མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་མཁས་པའི་མགྲིན་རྒྱན།སྔ་མའི་པར་གཞི་དེ ཚེ་རིང་འབུམ།  ནས 2019-01-18 10:56ལ་འགྲུབ།

མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་མཁས་པའི་མགྲིན་རྒྱན།

མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་མཁས་པའི་མགྲིན་རྒྱན་ཞེས་པའི་ཚིགས་སུ་བཅད་པ་འདི་ནི། འཇམ་མགོན་བླ་མ་ཡབ་སྲས་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོས་མཛད་དོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཀིརྟི་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ།
1 ​མ་ཡིག

མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ་མཁས་པའི་མགྲིན་རྒྱན།

དཔལ་ལྡན་ལེགས་པར་བཤད་པའི་སྒྲ་དབྱངས་ཀྱིས། ། ས་གསུམ་ཕས་རྒོལ་གླང་བོའི་ཀླད་འགེམས་པ། ། སྨྲ་བའི་སེངྒེ་མཁས་གྲུབ་ཆོས་ཀྱི་རྗེའི1། ། ཞབས་པད་སྐྱེ་དགུའི་གཙུག་ན་མཛེས་གྱུར་ཅིག ། གངས་ཅན་མཁས་པ་མ་ལུས་པའི། ། གཙུག་ཏོར་ནོར་བུའི་ཁྲི་འཕང་རྩེར། ། ཞབས་སྐྱེས་རྡུལ་ཕྲེང་ངལ་གསོ་བ། ། མཚུངས་མེད་ཆོས་ཀྱི་རྒྱལ་པོ་ཁྱོད། ། སྲིད་པའི་འབྲོག་དགོན་ཉམ་ང་བར། ། དབང་མེད་འཁྱམས་པའི་འགྲོ་བ་འདིའི། ། རྨོངས་པའི་དབུལ་བ་སེལ་བ་ཡི། ། ཐབས་ཚུལ་འབའ་ཞིག་རིང་ནས་དགོངས། ། གཏིང་མཐའ་ཚད་མས་དཔག་དཀའ་ཞིང་། ། ཕྲ་ཞིང་རྟོག་གེའི་དབུ་ཕྲེང་འཁྲིགས། ། སྣ་ཚོགས་དམ་པའི་རླབས་གཡོ་བའི། ། རང་གཞན་གྲུབ་མཐའི་རྒྱ་མཚོ་ཆེར། ། བཤེས་གཉེན་དེད་དཔོན་གཙུག་གིས་བསྟེན། ། ཐོས་བསམ་གསེར་གྱི་གྲུ་བོ་ཆེ། ། བརྩོན་པའི་བ་དན་སྟོང་འཕྱར་བ། ། ལྷག་བསམ་མཐུན་པའི་རླུང་ཤུགས་ཀྱིས། ། བསྐྱོད་པས་ཐུབ་བསྟན་རིན་ཆེན་གླིང་། ། ཟབ་རྒྱས་གདམས་ངག་ནོར་བུའི་མཛོད། ། བྱེ་བ་ཕྲག་བརྒྱར་དབང་སྒྱུར་པའི། ། མཁས་མཆོག་དམ་པའི་རྒྱལ་ཐབས་བཟུང་། ། གཞུང་ལུགས་ཆུ་གཏེར་འཇིངས་ལ་གནས། ། རིགས་ལམ་སྣང་བྱེད་ཟུང2གིས་མཛེས། ། འཛམ་གླིང་སྨྲ་མཁས་རི་ཡི་ཕྲེང་། ། ཟིལ་གྱིས་གནོན་པའི་གཟི་བྱིན་འབར། ། བློ་ཆུང་སྙིང་ལ་འཇིགས་སྟེར་བའི། ། རྒོལ་བའི་དཀྱིལ་འཁོར་མདུན་ས་རུ། ། སྒྲུབ་དང་སུན་འབྱིན་ལུང་རིགས་ཕྲེང་། ། འཇིགས་མེད་ང་རོ་བསྒྲགས་པ་ན། ། ཕས་ཀྱི་རྒོལ་བ་མ་ལུས་པ། ། འཇིགས་ཤིང་ཞུམ་པའི་སྙིང་རྩ་དང་། ། ལྷན་ཅིག་འཇིག་རྟེན་མཐའ་དག་གི། ། མ་རིག་འཁྲུལ་འཁོར་ཤིག་ཤིག་འདར། ། རིགས་ཚུལ་གད་རྒྱངས་རེ་རེས་ཀྱང་། ། སྨྲ་ངན་གཉིས་འཐུང་འབུམ་སྡེ་ཡི། ། དམ་བཅའི་མྱོས་བུམ་དྲལ་མཛད་པའི། ། གྲགས་པ་ཕྱོགས་ཀྱི་འཁོར་ལོར་ཁྱབ། ། ཟབ་ཅིང་རྒྱ་ཆེའི་བཅུད་རྫོགས་པའི། ། ལེགས་པར་བཤད་པའི་པད་ཚལ་དུ། ། བློ་གསལ་རྐང་དྲུག་བྱེ་བའི་ཚོགས། ། ལུང་རིགས་འཕུར་ལྡིང་གར་གྱིས་རྩེན། ། ཤེས་བྱའི་མཁའ་ལ་ཐོགས་མེད་ཅིང་། ། རྣམ་པར་དཔྱོད་པའི་དཀྱིལ་འཁོར་རྒྱས། ། ལེགས་བཤད་འོད་བརྒྱའི་ཁོར་ཡུག་ཅན། ། མཚུངས་མེད་ཉི་མ་ཁྱོད་ཤར་ཚེ། ། ཐུབ་པའི་རིང་ཐུགས་འདབ་བརྒྱ་བ། ། བཤད་སྒྲུབ་གེ་སར་ཁོང་ནས་འཛུམ། ། ལོག་པར་སྨྲ་བའི་ཀུ་མུད་ཚོགས། ། སྨྲ་སྒོའི་འདབ་ཕྲེང་དབང་མེད་ཟུམ། ། ཡབ་གཅིག་ཆོས་ཀྱི་རྒྱལ་པོ་ཡི། ། གསུང་སྐྱེས3སྐར་ཚོགས་ཕྲེང་བའི་དབུས། ། ཁྱོད་ཉིད་ཁོ་ན་ཐུགས་ཀྱི་སྲས། ། སྨྲ་བའི་ཟླ་བ་གཅིག་པུར་དགོངས། ། མདོ་དང་རྒྱུད་སྡེའི་བཅུད་ཕྱུང་བའི། ། གདམས་པའི་ཡང་སྙིང་གཅེས་ནོར་ཀུན། ། ཕ་ནོར་བུ་ལ་འབོགས་པ་བཞིན། ། མཁས་པའི་གཙུག་རྒྱན་ཁྱོད་ལ་གཏད། ། ཐུབ་གསུང་ཆུ་གཏེར་བསྲུབས་པ་ལས། ། ལེགས་ཐོན་སྲིད་དང་ཞི་བ་ཡི། ། རྒྱུད་པའི་དབུལ་བ་སེལ་བའི་གཉེན། ། བློ་བཟང་རིང་ལུགས་དབང་གི་རྒྱལ། ། ལུང་རིགས་བྱི་དོར་བརྒྱ་ཕྲག་གིས། །ངན་རྟོག་དྲི་མ་རྒྱང་བསྲིངས་ཏེ། ། བཤད་སྒྲུབ་རྒྱལ་མཚན་རྩེར་བཀོད་ནས། ། འགྲོ་ལ་དོན་གཉིས་དགའ་ཆར་འབེབས། ། བག་ཡོད་དྲན་ཤེས་མ་ལ་ཡར། ། དྲི་མེད་སྡོམ་གསུམ་ཙནྡན་ལྗོན། ། ཚུལ་འཆལ་ཚ་གདུང་འཕྲོག་བྱེད་པའི། ། ཚངས་སྤྱོད་དཔལ་གྱི་དྲི་བསུང་འཐུལ། ། འཆི་བ་མེད་པའི4ཕུན་ཚོགས་ཀྱང་། ། དམྱལ་མེ་འཁྲུགས་པའི་ཚལ་ལྟར་དུ། ། གཟིགས་པའི་ངེས་འབྱུང་ལྕགས་ཀྱུ་ཡིས། །གང་གི་ཐུགས་ནི་ཡོངས་སུ་བཟུང་། ། དེ་ལྟ་ནའང་སྲིད་པའི་མཚོར། ། འཁྱམས་པའི་སྐྱེ་བོ་མགོན་མེད་རྣམས། ། མ་ལུས་ཐར་པའི་གླིང་མཆོག་ཏུ། ། འཁྲིད་པའི་ཐབས་ལ་གཅིག་ཏུ་གཞོལ། ། ལྷག་བསམ་ལུས་སྟོབས་རྩལ་རྫོགས་པའི། ། བྱང་ཆུབ་ཐུགས5ཀྱི་གླང་བོ་ཆེས། ། རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཁུར། ། ཞུམ་པ་མེད་པར་བདག་གིས་བཞེས། ། འཕགས་པའི་དགོངས་ཟབ6ལྷུན་པོའི་རྩེར། ། ཕྲ་ཞིབ་བློ་གྲོས་སྤྱན་སྟོང་གཡོ། ། རྟེན་འབྱུང་རིགས་པའི7རྩེ་བརྒྱ8ཡིས། ། དངོས་འཛིན9རི་བོའི་བགྲོད་པ་བཅོམ། ། བློས་བྱས་ལྟ་ངན་སྦྱིན་སྐྱེས10དཔུང་། ། མིང་གི་ལྷག་མར་བཅོམ་བྱས་ཏེ། ། རྟག་ཆད11གཡུལ་ངོ་ལས་རྒྱལ་བའི། ། མཐའ་བྲལ12ཆོས་ཀྱི་རྒྱལ་མཚན་བསྒྲེངས། ། ཐེག་མཆོག་བཤེས་གཉེན་གངས་རི་ལས། ། ལེགས་འོང་གསང་ཆེན་རྒྱུད་སྡེ་བཞི13། ། གདམས་པའི་ཀླུང་བརྒྱ་ཉིན་བཞིན་དུ། ། ཐུགས་ཀྱི་རྒྱ་མཚོར་ཆད་མེད་འབབ། ། རིམ་གཉིས14རིན་ཆེན་བྱེ་བས་གཏམས། ། རིག་འཛིན15ཀླུ་དབང་ཚོགས་ཀྱིས་བསྟེན། ། དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་རླབས། ། གདུལ་བྱའི་ཁམས་བཞིན་ཅིར་ཡར་འགྱེད། ། མདོར་ན་ཡོངས་རྫོགས་བསྟན་པའི་གནད། ། ཇི་བཞིན་གཟིགས་ནས་ལེགས་གསུངས་པས། ། ཐར་འདོད་ཡོངས་ཀྱི་ས་མཁན16མཛད། ། ཚད་མའི་སྐྱེས་མཆོག་ཁྱོད་ལ་འདུད། ། དེ་ལྟར་སྨྲ་བའི་དབང་ཕྱུག་ཆོས་ཀྱི་རྗེའི། ། ཡོན་ཏན་ཆ་ཤས་རིན་ཆེན་སིལ་མའི་ཚོགས། ། སྡེབ་ལེགས་ཚིག་གི་སྲད་བུར་བསྟར་བ་ཡི། ། བློ་གསལ་མགྲིན་པའི་རྒྱན་གཅིག་བདག་གིས་སྤེལ། ། དགེ་འདིས་བདག་སོགས་སྐྱེ་ཞིང་སྐྱེ་བ་རུ། ། ཐེག་མཆོག་དམ་པའི་བཤེས་དང་མི་འབྲལ་ཞིང་། ། ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་ཀུན་བཟུང་ནས། ། མཁའ་མཉམ་འགྲོ་ལ་ཕན་པ་བགྱིད་པར་ཤོག །  སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། ། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། ། ས་དང་ལམ་གྱི་ཡོན་ཏན17རབ་རྫོགས་ནས། ། རྡོ་རྗེ་འཆང་གི་གོ་འཕང18མྱུར་ཐོབ་ཤོག ། སྐུ་ནི་བག་ཡོད་ཚངས་སྤྱོད་ཁྲིམས་ཀྱིས་དུལ། ། མགྲིན་པ་ལེགས་བཤད་འཛད་མེད་ཆོས་ཀྱི་གཏེར། ། ཐུགས་ནི་དྲི་བྲལ་མཁྱེན་པའི་རང་བཞིན་ཅན། ། མཁས་གྲུབ་ཆོས་ཀྱི་རྒྱལ་པོའི་བཀྲ་ཤིས་ཤོག །

