པར་གྲུབ། ། བྱམས་ཁང་ནང་དུ་མཆོད་ཁང་དབུས་མ་རུ། ། མདའ་ཚད་ཙམ་གྱི་དཔལ་ལྡན་འབྲས་སྤུངས་ཀྱི། ། མཆོད་རྟེན་མཐོང་བ་དོན་ལྡན་གསར་དུ་བཞེངས། ། ནང་གཞུག་འབུལ་སྐབས་དབུས་ན་རྒྱ་གར་གྱི། ། གནས་ཆེན་རྣམས་ཀྱི་ས་སྣ་རྡོ་སྣ་དང་། ། བྱང་ཆུབ་ཤིང་གི་ལོ་མ་ལྔ་ཕྲག་གཅིག ། ནཻ་རཉྫ་ནའི20ས་དང་དུར་བ་སོགས། ། ཤིང་ཐོག་བིལ་བ་རྡོ་རྗེ་གདན་གྱི་ས། ། རྟེན་སྣ་ཁྱད་འཕགས་མང་བ་ནང་གཞུག་ཕུལ། ། དེ་མཚུངས་གླིང་ནས་བསྡུས་རྒྱུད་ཚར་ལྔ་དང་། ། རིགས་ལྡན་གསོལ་འདེབས་བྲིས་སྐུ་སུམ་བརྒྱ་བ། ། བྱམས་སྨོན་བསྟན་པ་རྒྱས་པའི་སྨོན་ལམ་དང་། ། གཟུངས་འཇུག་རྒྱས་བསྡུས་དྲི་བཟང་སྨན་ཕྱེ་སོགས། ། ལེགས་པར་བཀང་སྟེ་བར་མཚམས་མེད་པར་གཏམས། ། སྒོ་རྒྱན་ནང་དུ་ལྷ་མོ་བཅུ་གཉིས21དང་། ། མཆོད་རྫས་མེ་ཏོག་དང་བཅས་རབ་ཏུ་མཆོད། ། བཞུགས་ཁང་ངོས་བཞི་ངོ་མཚར་སེང་གེས་བརྒྱན། ། སྐབས་དེར་དྲིལ་ཆུང་བྱིན་པའང་སྟེང་དུ་ཕུལ། ། འཕྲལ་དུ་སྤྱན་དབྱེའི་ཆོ་ག་ལེགས་བྱས་ནས། ། ངོ་མཚར་སྣང་བརྙན་སྐུ་མཆོག་མཛེས་པར་བཞུགས། ། རབ་སྟོན་མཚོན་ཙམ་བྱས་སྐབས་རྟེན་འབྲེལ་བགྲིགས(བསྒྲིགས)། ། རང་གཞན་མཆོད་པའི་རྟེན་དུ་ལྷུན་གྱིས་གྲུབ། ། བྱང་ཕྱོགས་མི་ལ་ཕུག་ཏུ་བྲག་རིའི་དབྱིབས། ། རྩི་ཤིང་ནགས་ཚལ་རི་དྭགས་སྣ་ཚོགས་ཀྱིས། ། ཀུན་ནས་བརྒྱན་པའི་དབུས་སུ་མི་ལ་རྗེ། ། ཤ་བ་མགོན་པོ་རྡོ་རྗེ་ཁྱི་ར་བ། ། རས་ཆུང་ནཱ་རོ་བོན་ཆུང་ལ་སོགས་པ། ། ངོ་མཚར་སྒྱུ་འཕྲུལ་བཀོད་པ་བསམ་མི་ཁྱབ། ། བསོད་ནམས་ཞིང་དུ་ཉེར་བསྐྲུན་མདུན་ངོས་སུ། ། ལྕགས་ཀྱི་དྲ་མིག་ཡོངས་སུ་ལེགས་བརྒྱན་ཏེ། ། ནང་དུ་བསམ་གཏན་ཁང་བུ་ཉམས་དགའ་བ། ། ཕྱི་རུ་རྣལ་འབྱོར་བདེ་བའི་ཡོ་བྱད་ཚང་། ། དེ་ལྟའི་སྤྲོ་བདེའི་ཁང་བཟང་ལྷུན་གྱིས་གྲུབ། ། གནས་དེར་རྣལ་འབྱོར་བརྩོན་རྣམས་སྐལ་བ་བཟང་། ། རྒྱབ་ཏུ་མཆོད་རྟེན་ཁང་བུ་བརྩེགས་པའི་ནང་། ། སྲོག་ཤིང་བརྟན་པར་བཙུགས་ཏེ་གནས་ཆེན་གྱི། ། ས་སྣ་རྡོ་སྣ་ཕྱེ་མ་ལེགས་པར་བདལ། ། དྲི་བཟང་དང་བཅས་སྟེང་དུ་འདོད་ལྷའི་སྐོར། ། འོད་ཟེར་ཅན་དང་མི་འཁྲུགས་དུས་འཁོར་ལོ། ། བདེ་གསང་འཇིགས་གསུམ་རྗེ་དང་ཐུབ་དབང་སྐུ། ། དབུས་སུ་རྒྱལ་བའི་ཕྱག་ཚྭ་སྙིང་པོར་བཞུགས། ། དེ་ནས་རིམ་གྱིས་བཀང་སྟེ་ཕྱུར་བུར་གཏམས། ། རིགས་ལྔའི་གྲངས་ལྡན་སྐུ་ནི་འབུམ་ཕྲག་བཅས། ། ལེགས་བཞུགས་ཚད་ཁང་བསྐྲུན་ཏེ་རབ་གནས་བྱས། ། ངོ་མཚར་ལྟས་བཟང་དགའ་བ་དཔག་མེད་རྒྱས། ། བདུད་དང་འབྱུང་བོའི་ཚོགས་རྣམས་ཀུན་ལས་རྒྱལ། ། དེ་ལྟར་རྗེ་བཙུན་གོང་མའི་གདན་ས22རུ། ། རྣམ་དཀར་དགེ་ཚོགས་ཇི་སྙེད་བསྐྲུན་པའི་མཐུས། ། གནས་འདིར་སྤོང་བ་བསམ་གཏན་ལ་གཞོལ་བའི། ། དགེ་འདུན་འདུས་པའི་ཚོགས་རྣམས་རབ་རྒྱས་ཏེ། ། རྟག་ཏུ་བཤད་སྒྲུབ་བྱ་བས་དུས་འདའ་ཞིང་། ། ཁྲིམས་གཙང་ཆོས་སྤྱོད་དགེ་བཅུས་རྟག་ཏུ་འཚོ། ། རིམ་གཉིས་འབྲས་བཟང་མངོན་དུ་གྱུར་པ་ཡིས། ། དོན་གཉིས་བསྒྲུབས་ཏེ་རྒྱལ་བསྟན་དར་བར་སྨོན། ། ཡུལ་ཕྱོགས་མི་རྣམས་དགེ་བཅུའི་ཁྲིམས་ལ་གནས། ། བསྟན་དང་བསྟན་འཛིན་སྤྱི་བོའི་ཐོད་བཞིན་བཀུར། ། ཕན་ཚུན་བྱམས་ཤིང་ཕུ་ནུ་བཞིན་དུ་བསྐྱངས། ། ཀུན་ཀྱང་དཀར་པོའི་བསམ་སྦྱོར་ལྡན་པར་ཤོག ། འཇིག་རྟེན་ཀུན་ཏུ་འཐབ་རྩོད་འཁྲུག་ལོང་དང་། ། ནད་མཚོན་མུ་གེའི་འཇིགས་པ་ཀུན་ཞི་ཞིང་། ། ལོ་ཉེས་སད་སེར་བཙའ་ཐན་འབུ་སྲིན་སོགས། ། དུས་ཀྱི་རྒུད་པའི་མིང་ཡང་མེད་པར་ཤོག ། ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་རྒྱས། ། རྩི་ཤིང་ནགས་ཚལ་འཕྲེང་བས་ཀུན་ནས་འཁྲིགས། ། ས་ཡི་བདག་པོས་དགེ་བཅུའི་ཁྲིམས་ཀྱིས་བསྐྱངས། ། བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག ། ཨ་ཧོ། མཛེས་མཛེས་གཅིག་ཏུ་བསྡུས་པའི་ཡིད་བཞིན་ནོར། ། ལྷུང་ལྷུང་དལ་གྱིས་བབས་པའི་མཆོད་ཡོན་བསྒྲེངས། ། མཚར་མཚར་སྔོ་ལྗང་འཕྲེང་བ་ཀུན་ནས་འཁྲིགས། ། མང་མང་སྒྱུ་འཕྲུལ་ཡོ་ལང་ཀུན་ནས་བྲེལ། ། དེ་ལྟའི་གནས་མཆོག་དམ་པ་འདི། ། མཐོང་བ་ཙམ་གྱིས་འཛུམ་ཡང་ཤོར། ། ཀུན་ཏུ་དགེ་བ་བསམ་པ་ཡིས། ། གནས་འདིར་སྤྱད་རྣམས་ཨ་ལ་ལ། ། བསྟེན་པ་ཙམ་གྱིས་སེམས་རྒྱུད་ལ། ། བསྒོམ་ན་ངོ་མཚར་གཟིགས་མོ་ཆེ། ། བསྒྲུབ་ན་ཚེ་གཅིག་སངས་རྒྱས་འགྲུབ། ། བསམ་ན་དད་པ་ཨ་ལ་ལ། ། ཨ་ཧོ་རྨད་བྱུང་སྐལ་བ་བཟང་། །

