སྐྱེས་རབས་བརྒྱ་བ་ལས་དེད་དཔོན་བརྩོན་འགྲུས་ཆེན་པོའི་སྐྱེས་པའི་རབས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 16:19ལ་འགྲུབ།

སྐྱེས་རབས་བརྒྱ་བ་ལས་དེད་དཔོན་བརྩོན་འགྲུས་ཆེན་པོའི་སྐྱེས་པའི་རབས།

ཀརྨ་རང་བྱུང་རྡོ་རྗེ་ལགས་ཀྱིས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གིས་དེད་དཔོན་བརྩོན་འགྲུས་ཆེན་པོའི་སྐྱེ་བ་བཟུང་བ། དེའི་ཚེ་ཆར་རླུང་དྲག་པོས་གྲུ་ཞིག་ནས་རྒྱ་མཚོའི་དབུས་སུ་ཉམ་ཉེས་པར་གྱུར་པའི་ཚོང་བ་དག་དེ་ལས་ཐར་བར་བྱ་ཕྱིར། རང་ཉིད་ཀྱི་བདེ་བ་ཁྱད་དུ་བསད་ནས་བརྩོན་འགྲུས་ཀྱི་སྤྱོད་པ་རླབས་པོ་ཆེ་ཇི་ལྟར་མཛད་ཚུལ་བསྟན་ཡོད།
གཞི་རྩའི་གནས་ཚུལ།

མཛད་པ་པོ།
ཀརྨ་རང་བྱུང་རྡོ་རྗེ།
ཡབ།
ཆོས་དཔལ།
འཁྲུངས་ཡུལ།
གཙང་སྟོད་སྐྱིད་གྲོང་།
ཡུམ།
ཇོ་མོ་གཡང་འདྲེན།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1284-1339)ལོར།
1 ​མཛད་པ་པོ།

ཀརྨ་རང་བྱུང་རྡོ་རྗེ་ནི་གཙང་སྟོད་སྐྱིད་གྲོང་འཕགས་པ་ཝ་ལྷ་ཁང་གི་ལྷོ་ཕྱོགས་གངས་ཞུར་མོ་ཞེས་པར་ཡབ་ཆོས་དཔལ་དང་། ཡུམ་ཇོ་མོ་གཡང་འདྲེན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་བའི་ཤིང་སྤྲེལ(སྤྱི་ལོ1284)ལོར་སྐུ་འཁྲུངས། སློབ་དཔོན་ཤེས་རབ་དཔལ་སོགས་ལས་བཀའ་བསྟན་གསན་པར་མཛད། ཧོར་རྒྱལ་བོའི་གདན་འདྲེན་བྱས་པ་ལྟར་རྒྱ་ནག་ཏུ་ཕེབས་ཏེ་རྒྱལ་བོ་དང་བཙུན་མོ་བློན་པོ་སོགས་ལ་དབང་བསྐུར་ཆོས་བཤད་གནང་། བོད་དུ་ཕེབས་ནས་གསེར་དངུལ་གྱིས་བསྟན་འགྱུར་པོ་ཏི་བརྒྱ་དང་དྲུག་ཅུ་བཞེངས། དགུང་གྲངས་ང་དྲུག་ཏུ་ཕེབས་པ་ས་ཡོས(སྤྱི་ལོ1339)ལོར་ཞི་བར་གཤེགས།

2 འཁོར་བུ་སློབ་བསྐྱངས་པའི་ཚུལ།

ཞྭ་དམར་གྲགས་པ་སེང་གེ་དང་ཀུན་མཁྱེན་དོལ་བོ་བ་སོགས་བུ་སློབ་མང་དུ་བྱོན།

3 གསུང་རྩོམ།

གསུང་རབ་ལ་སྟོན་པའི་སྐྱེས་རབས་སོགས་བཞུགས།

4 བརྗོད་དོན་མདོར་བསྡུས།

སྐྱེས་རབས་བརྒྱ་བ་ཞེས་བྱ་བ་འདི་ནི། དེའི་མཚན་བྱང་ལས། སྟོན་པ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཕྲེང་། ། བཅུ་ཕྲག་གསུམ་དང་བཞི་ནི་དཔའ་བོའི་སྟེ། ། ཕྱི་ནས་རང་བྱུང་རྡོ་རྗེ་བདུན་ལྷག་པའི། ། དྲུག་ཅུས་བརྒྱ་རྩ་རྫོགས་པར་མཛད། ། ཅེས་གསུངས་པ་ལྟར། སྔར་སློབ་དཔོན་དཔའ་བོས་སྟོན་པའི་སྐྱེས་རབས་སུམ་ཅུ་སོ་བཞི་མཛད་པ་ལ། ཕྱིས་སུ་རྒྱལ་བ་ཀརྨ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེས་མདོ་ལས་བྱུང་བའི་རྒྱལ་བའི་མཛད་པ་རྣམས་གཞི་བྱས་ཏེ། སྐྱེས་རབས་སོ་ལྔ་བ་སེངྒེ་རྒྱལ་བོ་ཡི་དམ་བརྟན་པའི་སྐྱེས་རབས་ནས་སྐྱེས་རབས་བརྒྱ་དང་གཅིག་པ་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པའི་སྐྱེས་པའི་རབས་ཏེ་སྐྱེས་རབས་དྲུག་ཅུ་རེ་བདུན་མཛད་དེ་དེ་དང་མཐུན་པར་བྱས་པ་ཡིན་ནོ། ། འདིར་འཁོད་ཀྱི་བརྩོན་འགྲུས་ཆེན་པོར་སྐྱེས་པའི་རབས་ནི་དེའི་ནང་གསེས་ཀྱི་སྐྱེས་རབས་སོ་དྲུག་པ་ཡིན། འདི་ལས། སྟོན་པ་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། དེད་དཔོན་བརྩོན་འགྲུས་ཆེན་པོའི་སྐྱེ་བ་བཟུང་བ་དེའི་ཚེ་ཆར་རླུང་དྲག་པོས་གྲུ་ཞིག་ནས་རྒྱ་མཚོའི་དབུས་སུ་ཉམ་ཉེས་པར་གྱུར་པའི་ཚོང་བ་དག་དེ་ལས་ཐར་བར་བྱ་ཕྱིར། རང་ཉིད་ཀྱི་བདེ་བ་ཁྱད་དུ་བསད་ནས་བརྩོན་འགྲུས་ཀྱི་སྤྱོད་པ་རླབས་པོ་ཆེ་ཇི་ལྟར་མཛད་ཚུལ་བསྟན་ཡོད།