ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་ཕོ་བྲང་བདུད་རྩིའི་སྨན་ཆབ་ཁོལ་བའི་གནས་ཀྱི་བསྟོད་པ།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-22 10:53ལ་འགྲུབ།

ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་ཕོ་བྲང་བདུད་རྩིའི་སྨན་ཆབ་ཁོལ་བའི་གནས་ཀྱི་བསྟོད་པ།

ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་ཕོ་བྲང་བདུད་རྩིའི་སྨན་ཆབ་ཁོལ་བའི་གནས་ཀྱི་བསྟོད་པ་འདི་བཞིན་དགོས་ཞེས་དད་བརྩོན་བློ་དང་ལྡན་པ་དགེ་སློང་དཀོན་མཆོག་བྱམས་པ་ནས་ཡང་ཡང་ནན་ཆེར་བསྐུལ་ཞིང་ཉེ་ཆར་སྒོས་ལྷ་སྡེའི་ཚོ་སྤྱི་ནས་ཀྱང་བསྐུལ་ངོར། དམ་པ་སྔ་མས་མཛད་པ་གཞིར་བཟུང་རང་བློར་གང་ཤར་གྱིས་ཁས་བསྐངས་ཏེ། འཇམ་མགོན་བླ་མའི་ཐུགས་སྲས་རོང་བོ་ལྕེ་ནག་པའི་མཚན་གྱི་བྱིན་གྱིས་རླབས་པའི་བཙུན་གཟུགས་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོས་ཤིང་ལུག་ཐ་སྐར་ཟླ་བའི་གྲལ་ཚེས་བཟང་པོར་གྲུབ་པར་སྦྱར་བའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ།
1 ​མ་ཡིག

ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་ཕོ་བྲང་བདུད་རྩིའི་སྨན་ཆབ་ཁོལ་བའི་གནས་ཀྱི་བསྟོད་པ།