ཞེས་པ་འདི་ཡང་དཔྱོད་ལྡན་དགེ་ལ་བརྩོན་ཞིང་ངོས་ལ་མི་ཕྱེད་པའི་དད་སྟོབས་དང་ལྡན་པ་དགེ་སློང་ངག་དབང་བརྩོན་འགྲུས་ནས་ཡང་ཡང་བསྐུལ་པའི་ངོ་མ་བཟློག་པར། ཆོས་མེད་རྒྱལ་ཁམས་པ་ཆོས་ཀྱི་རྡོ་རྗེས་གང་དྲན་ཐོལ་བྱུང་དུ་སྨྲ་བའོ། །

2 མཆན་འགྲེལ།

1.ན་མོཿཤྲཱ་ཀཱ་ལ་ཙ་ཀྲ་ཡེ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །

2.ཚུལ་ཁྲིམས་ཚུན་ཚོགས། རྗེ་ཉིད་ཀྱི་ཁུ་བོ་བློ་བཟང་ཕུན་ཚོགས་པ་ཡིན་ནམ་བརྟག

3.བཤད་སྒྲུབ་བསྟན་ཉི་མ། རྗེ་འདིའི་སྐུ་གོང་མ་ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་སྟེ། རབ་བྱུང་བཅུ་གསུམ་པའི་མེ་འབྲུག(སྤྱི་ལོ1796)ལོར་འཁྲུངས། ཐོག་མར་སྐུ་འབུམ་རྒྱུད་པའི་ཁྲིར་བཞུགས། རབ་བྱུང་བཅུ་བཞི་བའི་མེ་བྱི(སྤྱི་ལོ1816)ལོར་སྐུ་འབུམ་ཁྲི་ཆེན་ལ་འཁོད། ལོ་དེར་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེའི་གཟིགས་སྐྱོང་ལ་བརྟེན་ནས་གསེར་སྡོང་ཆེན་མོའི་གོང་འོག་ཞིག་གསོས་དང་རྩིག་པ་གཡུའི་མདངས་ཅན་གྱི་ཕ་གུ་དང་གྱོ་མོ་ལེགས་པར་བརྟད། མེ་གླང(སྤྱི་ལོ1817)ལོར་འདུ་ཁང་ཆེན་མོ་གསར་དུ་བཞེངས། ས་སྟག(སྤྱི་ལོ1818)ལོར་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་གསར་སྐྲུན་མཛད།

4.བཀྲ་ཤིས་བསམ་གླིང་། བྲག་རི་བཀྲ་ཤིས་བསམ་གཏན་གླིང་སྟེ། མདོ་སྨད་ཙོང་ཆུའི་ལྷོ་དང་རྨ་ཆུའི་བྱང་རྒྱུད་ཀྱི་སར་གནས་པའི་སྒྲུབ་སྡེ་ཞིག ཆེ་ཤོས་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་གདན་ས་ཡིན།

5.གནམ་བསྐོས་ས་ཡི་ཚངས་ཆེན་ཁང་ཞི། གནམ་གྱིས་བསྐོས་པའི་ས་སྐྱོང་ཆེན་པོ་གོང་མ་ཁང་ཞི་རྒྱལ་པོ་སྟེ། བོད་སྐད་དུ་གོང་མ་བདེ་སྐྱིད་རྒྱལ་པོ་ཟེར། ཆིང་རྒྱལ་རབས་ཨང་གཉིས་པའི་ཁྲི་ལོའི་མིང་། སྤྱི་ལོ1662ལོ་ནས་སྤྱི་ལོ1723ལོའི་བར་རྒྱལ་སྲིད་བསྐྱངས།

