ཙི་ན་བུ་ཏྲའི་ཡུལ།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2018-12-10 16:59ལ་འགྲུབ།

ཙི་ན་བུ་ཏྲའི་ཡུལ།

ཀྱེ་ཀའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཕྱིན་པ་ན་ཙི་ན་བུ་ཏྲ་སྟེ་རྒྱ་ནག་གི་བུའི་ཡུལ་དེའི་མཐའ་སྐོར་ལེ་དབར་ཉིས་སྟོང་ལྷག་པའི་གཞུང་མཁར་ཁོར་ཡུག་ཏུ་ལེ་དབར་བཅུ་བཞི་ལྷག་ཡོད་པ། ས་གཞི་གཤིན་པས་འབྲུ་དང་ཤིང་ཏོག་གི་རིགས་མང་པ། གནམ་གཤིས་བསིལ་བ་དང་དྲོད་གྲང་སྙོམས་པ། མིའི་རང་བཞིན་འཇམ་པ་དང་། ཕྱི་ནང་གི་ཆོས་འདྲེས་མར་གནས་པ། གཙུག་ལག་ཁང་བཅུ་དང་ཕྱི་རོལ་པའི་ལྷ་ཁང་བརྒྱད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
至那仆底国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ​ངོ་སྤྲོད།

ཀྱེ་ཀའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་ལྔ་བརྒྱ་ལྷག་ཕྱིན་པ་ན་ཙི་ན་བུ་ཏྲ་སྟེ་རྒྱ་ནག་གི་བུའི་ཡུལ་དེའི་མཐའ་སྐོར་ལེ་དབར་ཉིས་སྟོང་ལྷག་པའི་གཞུང་མཁར་ཁོར་ཡུག་ཏུ་ལེ་དབར་བཅུ་བཞི་ལྷག་ཡོད་པ། ས་གཞི་གཤིན་པས་འབྲུ་དང་ཤིང་ཏོག་གི་རིགས་ཆེས་མང་པ། གནམ་གཤིས་བསིལ་བ་དང་དྲོད་གྲང་སྙོམས་པ། མིའི་རང་བཞིན་འཇམ་པ་དང་། ཕྱི་ནང་གི་ཆོས་འདྲེས་མར་གནས་པ། གཙུག་ལག་ཁང་བཅུ་དང་ཕྱི་རོལ་པའི་ལྷ་ཁང་བརྒྱད་ཡོད།

2 མིང་གི་འབྱུང་ཁུངས།

དེ་སྔོན་རྒྱལ་པོ་ཀ་ནིཥྐས་ཡུལ་ཕལ་ཆེར་ལ་དབང་བསྒྱུར་པའི་དུས་རྒྱ་ནག་རྒྱལ་པོ་གཅིག་གི་བུ་གཏའ་མར་བརྫངས་པ་ཀ་ནིཥྐས་བདག་རྐྱེན་ཚད་མེད་པ་བྱས་ཤིང་། དུས་བཞི་དང་བསྟུན་པའི་གནས་གཞི་སོ་སོར་སྡོད་དུ་འཇུག་པའི་ནང་གི་དགུན་གྱི་སྡོད་གནས་ཡིན་ནོ།། རྒྱ་གར་དུ་ཁམ་བུ་དང་ཅུ་ལི་མེད་པས་དེ་གཉིས་ཀྱི་ས་བོན་རྒྱ་ནག་ནས་ཁྱེར་ཏེ་བཏབ་པས་འབྲས་བུ་མང་པོ་བྱུང་བ་དང་ཁམ་བུའི་མིང་ལ་ཙི་ན་མི་སྟེ་རྒྱ་ནག་ནས་བྱུང་བ་ཡིན་ཟེར། ཅུ་ལི་ལ་ཙི་ན་རཱ་ཛཱ་བུ་ཏྲ་སྟེ་རྒྱ་ནག་རྒྱལ་པོའི་བུ་ཞེས་འབོད་པའོ།། དེ་རྐྱེན་གྱིས་ཡུལ་དེའི་མི་རྣམས་ཀྱི་རྒྱ་ནག་གི་མི་ལ་ཤིན་ཏུ་མཛའ་ཞིང་ཕྲད་ཚེ་ཕན་ཚུན་ལག་པ་ནས་འཛིན་པ། ངེད་ཚོའི་ཡུལ་རྙིང་གི་མི་ཞེས་ཟེར་རོ།།

3 གཙུག་ལག་ཁང་གི་རྗེས་ཤུལ།

གྲོང་ཁྱེར་དེའི་ཤར་ལྷོའི་མཚམས་ན་རྒྱང་གྲགས་ལྔ་བརྒྱ་ཙམ་གྱི་སར་ངྷ་མཱ་སུ་བ་ན་སྟེ་མེ་བཏང་བའི་ནགས་ཞེས་བྱ་བའི་གཙུག་ལག་ཁང་ཞིག་ཡོད་ལ། དེར་དགེ་འདུན་སུམ་བརྒྱ་ལྷག་གནས་པ་སྤྱོད་ལམ་ཤིན་ཏུ་གཙང་བ་དང་། བསྐལ་པ་བཟང་པོའི་སངས་རྒྱས་ཀུན་གྱིས་གནས་འདིར་ཟབ་མོའི་ཚུལ་གྱིས་ཆོས་རྣམས་གསུངས་བ་ཡིན། བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཙམ་ན། འདིར་སློབ་དཔོན་ཀ་ཏྱའི་བུ་ཞེས་བྱ་བས་གནས་འདིར་བསྟན་བཅོས་ཤེས་རབ་བསྐྱེད་པ་ཞེས་བྱ་བ་མཛད་ཟེར་རོ།། དགོན་པའི་ལོགས་སུ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་དཔངས་སུ་ཁྲུ་ཉིས་བརྒྱ་ལྷག་པ་ཞིག་ཡོད། དེའི་ལོགས་ན་འདས་པའི་སངས་རྒྱས་བཞིའི་བཞུགས་ཁྲི་དང་མཆོད་རྟེན་ཆུང་ཆུང་ཞིག རྡོ་ཁང་ཆུང་ཆུང་ཞིག་བཅས་མང་པོ་ཡོད་པ་ནི་བསྐལ་པ་དང་པོ་ནས་རིམ་པར་གཤེགས་བཞུགས་མཛད་པའི་སངས་རྒྱས་དང་རང་རྒྱལ་འཕགས་པ་རྣམས་ཀྱི་བཞུགས་ཤུལ་ཏེ། ད་དུང་ཡང་ཚེམས་དང་སྐུ་གདུང་གི་ཚལ་བུ་འགའ་ཡང་ཡོད། དེའི་རི་བོའི་ཁོར་ཡུག་ཏུ་རྒྱང་གྲགས་ཉི་ཤུ་ལྷག་ཙམ་གྱི་ཁོངས་སུ་གཙུག་ལག་ཁང་དང་མཆོད་རྟེན་ཆུང་ཆུང་མང་པོ་ཕན་ཚུན་གཅིག་ལ་གཅིག་འབྲེལ་དུ་ཡོད།