ཐུབ་མཆོག་བྱིན་རླབས་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་བོ་ལས་གོང་མ་སྲེག་ཏུ་སྐྱེས་པའི་རབས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2018-11-19 17:35ལ་འགྲུབ།

ཐུབ་མཆོག་བྱིན་རླབས་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་བོ་ལས་གོང་མ་སྲེག་ཏུ་སྐྱེས་པའི་རབས།

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གིས་སྟོན་པའི་ཤཱཀྱ་ཐུབ་པའི་དབང་བོའི་སྐྱེས་རབས་མང་བོ་ལས། བྱ་སྲེག་པ་དང་། རི་བོང་། སྤྲེའུ། གླིང་བཅས་ཀྱི་སྐྱེ་བ་བཞེས་པའི་ཚུལ་ལས་དྲངས་ཏེ། རྒན་པ་ལ་སྲི་ཞུ་དང་། བྱིས་པ་ལ་བྱམས་སྐྱོང་གིས་ཕན་ཚུན་ཞི་དལ་བག་ཡོད་ཀྱིས་འདུལ་ཁྲིམས་ལ་གནས་དགོས་པར་གདམས་ཡོད་དོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
ཡབ།
མགོན་པོ་དར་རྒྱས།
འཁྲུངས་ཡུལ།
སྡེ་དགེ།
ཡུམ།
སྲིང་ཆུང་།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1846-1912)ལོར།
1 མཛད་པ་པོ།

འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། ཡབ་མགོན་པོ་དར་རྒྱས་དང་། ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་བའི་མེ་ཕོ་རྟ(སྤྱི་ལོ1846)ལོར་སྡེ་དགེར་སྐུ་འཁྲུངས། འཇམ་དབྱངས་མཁྱེད་བརྩེ་དབང་བོ་དང་དཔལ་སྤྲུལ་འཇིགས་མེད་ཆོས་དབང་སོགས་བཤེས་གཉེན་མང་དུ་བསྟེན་ནས་རིག་པའི་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད། དབུ་གཙང་ཁམས་གསུམ་གྱི་རིས་མེད་མཁས་པ་ཡོངས་ཀྱིས་བསྟོད་ཚིག་མེ་ཏོག་ཕྱོགས་བརྒྱར་གཏོར། མཁས་པའི་གྲགས་པ་མཐའ་དབུས་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ། དགུང་གྲངས་རེ་བདུན་པ་རབ་བྱུང་བཅོ་ལྔ་བའི་ཆུ་བྱ(སྤྱི་ལོ1912)ལོར་འཇུ་རི་ཁྲོད་དུ་གཤེགས།

2 འཁོར་བུ་སློབ་བསྐྱངས་པའི་ཚུལ།

རྡོ་སྤྲུལ་རྡོ་རྗེ་དང་གཏེར་སྟོན་བསོད་རྒྱལ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། རྫོགས་སྤྲུལ་ལྔ་བ། དཔལ་སྤྲུལ་སི་ཏུ་སོགས་མཁས་གྲུབ་དམ་པའི་བུ་སློབ་མང་དུ་བྱོན།

3 གསུང་རྩོམ།

《དབུ་མ་རྒྱན་གྱི་རྣམ་བཤད》དང་།《དུས་འཁོར་འགྲེལ་ཆེན》དང《སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ》 སོགས་གསུང་འབུམ་པོད་སུམ་ཅུ་ལྷག་བཞུགས།

