བསླབ་བྱ་སྨོན་ཚིག་དང་འབྲེལ་བའི་མགུར་དབྱངས།
དཔལ་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས། ། དོན་གཅིག་བསྡུས་དྲིན་ཅན་བླ་མ་དང་། ། དབྱེར་མེད་པ་རྗེ་བཙུན་བློ་བཟང་གྲགས། ། མགོན་དེ་ཡི་ཞབས་རྡུལ་གཙུག་གིས་མཆོད། ། དུས་ཐོག་མེད་ཞིག་ནས་རང་སེམས་འདི། ། དགྲ་ཉོན་མོངས་གདོན་གྱིས་བསླུས་པའི་མཐུས། ། ལས་སྣ་ཚོགས་རླུང་གིས་རབ་བསྐྱོད་པས། ། གནམ་མཐའ་མེད་སྡུག་བསྔལ་རྒྱ་མཚོར་འཁྱམས། ། དུས་ད་ལྟ་ཆོས་ལྡན་རྟེན་བཟང་ཐོབ། ། ཆོས་འཁྲུལ་ཁྲལ་བསྟན་པའི་སྙིང་པོ1དང་། ། དེ་ཚུལ་བཞིན་འདོམས་པའི་བཤེས་དང་མཇལ། ། ཆོས་སྒྲུབ་པའི་གྲོགས་དང་མཐུན་རྐྱེན་འཛོམས། ། དུས་འདི་འདྲར་རང་གི་ལུས་ངག་ཡིད། ། ཉིན་མཚན་དུ་དགེ་ལ་མི་གཞོལ་བར། ། བན་བུན2གྱི་འདི་སྣང་བྱ་བའི་ངང་། ། དོན་མེད་དུ་འདའ་བ་ཀྱེ་མ་བླུན། ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང་། ། སྒོས་འཁོར་བ་སྲིན་མོའི་གྲོང་ཁྱེར་འདིར། ། གནས་ལུས་དང་ལོངས་སྤྱོད་མཛའ་བཤེས་སོགས། ། བློ་ཐུབ་པའི་ངེས་པ་ཅང་མ་མཆིས། ། དུས་སྙིགས་མའི་ཚེ་ཐུང་དགུན་ཉི་འདྲ། ། འར་འུར་གྱིས་གར་སོང་ཆ་མེད་ཐལ། ། གློ་བུར་དུ་སྐྱེས་ཆེན་འདེགས་པའི་ཚེ། ། བློ་བདེ་བའི་གདེངས་ཚད་ཅི་འདུག་སོམས། ། རྗེ་བཀའ་དྲིན་མཉམ་མེད་གང་དེ་ཡིས། ། བཀའ་མདོ་རྒྱུད་དགོངས་འགྲེལ་བཅས་པ་ཀུན། ། དོན་དམ་པའི་མཆོག་ཏུ་ངོ་སྤྲོད་པའི། ། བསྟན་འདི་དང་མཇལ་བ་སྲིད་མཐའ་ཙམ3། ། ཚེ་འདི་ཡི་བྱ་བ་ཅི་བྱས་སླ། ། དུས་གཏན་གྱི་སྐྱིད་སྡུག་འདམ་ག་བྱུང་། ། བདག་སྒོ་གསུམ་སྤྱོད་པ་ཅི་འདྲ་ཞེས། ། རྒུད་རྟོག་དཔྱོད་བྱི་དོར་བྱེད་རེ་རན། ། ཚུལ་དེ་ལྟར་དྲན་ཤེས་བག་ཡོད་ཀྱིས། ། སྡོམ་གསུམ་གྱི་བཅས་མཚམས་གཅེས་པར་སྲུངས། ། རྒྱུད་སྡིག་ལྟུང་དྲི་མ་སྦྱོང་བའི་ཕྱིར། ། སྟོབས་བཞི་ཡི་བཤགས་བསྡམས4འབད་པར་འཚལ། ། ཡོངས་མདོ་རྒྱུད་གཞུང་ལུགས་ཆེན་མོ་ཀུན། ། ལུང་བཤད་ཆོས་ཙམ་དུ་མི་འཛིན་པར། ། བློའུ་ནུས་པ་ཅི་ཡོད་ཐོས་བསམ་གྱིས། ། ལམ་ཉམས་སུ་ལེན་ཚུལ་ཤེས་པར་མཛོད། ། ཟབ་རྒྱས་ཀྱི་གསུང་རབ་དགོངས་དོན་ཀུན། ། ཉམས་ལེན་གྱི་རིམ་པར་དྲིལ་བའི་གཞུང་། ། མེད་མི་རུང་གདམས་ངག་མཐར་ཐུག་དེ། ། ཆོས་བྱང་ཆུབ་ལམ་གྱི་རིམ་པ་ཡིན། ། དཔལ་གསང་ཆེན་རྒྱུད་སྡེའི་སྙིང་པོའི་བཅུད། ། རྗེ་གྲུབ་དབང་ཡོངས་ཀྱི་གཤེགས་ཤུལ་ལམ། ། མཆོག་ཚེ་གཅིག་སྟེར