རྩེ་གདོང་དགོན།སྔ་མའི་པར་གཞི་དེ བོན་སྐོར་པད་མ་རྒྱལ།  ནས 2019-03-01 10:09ལ་འགྲུབ།

རྩེ་གདོང་དགོན།

རྩེ་གདོང་དགོན།
དགོན་པ་འདིའི་མཚན་རྒྱས་པ་ལ་རྩེ་གདོང་ཆོས་སྡེ་སྲིད་གསུམ་རྣམ་རྒྱལ་གསང་ཆེན་སྨྲ་བའི་གླིང་པོ་ཞེས་ཞུ། ད་ལྟའི་ཨེ་མ་གྲུ་སའམ་རྣམ་གླིང་ཟམ་པ་ནས་སྤྱི་ལེ23ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་ནས་སོང་ན་རྩེ་གདོང་ཞོལ་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། རྩེ་གདོང་ཞེས་པ་ནི་ཐོག་མར་རྣམ་རྒྱལ་རྩེར་ཆགས་པ་དང་། དེ་རྗེས་ད་ལྟའི་དགོན་གནས་དེའི་མདུན་དུ་ཆགས་པས་རྩེ་གདོང་ཞེས་པ་དེ་ལྟར་བྱུང་། དགོན་དེ་ཐོག་མར་འཁོན་རིགས་མི་དབང་ནམ་མཁའ་བཀྲ་ཤིས་ཀྱིས་བོད་རབ་བྱུང་བརྒྱད་པ་སྤྱི་ལོ1489ལོར་ཕྱག་བཏབ་གནང་མཛད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泽东寺
ཕྱག་འདེབས་མཁན།
འཁོན་རིགས་མི་དབང་ནམ་མཁའ་བཀྲ་ཤིས།
བཞེངས་དུས།
སྤྱི་ལོ1489ལོར།
གནས་ཡུལ།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་རྣམ་གླིང་རྫོང་།
རིགས་དབྱེ།
དགོན་པ།
1 ​ངོ་སྤྲོད།