ཨོཾ་སྭསྟི། བགྲང་ཡས་རྒྱལ་བའི་སོར་རྟོག་ཡེ་ཤེས1ཁམས། ། དམར་གསལ་མཚན་དཔེའི་གཟུགས་ཀྱི་རྣམ་རོལ་བ། ། མཚན་ཙམ་དྲན་པས་མི་ཤིགས་རྡོ་རྗེའི་སྲོག ། སྩོལ་མཛད་ཚེ་མཐའ་ཡས་པས2དགེ་ལེགས་སྩོལ། ། ཕྱག་ན་པདྨོའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། ། བསིལ་ལྗོངས་འགྲོ་ལ་ཕན་བདེའི་སྣང་བའི་དཔལ། ། སྦྱིན་མཛད་མཁས་དང་གྲུབ་པའི་སྐྱེས་མཆོག་ཀུན། ། བཀའ་དྲིན་དྲན་པས་བསྟོད་ཅིང་བསྔགས་པའི་གནས། ། ཁྱད་པར་མཐུ་སྟོབས་དབང་ཕྱུག་པདྨ་འབྱུང་། ། རྣམ་དག་བསྟན་པའི་སྲོལ་འབྱེད་ཨ་ཏི་ཤ ། འཇམ་མགོན་རྒྱལ་བའི་དབང་པོ་བློ་བཟང་གྲགས། ། རྣམ་གསུམ་དབྱེར་མེད3ཞབས་རྡུལ་གཙུག་གིས་བསྟེན། ། འཛམ་གླིང་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར། ། འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་དང་། ། གྲུབ་པའི་སྐྱེས་མཆོག་བུདྔྷ་བཛྲའི་ཞབས4། ། ཡབ་སྲས་བཅས་པར་བརྒྱུད་རྣམས་ཕྱག་གི་ཡུལ། ། མདོ་སྨད་ལྷོ་རྒྱུད་རོང་ཁམས་སྨན་གྱི་ལྗོངས། ། ནོར་འཛིན་ཐིག་ལེ་དགེ་བཅུའི་བཅུད་ཆགས་པར། ། སྲས་བཅས་རྒྱལ་བའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། ། སྐྱེ་འགྲོའི་གདུང་སེལ་སྨན་གྱི་ཕོ་བྲང་གྲུབ། ། རྒྱལ་དང་རྒྱལ་སྲས་ཉན་རང་འཕགས་པའི་ཚོགས། ། དཔའ་བོ་ཌཱ་ཀི་ཞི་དང་ཁྲོ་བོའི་ལྷ། ། འཇིག་རྟེན་འདས་དང་མ་འདས་སྲུང་ཚོགས5བཅས། ། མཁའ་ལ་སྐར་ཚོགས་ཇི་བཞིན་བཀྲ་བ་ཡིས། ། གང་འདུལ་རབ་འབྱམས་སྤྲུལ་པའི་བཀོད་པ་འབུམ། ། དབྱར་གྱི་སྤྲིན་བཞིན་སྤྲོ་ཞིང་སྡུད་པའི་ཚུལ། ། རྣམ་དག་སྤྱན་ལྡན་སྐྱེས་བུའི་གཟིགས་མོ་རུ། ། ཅིར་ཡང་འཆར་བའི་ངོ་མཚར་བརྗོད་ལས་འདས། ། སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོ་སོགས། ། རྣམ་འདྲེན་དུ་མའི་སྤྱན་སྔར་ལྔ་བདོའི་འགྲོར6། ། ཕན་དང་བདེ་བའི་སྣང་བ་འཛད་མེད་དཔལ། ། སྟེར་བའི་རླབས་ཆེན་ཐུགས་བསྐྱེད་སྨོན་ལམ་བརྒྱ། ། བཏབ་པའི་འབྲས་བུ་དུས་སུ་སྨིན་པ་ལས། ། ཐུན་མོང་གདུལ་བྱའི་སྣང་ངོ་དང་འཚམས་པར། ། འཚོ་མཛད་གདེངས་ཅན་བདག་པོའི་གཟུགས་བཟུང་སྟེ། ། བསྟེན་པ་ཙམ་གྱིས་བཞི་བརྒྱ་རྩ་བཞིའི་ནད། ། དྲུངས་འབྱིན་སྨན་གྱི་རྫིང་བུའི་རྒྱུན་བཟང་པོས། ། སྐལ་བཟང་འགྲོ་བའི་སྡུག་ཀུན་དྲི་མ་ཀུན། ། འཁྲུད་པའི་ཕར་ཕྱིན་དྲུག་ལྡན་ཐབས་མཁས་ཀྱི། ། རླབས་ཆེན་སྤྱོད་ལ་རིང་ནས་གོམས་པར་མཛད། ། ཉོན་མོངས་སྙིགས་མས་གཙེས་པའི་ཉམ་ཐག་འགྲོའི། ། བརྣག་དཀའི་ལས་ཀྱི་འབྲས་བུ་བདོ་བའི་ཚེ། ། ཐུགས་བསྐྱེད་སྨོན་པའི་ནུས་པ་ཆེར་རྒྱས་པས། ། བརྩེ་བའི་བདག་ཉིད་གཞན་གྱི་ཁེངས་པ་འཕྲོག ། རྒྱལ་སྲས་དཔའ་བོའི་ངོ་མཚར་མཛད་བཟང་གིས། ། མགྲོན་དུ་བོས་པའི་བསླུ་མེད་སྐྱབས་ཀྱི་ཚོགས། ། རང་རང་བྱིན་རླབས་ནུས་མཐུ་ངོམས་བཞིན་དུ། ། སྐལ་བཟང་འགྲོ་ལ་བྱིན་རླབས་ཆར་རྒྱུན་འབེབས། ། སྟེང་ཕྱོགས་རིན་ཆེན་སྤུངས་པའི་ཕོ་བྲང་དུ། ། བསྐལ་པ་བཟང་པོའི་སྟོབས་བཅུའི་རྩལ་འཆང་སྟོང7། ། རང་རང་སྲས་དང་སློབ་མར་བཅས་པ་ཡིས། ། སྣ་ཚོགས་མཛད་པའི་རོལ་པས་ཞིན་ཀུན་འགེངས། ། གཞན་ཡང་དགྲ་བཅོམས་གནས་བརྟན་བཅུ་དྲུག8དང་། ། དགེ་བསྙེན་ཆེན་པོ་འཇིག་རྟེན་སྐྱོང་