6.ཆཱན་ལུང་། ཆིང་རྒྱལ་རབས་ཨང་བཞི་བའི་ཁྲི་ལོའི་མིང་སྟེ། སྤྱི་ལོ1736ལོར་རྒྱལ་སྲིད་བཟུང་། ལྕང་སྐྱ་རྡོ་རྗེ་འཆང་དང་ཐུའུ་བཀྭན་ཧོ་ཐོག་ཐུ་ཡབ་སྲས་དབུ་བླར་བཀུར། བོད་ཀྱི་ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏི་ནི་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་སྐོར་གསེར་བུམ་དཀྲུག་འདོན་གྱིས་ཐག་གཅོད་བྱེད་པ་སོགས་འཕྲལ་ཕུགས་གལ་གནད་ཅན་གྱི་བྱ་གཞག་ཁག་མང་གཏན་འབེབས་བྱས།

7.གཞི་གསུམ་ཕྱག་ལེན། གསོ་སྦྱོང་དང་། དབྱར་གནས། དགག་དབྱེ་གསུམ་གྱི་ལག་ལེན་ཏེ། དེ་ཡང་ཟླ་བ་རེ་རེ་བཞིན་ཚེས་བཅོ་ལྔ་དང་གནམ་གང་གཉིས་ལ་གསོ་སྦྱོང་རེ་དང་། དབྱར་ཁ་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ནས་ཟླ་བ་བདུན་པའི་ཚེས་ཉེར་དགུའི་བར་དབྱར་ཁྲིམས་ཁས་བླངས་པས་དབྱར་གནས་དང་། དེ་ཟླའི་སུམ་ཅུ་ཉིན་དབྱར་གྲོལ་སྐབས་དགག་དབྱེ་བཅས་ཡིན།

8.ལྗགས་བསྙེན། སྒོམ་པའམ་ལྷའི་སྔགས་འདྲེན་པ།

9.བསྲེག་བླུགས། སྦྱིན་སྲེག་སྟེ་ཡམ་ཤིང་སོགས་འབར་བའི་མེའི་མཆོད་སྦྱིན།

10.རབ་གནས་ཀྱི་ཆོ་ག རྟེན་གསུམ་སོགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའམ་བརྟན་པོར་གནས་པར་བྱེད་པའི་ཆོ་ག

11.གཏང་རག ཆོས་ཕྱོགས་ཀྱི་ལེགས་འབུལ།

12.ཆོས་སྤྱོད་རྣམ་བཅུ། གསུང་རབ་ཀྱི་ཡི་གེ་འབྲི་བ་དང་། མཆོད་པ་འབུལ་བ། སྦྱིན་པ་གཏོང་བ། ཆོས་ཉན་པ། འཛིན་པ། ཀློག་པ། འཆད་པ། ཁ་ཏོན་དུ་བྱ་བ། ཆོས་ཀྱི་དོན་སེམས་པ། ཆོས་ཀྱི་དོན་སྒོམ་པ་བཅས་བཅུའོ། །

13.འཁོར་ལོ་གསུམ་གྱི་མཛད་འཕྲིན། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་། སྤོང་བ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་བཅས་གསུམ་གྱི་མཛད་པའམ་བྱ་སྤྱོད།

14.སྟོན་འཁོར། སྟོན་པ་དང་འཁོར་རམ་གཙོ་བོ་དང་འཁོར།

15.རྡོ་ཚད། སྔར་བོད་དུ་དངུལ་སྲང་ལྔ་བཅུ་ཐམ་པ་ལ་རྡོ་ཚད་གཅིག་ཏུ་རྩིས།

16.གཟུངས་འཇུག གཟུངས་གཞུག་སྟེ་མཆོད་རྟེན་དང་སྐུ་འདྲའི་ནང་ལ་འཇུག་པར་བྱེད་པའི་རིང་བསྲེལ་དང་གཟུངས་སྔགས་སོགས་རྟེན་གྱི་སྙིང་པོ།

17.དུས་འཁོར་བསྡུས་རྒྱུད། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཅེས་བྱ་བ་ལེའུ་ལྔ་བ། ཁ་ཆེ་པཎྜི་ཏ་སོ་མ་ནཱ་ཐ་དང་། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ཅིང་། ཕྱིས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་འགྱུར་བཅོས་མཛད།