དགོན་པ་འདིའི་མཚན་རྒྱས་པ་ལ་རྩེ་གདོང་ཆོས་སྡེ་སྲིད་གསུམ་རྣམ་རྒྱལ་གསང་ཆེན་སྨྲ་བའི་གླིང་པོ་ཞེས་ཞུ། ད་ལྟའི་ཨེ་མ་གྲུ་སའམ་རྣམ་གླིང་ཟམ་པ་ནས་སྤྱི་ལེ23ཙམ་སྤྱིར་བཏང་འཁོར་ལམ་བརྒྱུད་ནས་སོང་ན་རྩེ་གདོང་ཞོལ་གྲོང་གི་ལྟག་ཏུ་དགོན་དེ་མཇལ་རྒྱུ་ཡོད། རྩེ་གདོང་ཞེས་པ་ནི་ཐོག་མར་རྣམ་རྒྱལ་རྩེར་ཆགས་པ་དང་། དེ་རྗེས་ད་ལྟའི་དགོན་གནས་དེའི་མདུན་དུ་ཆགས་པས་རྩེ་གདོང་ཞེས་པ་དེ་ལྟར་བྱུང་། དགོན་དེ་ཐོག་མར་འཁོན་རིགས་མི་དབང་ནམ་མཁའ་བཀྲ་ཤིས་ཀྱིས་བོད་རབ་བྱུང་བརྒྱད་པ་སྤྱི་ལོ1489ལོར་ཕྱག་བཏབ་གནང་མཛད། གདུང་རྒྱུད22པ་ངག་དབང་ནོར་བུ་རྒྱལ་མཚན་གྱི་དུས་སུ་ཇུན་གར་དམག་གིས་གཏོར་སྐྱོན་ཆེན་པོ་བཏང་། ད་ལྟ་རྒྱ་གར་དུ་སྐུ་འཚོ་བཞུགས་ངག་དབང་ཐེག་ཆེན་བསམ་འཕེལ་དབང་གི་རྒྱལ་པོའི་བར་གདུང་རྒྱུད་མ་ཆད་པར་ཡོད། ངག་དབང་ནོར་བུ་རྒྱལ་མཚན་ཇུན་གར་སྡེ་གཟར་སྐབས་སྐུ་འབུམ་བྱམས་པ་གླིང་བར་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། དེ་ནས་རྒྱལ་ངག་ལྔ་བའི་བཀའ་དགོངས་ལྟར་ཡར་ཕེབས་ཏེ་དགོན་གནས་དེ་ཉིད་བསྐྱར་བཞེངས་གནང་།  གུ་རུ་རིན་པོ་ཆེའང་གནས་དེའི་འཕྲིན་བཅོལ་ལ་ཕེབས་ཏེ་ཡུལ་འདིར་ང་ལས་ལྷག་པའི་སྐྱེས་བུ་དམ་པ་ཞིག་བྱོན་པ་འདུག་ཅེས་པའི་ལུང་བསྟན་གནང་བ་ཞེས་དང་། རྒྱལ་ངག་ལྔ་བའང་གནས་དེར་ཕེབས་པ་ནི་སྔར་རྩེ་གདོང་གཞིས་ཀར་གཟིམ་ཆུང་པོ་ཏ་ལ་ཞེས་པ་ཞིག་ཡོད་པ་དེ་ནི་རྒྱལ་ངག་ལྔ་བ་གནས་དེར་ཕེབས་སྐབས་ཀྱི་གཟིམ་ཆུང་ཡིན་ཞེས་ཟེར། དགོན་དེའི་གཏོང་སྒོ་གཙོ་བོ་གཞིས་ཀ་དེས་གནང་སྟེ་གཞུང་ཁྲལ་ཀྱང་ཆག་ཡང་གནང་ཡོད། སྔོན་ས་སྐྱའི་ཁོངས་ཡིན་ཅིང་གདན་ས་གོང་འོག་ཅེས་ཀྱང་ཞུ་བ་ནི་གདན་ས་གོང་ས་སྐྱ་དང་། གདན་ས་འོག་དགོན་དེ་ཉིད་རྩི་བ་ཡིན། སྔར་འདུ་ཁང་ཀ་བ་བཅུ་དྲུག་གི་གཙང་ཁང་ནང་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་སྐུ་བརྙན་སོགས་རྟེན་དང་བརྟེན་པ་ཇི་སྙེད་བཞུགས། ཡང་སྟེང་དུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་གནང་བའི་དབུ་ཤོག་གསེར་བྲིས་དང་། གཞན་ནག་བྲིས་ཀྱི་བཀའ་འགྱུར། དངུལ་གདུང་ལྷ་ཁང་ནང་དངུལ་གདུང་བཞི། འདུ་ཁང་ཡང་སྟེང་གནས་བཅུ་ལྷ་ཁང་དང་ཚེ་དཔག་ལྷ་ཁང་། གཡག་རྭ་ལྔ་ཞེས་པའི་རྭ་ཅོ་ཡོད། རྭ་ཅོ་དེ་ནི་འཁོན་རིགས་དབང་ནམ་མཁའ་བཀྲ་ཤིས་ཀྱི་སྲས་སངས་རྒྱས་ཚེ་བརྟན་དང་དེའི་སྲས་བདག་ཆེན་ཀུན་དགའ་བསམ་གྲུབ་ཀྱི་བདག་མོར་ཡར་འབྲོག་རྒྱལ་པོའི་སྲས་མོ་བུ་འབྲིང་སྐྱེས་ཞེས་པ་བསུ་སྐབས་ཀྱི་ནོར་སྐལ་དུ་སྲུང་མ་ཨེར་ཀ་ཛྷ་ཏིའི་སྤྲུལ་པ་འབྲི་རྭ་གཅིག་མ་ཞིག་གནང་བ་ལ་དེར་དཔལ་མགོན་ཞལ་གྱི་སྤྲུལ་པ་གཡག་རྭ་ཅན་ཞིག་འཁྲུངས། རྭ་དེ་དག་ཀྱང་ཚོས་གཞི་མི་འདྲ་བ་ཡོད་པ་ནི་དཔལ་མགོན་ཞལ་གྱི་ཞལ་རས་ཀྱི་ཁ་དོག་དང་འདྲ་བ་ཡོད་ཅེས་པའི་རྭ་ཅོ་དང་། དགའ་ལྡན་ལྷ་ཁང་ནང་གི་ལྡེབས་རིས་སུ་མཛད་བརྒྱ་དཔག་བསམ་ཁྲི་ཤིང་། ཇོ་ཁང་ནང་རྟེན་གཙོ་གསེར་ཟངས་ཀྱི་ཇོ་བོ་ཤཱཀྱ་མུ་ནེ་དང་བཀའ་འགྱུར། སྒྲོལ་མ་ལྷ་ཁང་ནང་སྤྱན་རས་གཟིགས་ཁ་སར་པ་ཎི་ཡོད་ཅེས་ཞུ་ཡང་རང་གར་མི་མཇལ་ཞེས་པ་སོགས་རྟེན་དང་བརྟེན་པར་བཅས་པ་བཞུགས། སྔོན་དུས་འགྱུར་གོང་དགེ་འདུན90ཙམ་གྱིས་ས་ལུགས་རྒྱུད་སྡེ་ཁག་ཕྱག་ལེན་མཛད་པ་ཡིན། དགོན་དེར་ལོ་ལྟར་བོད་ཟླ1པོར་བྱ་རྒྱུད་ཀྱི་ཀུན་རིག་སྒྲུབ་མཆོད། བོད་ཟླ2པར་ཕུར་བའི་སྒྲུབ་མཆོད་བསྡུས་པ། བོད་ཟླ6པའི་ཉིན་གསུམ་རིང་སྒྲོལ་མ་གཡུ་མདོས། བོད་ཟླ9པའི་ཚེས11ནས20བར་ཕུར་བའི་སྒྲུབ་མཆོད་དང་འབྲེལ་བའི་གར་འཆམ་ཉིན་གཉིས་བཅས་གནང་སྲོལ་ཡོད་པ་བཅས་སོ། །

2 སྐུ་རྟེན།

ད་ལྟ་སྔོན་གྱི་རྩིག་གདན་སྟེང་བསྐྱར་བཞེངས་གནང་བའི་འདུ་ཁང་གི་གཙང་ཁང་སྦུག་མར་སྔོན་གྱི་ཐུབ་དབང་གི་སྐུ་ཚབ་གསེར་ཟངས་ཀྱི་ཐུབ་དབང་ཐོག་ཚད་མ་གསར་བཞེངས། སྨན་འདམ་གྱི་ས་ཆེན་གོང་མ་རྣམ་ལྔའི་སྐུ་བརྙན། སྔོན་གྱི་གཡག་རྭ། སྔོན་གྱི་མདོ་སྡེ་སྐལ་བཟང་། གཞན་ཡང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།


བརྡ་འགྲེལ་གདོང་འཛར།

དགོན་པ། རྣམ་གླིང་། རྩེ་གདོང་དགོན།