བར་བཅས། ། ཐུབ་པའི་རིང་ལུགས་སྐྱོང་ཞིང་སྙིགས་མའི་འགྲོར། ། གང་འཚམས་ཕན་བདེའི་གྲུ་ཆར་ཅི་ཡང་འབེབས། ། གཡས་ཕྱོགས་ལྷུན་སྟུག་སྲ་མཁྲེགས་བྲག་གི་རིར། ། སྙིགས་མའི་མགོན་པོ་བདེ་གཤེགས་སྨན་གྱི་བླ། ། མཆེད་བདུན་དྲང་སྲོང་རིག་འཛིན་ལྷ་མོའི་ཚོགས། ། སྲིད་ཞིའི་འཇིགས་ཀུན་སྐྱོབ་པའི་མགོན་དུ་བཞུགས། ། དེ་མདུན་ཤིང་བྲག་འདྲེས་པའི་གནས་རི་ལ། ། གནོད་སྦྱིན་སྡེ་དཔོན་བཅུ་གཉིས་འཁོར་བཅས་དང་། ། རྡོ་རྗེ་བདུད་འདུལ་དམ་ཅན་ཕོ་ཉའི་ཚོགས། ། རྣམ་བཞིའི་འཕྲིན་ལས་ལྷུན་གྲུབ་སྟོབས་ཀྱིས་སྙེམ། ། གཞན་ཡང་སྟེང་ཕྱོགས་གནས་རིའི་བཀོད་པ་ནི། ། གྲུ་འཛིན་ཞིང་གི་མཆེད་ཟླར་འོས་པ་རུ། ། སྤྱན་རས་གཟིགས་དབང་ནམ་མཁའ་རྒྱལ་པོ་དང་། ། སེངྒེའི་སྒྲ་དང་ཧ་ལཱ་ཧ་ལ9བཞུགས། ། ཕྱག་ན་རྡོ་རྗེ་མཁའ་ལྡིང་ནག་པོ་དང་། ། འཇམ་དཔལ་ཀླུ་ཡི་གཤེད་དང་དུག་སེལ་མ། ། ཀླུ་ཡི་ནད་དང་བི་ཥའི10འཇིགས་པ་ལས། ། སྐྱོབ་བྱེད་སྨན་གྱི་ཆུ་རྒྱུན་འབེབས་ཤིང་བཞུགས། ། པད་རག་མདངས་ལྡན་མཛེས་པའི་བྲག་རི་ལ། ། གངས་རིའི་མདོག་འཆང་དཔལ་ལྡན་འཁོར་ལོ་སྡོམ11། ། ཤེས་རབ་ཕག་མོར་རོལ་པའི་གར་བསྒྱུར་ཞིང་། ། བདེ་ཆེན་འཆི་མེད་བདུད་རྩིའི་རྒྱུན་བཟང་འབེབས། ། རྣལ་འབྱོར་གསང་མཐའི་ལམ་བཟང་སྒྲུབ་པའི་གནས། ། མཆོག་གྱུར་གསང་བའི་རྟགས་ཀྱིས་ཉེར་མཚན་ཞིང་། ། དཀར་དམར་བྱང་སེམས་གྲུབ་པའི་བཅུད་ལེན་གྱི། ། རྫས་ཀྱི་བྱེ་བྲག་དུ་མ་ཚར་དུ་དངར། ། མདུན་ཕྱོགས་ཁ་དོག་སྣ་ཚོགས་བྲག་གི་ཕུག ། གཡུ་ལོ་བཀོད་པའི་མཆེད་ཟླར་འོས་པ་དེར། ། འཇིགས་སྐྱོབ་སྒྲོལ་མཛད་ལྷ་མོ་མར་གད་མདོག ། ཨུཏྤལ་བདུད་རྩིའི་བུམ་འཛིན་འཁོར་བཅས་བཞུགས། ། ཕྱོགས་དེར་སྲིན་པོ་ཁྲོས་འདྲའི་བྲག་གི་རིར། ། ཟངས་མཁར་འཇིགས་པའི་བཀོད་པ་སྣ་ཚོགས་པར། ། དྲེགས་པ་ལྕམ་དྲལ་གྲི་ཐོགས་བཤན་པའི་ཚོགས། ། ལེགས་ཉེས་སྟངས་འཛིན་འཕྲིན་ལས་ཐོགས་མེད་ལྡན། ། མཚོ་བྲག་ནེའུ་གསིང་ནགས་ཚལ་འདྲེས་པ་ལ། ། ལས་བཞིའི་ལྷ་མོ་སྣ་ཚོགས་རྣམ་འགྱུར་ཅན། །ཀླུ་བཙན་མ་མོའི་འཁོར་བཅས་དམ་ལྡན་རྣམས། ། སྐྱོང་ཞིང་འཇིགས་པའི་ཆོ་འཕྲུལ་མ་ངེས་སྟོན། ། གཞན་ཡང་མདུན་ཕྱོགས་རྨུགས་འཛིན་ནག་པོ་དང་། ། སྨན་བཙན་མཆེད་བཞི་ཀླུ་བཙན་འཁོར་ཚོགས་བཅུས། ། སྒྲུབ་ལ་འདོད་དགུའི་ཟས་ནོར་ཆར་འབེབས་ཤིང་། ། རིགས་གསུམ་འཕགས་པའི་བཀའ་བཞིན་ཡུལ་ཕྱོགས་སྐྱོང་། ། ལྷོ་ནུབ་ཤིང་བྲག་འདྲེས་པའི་སྟེང་ཕྱོགས་སུ། ། ཕག་མོ་མཐིང་ནག་སྡེ་བཞིའི་མཁའ་འགྲོས་བསྐོར། ། ཡེ་ཤེས་ལས་དང་དམ་ཚིག་མཁའ་འགྲོའི་ཚོགས། ། ཕྲ་མེན་མ་མོ་འབུམ་སྡེ་སྤྲིན་བཞིན་འཁྲིགས། ། གཞན་ཡང་མགོན་པོ་ནག་པོ་ལྕམ་དྲལ12དང་། ། ཞིང་སྐྱོང13ཤ་ཟ་སྡེ་བརྒྱད་་ཚོགས་རྣམས་ནི། ། ལས་བཞིའི་དབྱིབས་ལྡན་ཕྱོགས་བཞིའི་རི་བྲག་ལ། ། སྣ་ཚོགས་འཕྲིན་ལས་གར་གྱིས་བྲེལ་ཞིང་མཆིས། ། དེ་ལྟར་འཇིག་རྟེན་འདས་དང་མ་འདས་པའི། ། ལྷ་དང་སྲུང་མ་ནམ་མཁའི་སྐར་ཚོགས་བཞིན། ། རང་རང་གཟུགས་དང་རྣམ་འགྱུར་འཕྲིན་ལས་བཅས། ། མ་འདྲེས་དབང་པོའི་གཞུ་བཞིན་སོ་སོར་གསལ། ། རི་བྲག་སྤང་ལྗོངས་བཀོད་མཛེས་ནེའུ་གསིང་དང་། ། ལྷ་ཤིང་ནགས་ཚལ་སྨན་གྱི་མྱུ་གུའི་ཚོགས། ། བསུང་ཞིམ་ངད་ཀྱིས་སིམ་པའི་དཔལ་སྟེར་ཞིང་། ། སྣ་ཚོགས་གཉིས་སྐྱེས་སྙན་པའི་མགྲིན་གླུ་སྒྲོག ། སྲ་མཁྲེགས་བྱ་སྐྱིབས་གྲུབ་པའི་བསྟི་གནས་དང་། ། ས་རྡོ་རྩི་ཤིང་བཅུད་ལེན་རྫས་ཀྱི་རིགས། ། རོ་ནུས་ཐ་དད་སྨན་གྱི་རྒྱུན་བཟང་པོ། ། ཚར་དུ་དངར་བས་ཀུན་དགའི་དུས་སྟོན་འགྱེད། ། མ་འོངས་འབྱུང་འགྱུར་གནས་ཞལ་ཕུག་པ་དང་། ། གདུང་སེལ་སྨན་གྱི་རྫིང་བུ་ཆེ་ཕྲའི་རིགས། ། དུས་དང་སྐལ་བའི་རྟེན་འབྲེལ་ཚོགས་པའི་ཚེ། ། ལས་ཅན་སྐྱེས་བུའི་མཐུ་ལས་ངེས་གསལ་འགྱུར། ། དེ་ལྟའི་ངོ་མཚར་རྒྱན་གྱི་ཕྲེང་བ་འབུམ། ། རྣམ་པར་བཀྲ་བའི་ཞིང་མཆོག་ལྷ་ཡི་བུའི། ། ཡོན་ཏན་བརྗོད་ལ་རྒྱལ་བའི་སྲས་རྣམས་ཀྱང་། ། ངལ་བ་འཛིན་ན་བདག་ལྟས་སྨོས་ཅི་དགོས། ། ཁྱད་པར་རྒྱལ་སྲས་དཔའ་བོའི་ཐུགས་བསྐྱེད་མཐུ། ། སྙིགས་མ་ལྔ་བདོའི་དུས་ཀྱི་ཐ་མ་འདིར། ། ཉམ་ཐག་འགྲོ་བའི་དཔལ་དུ་ཆེར་རྒྱས་པས། ། སྨན་ཆབ་བདུད་རྩིའི་ནུས་པའང་དེ་བཞིན་འཕེལ། ། འབྱུང་ཁམས་འཕེལ་ཟད་འཁྲུག་པའི་གློ་བུར་ནད། ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པ། ། མཐའ་དག་ཞི་ཞིང་བཀྲག་མདངས་དབང་པོ་གསལ། ། ལུས་ཟུངས་གསོ་ཞིང་ཚེ་སྟོབས་གཟི་བརྗིད་རྒྱས། ། རྒྱལ་དང་དེ་སྲས་ཐུགས་བསྐྱེད་སྨོན་ལམ་མཐུ། ། རླན་གཤེར་གཟུགས་སུ་གྲུབ་འདྲའི་རྒྱུན་བཟང་གང་། ། བསྟེན་པས་ལས་ཉོན་སྒྲིབ་པའང་ཟད་བྱེད་ན། ། ནད་རྐྱེན་ཕྲ་མོ་སེལ་ལ་ངོ་མཚར་ཅི། ། དེ་ཕྱིར་རྙེད་དཀའི་རྟེན་བཟང་རིན་ཆེན་འདི། ། ནད་མེད་ཡུན་རིང་འཚོ་བའི་ཐབས་བསྟེན་ནས། ། རྣམ་དཀར་ལས་ལ་སྒོ་གསུམ་རྟག་གཞོལ་བས། ། ཚེ་ལྷག་དོན་དང་ལྡན་པར་བྱ་བའི་རིགས། ། སྐྱེ་འགྲོའི་བདེ་སྐྱིད་ཉི་རྒའི་གྲིབ་སོ་དང་། ། ཐུབ་པའི་བསྟན་པའང་སྣུམ་ཟད་མར་མེ་བཞིན། ། སྙིགས་དུས་མི་ཚེ་དགུན་ཉི་དང་མཚུངས་པས། ། བཏང་སྙོམས་ཕྱི་བཤོལ་ལེ་ལོ་རིང་དུ་སྤོངས། ། ཕྱོགས་བཅུའི་རྒྱལ་བ14ཡོངས་ཀྱི་དགོངས་པའི་མཐིལ། ། མདོ་སྔགས་གཞུང་བརྒྱའི་སྙིང་པོ་བསྡུས་པའི་བཅུད། ། འཁྲུལ་བྲལ་བསྟན་པའི་སྙིང་པོ་འདི་འདྲ་དང་། ། ཡང་ཡང་མཇལ་བའི་སྐལ་བཟང་རྙེད་དཀའ་བས། ། མྱུར་ལམ་མཐོན་པོའི་འུད་ཀྱིས་བྲིད་གྱུར་ཏེ། ། ལྟར་སྣང་ལམ་གྱི་རྗེས་སུ་མི་འབྲང་བར། ། ཅི་ནུས་རྩལ་གྱིས་ཐོས་བསམ་སྒོམ་པ་དང་། ། ནམ་ཡང་མི་འབྲལ་སྨོན་འདུན་ཚུན་ཆད་སྦྱོངས། ། སྐྱེས་མཆོག་དུ་མའི་ཞབས་རྡུལ་ཉེར་བཀོད་པའི། ། རྒྱལ་སྲས་དཔའ་བོའི་ཞིང་ཁམས་གནས་མཆོག་འདིར། ། གཞན་ལས་རྣམ་དཀར་འགྱུར་ཁྱད་ཆེ་བས་ན། ། ཉིན་མཚན་དགེ་ལ་འབུངས་ཤིག་གྲོགས་པོ་དག ། དེ་སྐད་སྨྲས་པའི་དགེ་བས་ཕན་བདེའི་གཞི། ། འཇམ་དབྱངས་བླ་མའི་རིང་ལུགས་དར་ཞིང་རྒྱས། ། བསྟན་འཛིན་སྐྱེས་མཆོག་མཐའ་དག་ཞབས་བརྟན་ཅིང་། ། མཛད་འཕྲིན་ཕྱོགས་ཀྱི་འཁོར་ལོར་ཁྱབ་གྱུར་ཅིག ། མཐའ་དབུས་བརྟན་དང་གཡོ་བ་མ་ལུས་པར། ། སྙིགས་མ་རྣམ་ལྔའི་རྒུད་མུན་ཉེར་སངས་ཏེ། ། འགྲོ་ཀུན་མཆོག་གསུམ་གཙུག་བསྟེན་དགེ་ལ་གཞོལ། ། བདེ་སྐྱིད་སྣང་བ་རྟག་པར་འབར་གྱུར་ཅིག ། རྟེན་འབྱུང་བསླུ་བ་མེད་པའི་མཁའ་དབྱིངས་སུ། ། མཆོག་གསུམ་ཐུགས་རྗེའི་སྤྲིན་ཕུང་འཁྲིགས་པ་ལས། ། དགེ་ལེགས་མི་ཟད་ཆར་གྱི་རྒྱུན་བཟང་པོས། ། སྐྱེ་དགུའི་ཕན་བདེའི་མྱུ་གུ་ཆེར་རྒྱས་ཤོག །