18.རིགས་ལྡན་ཉེར་ལྔ། གྲུབ་དབང་འཇིགས་མེད་བསམ་གཏན་གྱིས་མཛད་པའི《བྱང་ཕྱོགས་ཤམྦྷ་ལའི་ཞིང་གི་བཀོད་པ་མདོ་ཙམ་བརྗོད་པ》ཞེས་པའི་མཆན་རྟགས་ཨང6པར་གཟིགས།

19.བདེ་གཤེགས་སོ་ལྔ། 《ཕུང་པོ་གསུམ་པའི་མདོ》ལས་བསྟན་པའི་རང་གི་ཁ་ན་མ་ཐོ་བ་རྣམས་བཤགས་པའི་ཡུལ་གྱི་དེ་བཞིན་གཤེགས་པའི་ལྷ་གྲངས་སོ་ལྔ་སྟེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་རྡོ་རྗེ་སྙིང་པོའི་རབ་ཏུ་འཇོམས་པ། དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ། དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོ། དེ་བཞིན་གཤེགས་པ་དཔའ་བོའི་སྡེ། དེ་བཞིན་གཤེགས་པ་དཔལ་དགྱེས། དེ་བཞིན་གཤེགས་པ་རིན་ཆེན་མེ། དེ་བཞིན་གཤེགས་པ་རིན་ཆེན་ཟླ་འོད། དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད། དེ་བཞིན་གཤེགས་པ་རིན་ཆེན་ཟླ་བ། དེ་བཞིན་གཤེགས་པ་དྲི་མ་མེད་པ། དེ་བཞིན་གཤེགས་པ་དཔལ་སྦྱིན། དེ་བཞིན་གཤེགས་པ་ཚངས་པ། དེ་བཞིན་གཤེགས་པ་ཚངས་པས་བྱིན། དེ་བཞིན་གཤེགས་པ་ཆུ་ལྷ། དེ་བཞིན་གཤེགས་པ་ཆུ་ལྷའི་ལྷ། དེ་བཞིན་གཤེགས་པ་དཔལ་བཟང་། དེ་བཞིན་གཤེགས་པ་ཙན་དན་དཔལ། དེ་བཞིན་གཤེགས་པ་གཟི་བརྗིད་མཐས་ཡས། དེ་བཞིན་གཤེགས་པ་འོད་དཔལ། དེ་བཞིན་གཤེགས་པ་མྱ་ངན་མེད་པའི་དཔལ། དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུ། དེ་བཞིན་གཤེགས་པ་མེ་ཏོག་དཔལ། དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ། དེ་བཞིན་གཤེགས་པ་ནོར་དཔལ། དེ་བཞིན་གཤེགས་པ་དྲན་པའི་དཔལ། དེ་བཞིན་གཤེགས་པ་མཚན་དཔལ་ཤིན་ཏུ་ཡོངས་གྲགས། དེ་བཞིན་གཤེགས་པ་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ། དེ་བཞིན་གཤེགས་པ་ཤིན་ཏུ་རྣམ་པར་གནོན་པའི་དཔལ། དེ་བཞིན་གཤེགས་པ་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ། དེ་བཞིན་གཤེགས་པ་རྣམ་པར་གནོན་པས་གཤེགས་པའི་དཔལ། དེ་བཞིན་གཤེགས་པ་ཀུན་ནས་སྣང་བ་བཀོད་པའི་དཔལ། དེ་བཞིན་གཤེགས་པ་རིན་ཆེན་པད་མའི་རྣམ་པར་གནོན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་དེ་བཞིན་གཤེགས་པ་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོ་བཅས་སོ་ལྔའོ། །

20.ནཻ་རཉྫ་ན། རྒྱ་གར་རྡོ་རྗེ་གདན་གྱི་ཉེ་འདབས་སུ་འབབ་པའི་ཆུ་བོ་ཞིག

21.ལྷ་མོ་བཅུ་གཉིས། མཆོད་པའི་ལྷ་མོ་བཅུ་གཉིས།

22.རྗེ་བཙུན་གོང་མའི་གདན་ས། རྩོམ་འདི་མཛད་པོ་ཆེ་ཤོས་མཁན་ཆེན་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེའི་སྐུ་གོང་མ་ཆེ་ཤོས་དཔོན་སློབ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མའི་གདན་ས་བྲག་རི་བཀྲ་ཤིས་བསམ་གཏན་གླིང་།