་བའི་ཉེ་ལམ5དེ། ། ལམ་བསྐྱེད་རྫོགས་རིམ་པའི་མན་ངག་ཡིན། ། དོན་དེ་འདྲའི་གནད་དོན་ངེས་བྱས་ནས། ། ངེས་འབྱུང་དང་བྱང་སེམས་ཡང་དག་ལྟ། ། ལམ་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ། ། རྒྱུད་བག་ཆགས་བརྟན་པོ་ཐེབས་པར་མཛོད། ། ལར་གངས་རིའི་ཁྲོད་འདིར་རང་རང་གི། ། ལུགས་གྲུབ་མཐའ་འཆའ་བ་མང་མོད་ཀྱི། ། ཕྱོགས་ལྷུང་གི་རབ་རིབ་དང་བྲལ་བའི། ། བློ་གཟུ་བོའི་མིག་གིས་བརྟགས་པ་ན། ། ལུགས་གཞན་གྱི་ལེགས་ཆ་ཀུན་འདུས་ཤིང་། ། ཆོས་མདོ་སྔགས་ལྟ་སྒོམ་སྤྱོད་པའི་གནད། ། རྗེ་རྒྱལ་བའི་དགོངས་མ་མཐར་ཐུག་དེ། ། ཕ་བླ་མའི་རིང་ལུགས་འདི་ཁོ་ན། ། ཚུལ་འདི་ཡང་རང་ལྟ་མཆོག་འཛིན་པའི6། ། ཕྱོགས་ཞེན་གྱིས་བསྔགས་པ་མ་ལགས་ཏེ། ། བཀའ་དགོངས་འགྲེལ་ཚད་མ་དཔང་བཞག་ནས། ། ལུང་རིགས་ཀྱི་སྲང་ལ་གཞལ་ན་ཤེས། ། དོན་དེས་ན་འཁྲུལ་བྲལ་ལུགས་བཟང་འདིར། ། བློ་ཡིད་གཉིས་མེད་པར་བསྟེན་མཛོད་ལ། ། རང་ཐོས་བསམ་བཤད་སྒྲུབ་ཅི་ནུས་དང་། ། གཞན་ཚུལ་དེར་ཐབས་ཀྱིས་བཀྲི་བར་མཛོད། ། ཚུལ་དེ་འདྲའི་རང་གཞན་དོན་འགྲུབ་པའི། ། རྟེན་འབྲེལ་གྱི་རྩ་བ་བླ་མ་དེ། ། དུས་འབྲལ་མེད་བསྒོམས་ནས་གསོལ་འདེབས་ཤིང་། ། ད་སྲོག་ལ་བབས་ཀྱང་བཀའ་བཞིན་སྒྲུབས། ། ཕ་བཀའ་དྲིན་འཁོར་མེད་བློ་བཟང་གྲགས། ། བུ་སྐལ་དམན་སྙིགས་མའི་མཚོར་བྱིང་བ། ། ཞིང་ཆོས་ཀྱིས་མཐོ་བའི་ཕོ་བྲང་ནས། ། ཐུགས་བརྩེ་བའི་སྤྱན་གྱིས་མི་གཟིགས་སམ། ། རྗེའི་བཞེད་སྲོལ་དྲི་མེད་ལམ་བཟང་པོ། ། སྒྲུབ་འདོད་པའི་རྗེས་འཇུག་བག་ཅག་རྣམས། ། དཔལ་གསང་གསུམ་བྱིན་རླབས7བདུད་རྩི་ཡིས། ། དུས་རྟག་ཏུ་སྐྱོངས་ཤིག་དྲིན་ཅན་རྗེ། ། མགོན་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས། ། རྒྱུད་ལས་ཉོན་སྒྲིབ་པ་ཀུན་བྱང་ནས། ། ལམ་མཐུན་མོང་ཐུན་མོང་མ་ཡིན་པའི། ། ཉམས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། ། འབངས་བདག་གི་ལུས་ངག་ཡིད་གསུམ་གྱིས། ། ལས་བྱ་བ་གང་བརྩམས་དུས་རྟག་ཏུ། ། བསྟན་འགྲོ་བ་ཕོངས་ལ་ཕན་པ་རུ། ། རྒྱུད་བྱིན་གྱིས་རློབས་ཤིག་བླ་མ་ལྷ། ། དུས་མ་འོངས་ཚེ་རབས་ཐམས་ཅད་དུ། ། རྗེ་བླ་མའི་ཞབས་ཀྱི་པདྨོ་དང་། ། སྐད་ཅིག་ཀྱང་མི་འབྲལ་སྒོ་གསུམ་གྱིས། ། ཐུགས་སེམས་པ་འབའ་ཞིག་སྒྲུབ་པར་ཤོག ། ཆོས་འཁྲུལ་བྲལ་བསྟན་པའི་སྙི་པོ་འདི། ། ལུས་སྲོག་ལ་མི་ལྟ་ཕྱོགས་ཀུན་ཏུ། ། བཤད་སྒྲུབ་ཀྱིས་འཛིན་ཅིང་སྤེལ་ནུས་པའི། ། མཐུ་སྙིང་སྟོབས་ལྡན་པར་བྱིན་གྱིས་རློབས། ། བློ་གཟུངས་སྤོབས8རྣམ་འབྱེད་ཤེས་རབ་སོགས། ། ས་ལམ་གྱི་ཡོན་ཏན་རྩལ་རྫོགས་ནས། ། མ་འགྲོ་བའི་དོན་ཆེན་སྒྲུབ་པ་ལ། ། བྱམས་འཇམ་དབྱངས་ཀུན་བཟང་ལྟ་བུར་ཤོག ། དུས་སྙིགས་མའི་སེམས་ཅན་མ་ལུས་པ། ། སྐྱབས་མཆོག་གསུམ་གཙུག་གི་རྒྱན་དུ་འཛིན། ། ལས་རྣམ་དཀར་ཕྱོགས་ལ་སེམས་མཐུན་པས། ། འཕྲལ་ཡུན་གྱི་ལེགས་ཚོགས་གོང་འཕེལ་ཤོག ། མགོན་བསྟན་འཛིན་མཐའ་དག་ཞབས་པད་བརྟན། ། གྲོགས་རིག་གྲོལ་སྨྲ་བས་ས་སྟེང་ཁྱབ། ། ཆོས་བཤད་སྒྲུབ་བསྟན་པའི་ཉི་མ་ཤར། ། ཡོངས་འཇིག་རྟེན་ཤིས་པས་ཁྱབ་གྱུར་ཅིག །
ཅེས་ཡིད་ལ་བསམ་པའི་དོན་ཚིག་གི་ལམ་དུ་མཚོན་པའི་བསླབ་བྱ་སྨོན་ཚིག་དང་འབྲེལ་བའི་མགུར་དབྱངས་འདི་ནི། གུས་སློབ་ཆོས་བཞིན་སྤྱོད་པའི་གནས་བརྟན་བློ་བཟང་དགེ་འདུན་ནས་བསྐུལ་ངོར། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི། བཙུན་གཟུགས་བློ་བཟང་འཕྲིན་ལས་ཀྱིས་དབེན་པའི་ནགས་ཁྲོད་བདེ་ཆེན་དགའ་ཚལ་དུ་བྲིས་པ་ཛ་ཡནྟུ། །
1.བསྟན་པའི་སྙིང་པོ། དབུ་མའི་ལྟ་བའམ་དབུ་མའི་གཞུང་།
2.བན་བུན། ཟར་ཟིར་དང་ཤག་ཤིག་སོགས་འདི་ཡིན་འདི་མིན་ངེས་བཟུང་མེད་པའི་ཚུལ།
3.སྲིད་མཐའ་ཙམ། སྲིད་མཐའ་མ་བཀག་ཙམ་སྟེ་ཤིན་ཏུ་འབྱུང་དཀའ་བའི་དོན།
4.སྟོབས་བཞིའི་བཤགས་བསྡམས། སྡིག་པ་བཤགས་པའི་སྟོབས་བཞི་སྟེ། རྟེན་གྱི་སྟོབས་དང་། སུན་འབྱིན་པའི་སྟོབས། སོར་ཆུད་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་བཞིའི་བསྡམས་པ།
5.ཉེ་ལམ། རྡོ་རྗེ་ཐེག་པའི་ལམ་སྟེ་ཚེ་གཅིག་ལུས་གཅིག་ལ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གྱུར་པའི་ཉེ་ལམ།
6.རང་ལྟ་མཆོག་འཛིན་པ། ལྟ་བ་མཆོག་འཛིན་ཏེ། ཤེས་རབ་ཉོན་མོངས་ཅན་གྱི་ལྟ་བ་ལྔའི་ཡ་གྱལ། ལྟ་ངན་དང་། དེ་གང་ལས་འབྱུང་བའི་ཕུང་པོ་སོགས་ལ་དམིགས་ནས་རྣམ་པ་མཆོག་ཏུ་འཛིན་ཅིང་བྱེད་ལས་ལྟ་ངན་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ཤེས་རབ་ཉོན་མོངས་ཅན་ནོ། །
7.གསང་གསུམ་བྱིན་རླབས། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསང་བ་གསུམ་གྱིས་བྱིན་གྱིས་བརླབས་པ།
8.གཟུངས་སྤོབས། སྔར་ཐོས་པའི་ཚིག་དོན་མི་བརྗེད་པར་འཛིན་པ་ནི་གཟུངས་དང་། ཆོས་ཀྱི་ཚིག་དོན་བཤད་པ་ལ་ཐོགས་པ་མེད་པ་ནི་སྤོབས་པའོ། །