ཅེས་ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་ཕོ་བྲང་བདུད་རྩིའི་སྨན་ཆབ་ཁོལ་བའི་གནས་ཀྱི་བསྟོད་པ་འདི་བཞིན་དགོས་ཞེས་དད་བརྩོན་བློ་དང་ལྡན་པ་དགེ་སློང་དཀོན་མཆོག་བྱམས་པ་ནས་ཡང་ཡང་ནན་ཆེར་བསྐུལ་ཞིང་ཉེ་ཆར་སྒོས་ལྷ་སྡེའི་ཚོ་སྤྱི་ནས་ཀྱང་བསྐུལ་ངོར། དམ་པ་སྔ་མས་མཛད་པ་གཞིར་བཟུང་རང་བློར་གང་ཤར་གྱིས་ཁས་བསྐངས་ཏེ། འཇམ་མགོན་བླ་མའི་ཐུགས་སྲས་རོང་བོ་ལྕེ་ནག་པའི་མཚན་གྱི་བྱིན་གྱིས་རླབས་པའི་བཙུན་གཟུགས་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོས་ཤིང་ལུག་ཐ་སྐར་ཟླ་བའི་གྲལ་ཚེས་བཟང་པོར་གྲུབ་པར་སྦྱར་བ་ཛ་ཡནྟུ། །