4 བརྗོད་དོན་མདོར་བསྡུས།

སྐྱེས་རབས་འདི་ནི། སྟོན་པ་མཚུངས་པ་མེད་པ་ཐུབ་པའི་དབང་བོ་རྗེས་སུ་དྲན་པའི་རྣལ་འབྱོར་དུ་བྱ་བའི་རིམ་པ་ཐུབ་མཆོག་བྱིན་རླབས་ཉེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་བོ་ཞེས་བྱ་བ་ལས་དྲངས་པ་ཡིན་ནོ། ། དེ་ཡང་སྟོན་མཆོག་དང་ཤཱ་རིའི་བུ། མོའུ་འགལ་གྱི་བུ་ཀུན་དགའ་བོ་རྣམས་སྔོན་གྱི་ཚེ་ན། བྱ་སྲེག་པ་དང་། རི་བོང་། སྤྲེའུ། གླང་ཆེན་རྣམས་ཀྱི་སྐྱེ་བ་བཟུང་བའི་ཚེ། སྐྱེ་ལོ་སྔ་ཕྱིའི་རྒན་རིམ་གྱི་ཚད་ལ་ཀུན་ཏུ་རྟོགས་པར་བྱེད་པའི་ཐབས་ལ་ཤིང་ནྱཀྲོདྷྭའི་ལྗོན་པ་ཆེན་པོ་ཞིག་ཡོད་པ་དེའི་ཚད་ལྟར་འཇལ་བ་ལས་རྒན་གཞོན་གྱི་རིམ་པ་ཁོང་དུ་ཆུད་པས། གཞོན་པས་རྒན་པ་ལ་སྲི་ཞུ་བྱེད་པ་དང་། རྒན་པས་གཞོན་པ་ལ་བྱམས་སྐྱོང་བྱེད་པར་ཐག་བཅད་དེ། གླང་བོ་ཆེས་སྤྲེའུ་ཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་སྲེག་པ་ཁུར་ནས་ཕན་ཚུན་མཛའ་གཅུགས་གསེར་གྱི་ཐག་པ་དམ་པས་སྤྲེལ་ཞིང་ཞི་དུལ་བག་ཡོད་རྣམ་དག་གི་བསླབ་ཁྲིམས་ལ་གནས་པ་དང་། དེའི་མཐུས་དེར་གནས་ཀྱི་བྱ་རི་དྭགས་ཐམས་ཅད་ཀྱང་ཕན་ཚུན་འཚེ་བའི་དུག་སྦྱོར་ཡེ་ནས་མི་བྱེད་པར་དུང་སེམས་འོ་ཆུ་གཅིག་འདྲེས་ཀྱི་ངང་ནས་དགའ་བའི་དཔལ་དམ་པ་ལ་རོལ་བས་དུས་འཁྱོལ་བར་མཛད་ཡོད།

5 སྒྱུ་རྩལ་གྱི་ཁྱད་ཆོས།

འདིའི་རྩོམ་སྟངས་ཀྱི་ཐད་ལ། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་མཛད་པ་བརྗོད་བྱའི་སྲོག་ཡིན་པས་དོན་ཟབ་ཅིང་རྒྱ་ཆེ་བ། ཚིག་གི་སྦྱོར་བ་དག་ཅིང་ཟོར་ཡང་བས་རྗོད་བདེ་ཞིང་འཛིན་སླ་བ། སེམས་འདུལ་བའི་རིམ་པ་གཅོ་བོར་གསུངས་པས་ཡིད་ལ་འབྱོར་ཞིང་རྒྱུད་འཁུལ་བ་སོགས་ཁྱད་ཆོས་དུ་མ་ལྡན་ནོ། །

6 སྐྱེས་རབས་འདི་བརྩམས་པའི་དགོས་པ།

འདིའི་དགོས་པ་ནི། མཉམ་མེད་ཐུབ་པའི་དབང་བོ་དེ་ཉིད་ལ་རྒྱུ་མཚན་ཤེས་པའི་དད་པ་བརྟན་པོ་སྔོན་དུ་བཏང་ནས། སངས་རྒྱས་ཀྱི་སྐུ་ལ་དམིགས་པའི་ཞི་ལྷག་གི་རྣམ་འབྱོར་ལ་བརྩོན་པས་དོན་ཐམས་ཅད་འགྲུབ་པར་འགྱུར་བ་དང་། ཚུལ་འདི་མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ཀྱི་རྒྱུད་ལ་སྟོན་པའི་དབང་བོའི་བྱིན་རླབས་མཚུངས་པ་མེད་པ་མངོན་དུ་འཇུག་པ་ཡིན་ནོ། །