ཅེས་མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི། འཇམ་མགོན་བླ་མ་ཡབ་སྲས་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཙུན་གཟུགས་སྐུ་སྐྱེའི་མིང་ཅན་བློ་བཟང་འཕྲིན་ལས་ཀྱིས་སུག་བྲིས་སུ་བགྱིས་པ་ཛ་ཡནྟུ། །

2 མཆན་འགྲེལ།

1.མཁས་གྲུབ་ཆོས་ཀྱི་རྗེ། མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ། རྗེ་ཙོང་ཁ་པའི་ཞལ་སློབ། དགའ་ལྡན་ཁྲི་རབས་གསུམ་པ་དང་པཎ་ཆེན་ཨེར་ཏི་ནིའི་སྐུ་ཕྲེང་དང་པོ་ཡིན། རྗེ་འདིའི་ལོ་རྒྱུས་མདོར་བསྡུས་རྩོམ་པ་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ངོ་སྤྲོད་བྱེད་པ་ལ་གཟིགས།

2.རིགས་ལམ་སྣང་བྱེད་ཟུང་། དབུ་ཚད་ཀྱི་རིགས་ལམ་སྣང་བྱེད་ཉི་ཟླ་ཟུང་གི་གཟུགས་སུ་བཀོད་པ།

