འཇམ་དབྱངས་བླ་མ་དཀོན་མཆོག་རྒྱལ་མཚན་པ་ནི་རྗེ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་ཏེ། རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ(སྤྱི་ལོ1764)ལོར་བསམ་གཞུང་དུ་འཁྲུངས། དགུང་ལོ་དྲུག་པར་རབ་ཏུ་བྱུང་། ཆུ་ཡོས་ལོར་ཀུན་མཁྱེན་འཇིགས་མེད་དབང་པོ་མཆོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཞེ་གཅིག་པ་ཤིང་བྱི་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་བཀོད་ཅིང་དུས་མཚུངས་སུ་ཤིས་ཚང་དགོན་བདེ་ཆེན་གླིང་དང་། རུ་སྟོད་མའི་དགོན་བསྟན་འཕེལ་གླིང་ཡང་འཛིན་སྐྱོང་མཛད། རབ་བྱུང་བཅུ་བཞི་བའི་ས་སྦྲུལ་ལོར་དགོན་གསར་རབ་རྒྱས་གླིང་གི་ཁྲིར་ཡང་བསྐྱར་བཞུགས། སྔ་ཕྱིར་ལོ་ངོ་བཅུ་ལྷག་བསྐྱངས་ཤིང་། ཕྱིས་སུ་ཨ་མཆོག་དགོན་པའི་ཁྲིར་ལོ་དགུ་དང་། བསྟན་འཕེལ་གླིང་གི་ཁྲི་ཁུར་ལོ་ཉེར་ལྔའི་བར་བཞེས་ཏེ་སོ་སོར་མདོ་སྔགས་ཀྱི་འཆད་ཉན། འགྲིག་ལམ་དག་ཐེར་དང་བཅོས་སྒྱུར་ཡང་ཡང་མཛད་པས་བཤད་སྒྲུབ་ཀྱི་བསྟན་པ་ལ་བཀའ་དྲིན་མཆོག་ཏུ་ཆེ། དགུང་ལོ་དགུ་བཅུ་བ་ཆུ་གླང(སྤྱི་ལོ1853)ལོར་སྐུ་གཤེགས།