2 མཆན་འགྲེལ།

1.སོར་རྟོག་ཡེ་ཤེས། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པའི་དྲི་མ་དག་སྟེ་གནས་གྱུར་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །

2.ཚེ་མཐའ་ཡས་པ། འདིར་སངས་རྒྱས་ཚེ་དཔག་མེད་ལ་གོ། །

3.རྣམ་གསུམ་དབྱེར་མེད། འདིར་ཨོ་རྒྱན་པདྨ་འབྱུང་གནས་དང་། ཇོ་བོ་ཨ་ཏི་ཤ་དང་། རྗེ་ཙོང་ཁ་པ་ཆེན་པོ་རྣམ་གསུམ་ནི་དབྱེར་མ་མཆིས་པ་ཞེ་པ་སྟེ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞལ་ནས། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། ། ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། ། རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། ། སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། ། ཅེས་གསུངས་པ་ལྟར་བོད་ཁ་བ་ཅན་གྱི་ལྗོངས་འདིར་སྤྲུལ་པའི་གར་གྱིས་རོལ་པའི་མཁས་གྲུབ་དམ་པ་རྣམ་གྱིས་ཐུབ་པའི་བསྟན་པ་དར་ཞིང་སྤེལ་བའོ་ཞེས་སོ། །

4.བུདྡྷ་བཛྲའི་ཞབས། སློབ་དཔོན་སངས་རྒྱས་རྡོ་རྗེ་སྟེ། ཧར་སྡོང་གི་བླ་མ་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེ་ནས་སངས་རྒྱས་རྡོ་རྗེ་འབར་བདུན་བྱུང་བ་ལ་དེ་ཉིད་ཐ་མ་ཡིན་ཞེས་མདོ་སྨད་ཆོས་འབྱུང་ལས་གསུངས། རྗེ་འདིའི་རྣམ་ཐར་མ་མཐོང་བས་གཞན་འབྲི་མ་ཕོད་དོ། །