3.གསུང་སྐྱེས། ཉས་ཐོས་དང་། གསུང་ལས་སྐྱེས་པའི་སློབ་མ་སྟེ་དོན་གཉིས་ལ་འཇུག འདིར་སློབ་མའི་དོན་ནོ། །

4.འཆི་བ་མེད་པ། ལྷ་སྤྱིའི་མིང་།

5.བྱང་ཆུབ་ཐུགས། བྱང་ཆུབ་ཀྱི་སེམས་ཏེ། དམིགས་པ་གཞན་དོན་ལ་དམིགས་ནས་རྣམ་པ་རྫོགས་བྱང་ཐོབ་འདོད་ཀྱི་འདུན་པ་ལས་བྱུང་ཞིང་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་གྱུར་པའི་ཡིད་ཀྱི་རྣམ་པར་རིག་ཁྱད་པར་ཅན།

6.འཕགས་པའི་དགོངས་ཟབ། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཟབ་མོ་དབུ་མའི་ལྟ་བ།

7.རྟེན་འབྱུང་རིགས་པ། རྟེན་ཅིང་འབྲེལ་བར་འབྱུང་བའམ་རྟེན་འབྲེལ་གྱི་རིགས་པ་སྟེ། རྒྱུ་རྐྱེན་དུ་མ་འདུས་པ་ལ་བརྟེན་ནས་འབྲས་བུ་འབྱུང་བའམ། ཕན་ཚུན་ལྟོས་འཇོག་གི་ཚུལ་གྱིས་མེད་ན་མི་འབྱུང་བའི་འབྲེལ་བ། དཔེར་ན། ས་བོན་ལས་མྱུ་གུ་དང་། སྐྱེ་བ་ལས་རྒ་ཤི། ཕ་རི་ལ་ལྟོས་ནས་ཚུ་རི་ལྟ་བུའི་ལྟོས་གྲུབ་ཀྱི་རིགས་པ།

8.རྩེ་བརྒྱ། ལྷའི་དབང་པོ་བརྒྱ་བྱིན་གྱི་ལག་གི་མཚོན་ཆ་རྡོ་རྗེ་རྩེ་བརྒྱ།

9.དངོས་འཛིན། དངོས་པོ་མཚན་མར་འཛིན་པའམ་བདེན་པར་འཛིན་པ།

10.སྦྱིན་སྐྱེས། ལྷ་མ་ཡིན་གྱི་མིང་སྟེ། མ་སྦྱིན་བྱེད་ལས་སྐྱེས་པས་མིང་འདི་ལྟར་བཏགས།

11.རྟག་ཆད། རྟག་ཆད་ཀྱི་ལྟ་བ་གཉིས་ཏེ། བདེན་གྲུབ་ཏུ་འཛིན་པའི་རྟག་ལྟ་དང་། གཏན་མེད་དུ་འདོད་པའི་ཆད་ལྟ་གཉིས།

12.མཐའ་བྲལ། ལྟ་བ་རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་བ།

13.རྒྱུད་སྡེ་བཞི། ཨ་ཁྱུང་ངག་དབང་མཁྱེན་རབ་ཀྱིས་མཛད་པའི《རྗེ་བླ་མའི་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ》ཞེས་པའི་མཆན་རྟགས་ཨང17པར་གཟིགས།

14.རིམ་གཉིས། སྔགས་ལམ་གྱི་རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང་། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའོ། །

15.རིག་འཛིན། ལྷ་སྔགས་བདེ་བ་ཆེན་པོའི་ཡེ་ཤེས་ནི་རིག་པ་ཡིན་ལ། དེ་ཉིད་ཐབས་ཟབ་མོས་འཛིན་པས་རིག་པ་འཛིན་པ་ཞེས་བྱའོ། །

16.ས་མཁན། ལམ་སྟོན་མཁན་དང་། ས་བརྟག་མཁན་གཉིས་ལ་འཇུག འདིར་སྔོན་མའོ། །

17.ས་དང་ལམ་གྱི་ཡོན་ཏན། མདོ་རྒྱུད་གང་རུང་གི་ས་དང་ལམ་གྱི་ཡོན་ཏན་ཏེ་མདོ་རྒྱུད་ཀྱི་ཆོས་ཀྱི་གོ་རྟོགས།

18.རྡོ་རྗེ་འཆང་གི་གོ་འཕང་། སངས་རྒྱས་ཀྱི་གོ་འཕང་དང་དོན་གཅིག་སྟེ། རིགས་ཀུན་གྱི་ཁྱབ་བདག་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ནི། མདོ་ལས་ཤཱཀྱ་ཐུབ་པས་གསང་སྔགས་ཆོས་གསུང་སྐབས་ཀྱི་སྐུའི་རྣམ་པའོ།