5.འཇིག་རྟེན་འདས་དང་མ་འདས་སྲུང་ཚོགས། འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་བའི་ལྷ་ལྷ་མོ་སྲུང་མའི་ཚོགས་དང་འཇིག་རྟེན་པའི་ལྷ་སྟེ་འགོ་བའི་ལྷ་ལྔ་ལྟ་བུའོ། །

6.ལྔ་བདོའི་འགྲོ། དུས་དང་། སེམས་ཅན། ཚེ། ཉོན་མོངས་པ། ལྟ་བ་རྣམས་ཉམས་པའི་སྙིགས་མ་ལྔ་དར་བའི་དུས་སུ་གནས་པའི་འགྲོ་བ་ཐམས་ཅད།

7.བསྐལ་པ་བཟང་པོའི་སྟོབས་བཅུའི་རྩལ་འཆང་སྟོབས། སྟོབས་བཅུའི་རྩལ་འཆང་ནི་སངས་རྒྱས་སྤྱིའི་མཚན་ཏེ། འདིར་བསྐལ་བཟང་སངས་རྒྱས་སྟོང་ཞེས་པའོ། ། བསྐལ་བཟང་སངས་རྒྱས་སྟོང་ནི་བསྐལ་པ་བཟང་པོའི་དུས་འདིར་བྱོན་དང་འབྱོན་པའི་སངས་རྒྱས་ཏེ་རྣམ་འདྲེན་དང་པོ་འཁོར་བ་འཇིག་ནས་རྣམ་འདྲེན་མོས་པའི་བར་སངས་རྒྱས་སྟོང་ལ་བསྐལ་བཟང་སངས་རྒྱས་སྟོང་ཞེས་བྱའོ། །

8.དགྲ་བཅོམ་གནས་བརྟན་བཅུ་དྲུག སྟོན་པ་ཤཱཀྱ་ཐུབ་པས་བསྟན་པ་གཉེར་དུ་གཏད་པའི་དགྲ་བཅོམ་པ་བཅུ་དྲུག་སྟེ། བཅུ་དྲུག་པོའི་མཚན་ཙམ་ནི་སྡེ་བ་རིན་སྤུངས་པས་མཛད་པའི《ཞུ་འཕྲིན་རིག་པ་འཛིན་པའི་ཕོ་ཉ》ཞེས་པའི་མཆན་རྟགས་ཨང51པར་གཟིགས།

9.ཧ་ལཱ་ཧ་ལ། སྤྱན་རས་གཟིགས་རིགས་ལྔའི་ནང་ཚན་ཞིག

10.བི་ཥ། བཙན་དུག་སྤྱིའི་མིང་།

11.དཔལ་ལྡན་འཁོར་ལོ་སྡོམ་པ། འཁོར་ལོ་བདེ་མཆོག

12.ལྕམ་དྲལ། མིང་སྲིང་། འདིར་ཆོས་སྐྱོང་ལྕམ་དྲལ་ལོ། །

13.ཞིང་སྐྱོང་། ཡུལ་ཁམས་སམ་གནས་རི་སྐྱོང་མཁན་གྱི་སྲུང་མ།

14.ཕྱོགས་བཅུའི་རྒྱལ་བ། ཕྱོགས་བཅུའི་སངས་རྒྱས་ཏེ། ཤར་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་གནས། ལྷོ་ཕྱོགས་ཀྱི་སངས་རྒྱས་མྱ་ངན་མེད་པའི་དཔལ། ནུབ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འོད་འཕྲོ། བྱང་ཕྱོགས་ཀྱི་སངས་རྒྱས་རྒྱལ་བའི་དབང་པོ། བྱང་ཤར་གྱི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་བོ་དམ་པའི་དཔལ། ཤར་ལྷོའི་སངས་རྒྱས་པད་མ་དམ་པའི་དཔལ། ལྷོ་ནུབ་ཀྱི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། ནུབ་བྱང་གི་སངས་རྒྱས་གདུགས་དམ་པ། འོག་ཕྱོགས་ཀྱི་སངས་རྒྱས་པད་མོའི་དཔལ། སྟེང་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ་ལོ། །